ཕྱི་ལོ་ ༢༠༢༦ ལོའི་ཨ་རིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོའི་ནང་རྒྱ་ནག་གཞུང་གིས་མུ་མཐུད་དུ་བོད་ནང་རྒྱལ་སྤྱིའི་ཁྲིམས་སྒྲིག་དང་འགལ་ནས་ཆོས་དད་ལ་དམ་དྲག་དང་སུན་གཙེར་སྔར་ལས་ལྷག་བྱེད་བཞིན་ཡོད་པའི་སྙན་ཐོ་བཏོན་འདུག

ཟླ་འདིའི་ཕྱི་ཚེས་ ༥ ཉིན་ཨ་རིས་ཕྱི་ལོ་ ༢༠༢༦ ལོའི་རྒྱལ་སྤྱིའི་ཆོས་དད་རང་དབང་(US Commission on International Religious Freedom) དང་འབྲེལ་བའི་ཤོག་ངོས་ ༡༠༠ ཅན་གྱི་ཞིབ་འཇུག་སྙན་ཐོ་ཞིག་བཏོན་པའི་ནང་། རྒྱ་ནག་གཞུང་གིས་བོད་ནང་ཆོས་ལུགས་དད་མོས་རང་དབང་སོགས་ཀྱི་ཐད་ལ་སྔར་ལས་ལྷག་གིས་དམ་དྲག་བྱེད་མུས་ཡིན་པའི་ཁར།རྒྱ་ནག་གི་ཁོངས་སུ་ཡོད་པའི་གྲངས་ཉུང་མི་རིགས་ཁག་གི་ཆོས་རིག་རྩ་མེད་བཟོ་ཐབས་དང་།བོད་ཀྱི་ཆོས་རིག་གཙོས་བོད་མིའི་ངོ་བོ་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པའི་སྐོར་སོགས་གསལ་འདུག
སྙན་ཐོ་དེའི་ནང་། ཕྱི་ལོ་ ༢༠༢༥ ལོར་རྒྱ་ནག་གཞུང་གིས་ཕྱོགས་ཡོངས་ནས་ཆོས་ལུགས་དད་མོས་རང་དབང་གི་ཐད་ལ་དམ་དྲག་དང་བཙན་གནོན་ཤུགས་ཆེན་བྱས་ཡོད་ཅིང་། རྒྱ་ནག་གཞུང་གི་ཁྲིམས་སྒྲིག་དང་། ལྷག་པར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྒྲིག་སོགས་ལས་ཡོངས་སུ་འགལ་ནས་དམ་དྲག་དང་དྲག་གནོན་ཤུགས་ཆེན་བྱས་ཡོད་པ། འདས་ལོའི་ཕྱི་ཟླ་ ༩ ནང་རྒྱ་ནག་གཞུང་གིས་སྤྱི་ཚོགས་དྲ་ལམ་ཁག་ནས་ཆོས་ལུགས་དང་འབྲེལ་བའི་ལས་དོན་མང་དག་ཅིག་ལ་ཚོད་འཛིན་དང་དམ་དྲག་ཤུགས་ཆེན་བྱས་ཏེ་བཀའ་རྒྱ་ཞིག་བསྒྲགས་ནས། རྒྱ་ནག་གཞུང་གི་དམ་དྲག་དང་བཙན་དབང་འོག་ཡོད་པའི་གྲངས་ཉུང་མི་རིགས་ཁག་གི་ལས་དོན་ལ་དམ་དྲག་ཤུགས་ཆེན་བྱས་ཡོད་སྐོར་དང་། ཕྱི་ལོ ༢༠༢༥ ལོར་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་བོད་དང་ཤར་ཏུར་ཀི་སི་ཐན་དུ་ཕྱིན་སྐབས་ཀྱང་ཕྱོགས་ཡོངས་ནས་དམ་དྲག་དང་ཤུལ་མེད་བཟོ་ཐབས་ཀྱི་ལས་དོན་མང་དག་ཅིག་སྤེལ་ཡོད་སྐོར། རྒྱ་ནག་གི་མི་རིགས་རྩ་མེད་གཏོང་བའི་སྲིད་ཇུས་ཀྱི་འོག་ནས། ཤར་ཏུར་ཀི་སི་ཐན་གྱི་ཆོས་པ་རྣམས་ལ་དམ་དྲག་དང་བཙན་གྱིས་ངལ་རྩོལ་བསྒྱུར་བཀོད་ཁང་སོགས་སུ་ཤར་གཏོང་བྱེད་མུས་ཡིན་སྐོར་སོགས་གསལ་འདུག
ཡང་སྙན་ཐོའི་ནང་། རྒྱ་ནག་གཞུང་གིས་བོད་ནང་གི་དགོན་སྡེ་ཁག་ལ་དམ་དྲག་དང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་ཉར་ཚགས་བྱས་པ་ལ་བརྟེན་ནས། བོད་མི་ཁག་ཅིག་འཛིན་བཟུང་བཀག་ཉར་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་བྱུང་ཡོད་པ་མ་ཟད། འདས་ལོའི་ཕྱི་ཟླ ༥ ནང་རྒྱ་ནག་གཞུང་གིས་མི་ལོ་སུམ་བརྒྱ་ལྷག་གི་ལོ་རྒྱུས་རང་བཞིན་ལྡན་པའི་བོད་པའི་དགོན་སྡེ་ཞིག་རྩ་མེད་དུ་བཏང་ཡོད་ཅིང་། ༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་༼དགེ་འདུན་ཆོས་ཀྱི་ཉི་མ།༽མཆོག་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་པ་ཟད། རྒྱ་ནག་གཞུང་གིས་༧པན་ཆེན་རིན་པོ་ཆེ་མཆོག་བཙན་དབང་གིས་བདག་ཉར་བྱས་ཏེ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་ཡང་སྲིད་ཀྱི་ཐད་ལ་ངན་ཇུས་འདིང་གི་ཡོད་པའི་སྐོར་གསལ་འདུག
ཡང་སྙན་ཐོའི་ནང་། རྒྱ་ནག་གཞུང་གིས་རྒྱལ་ཁབ་གཞན་དང་གཞན་དུ་གནས་སྡོད་བྱེད་མུས་ཡིན་པའི་ཉེ་འབྲེལ་དང་ནང་མི་རྣམས་ལ་རྒྱལ་མཚམས་ལས་བརྒལ་ནས་དྲག་གནོན་དང་གནོན་ཤུགས་སྤྲོད་ཀྱིན་ཡོད་ཅིང་།འདས་ལོའི་ཕྱི་ཟླ ༢ ནང་རྒྱ་ནག་གཞུང་གིས་སུད་སིར་གནས་སྡོད་བོད་མི་དང་ཤར་ཏུ་ཀི་སི་ཐན་གྱི་མི་རིགས་ལ་སོགས་ལ་གསང་བའི་ངང་ནས་སོ་མྱུལ་དང་། དེ་བཞིན་ཊུར་ཀི་དང་ཨོ་གླིང་སོགས་རྒྱལ་ཁབ་གཞན་དུ་གནས་སྡོད་བྱེད་མུས་ཡིན་པའི་གྲངས་ཉུང་མི་རིགས་ཀྱི་ཉེ་འབྲེལ་སོགས་ལ་དངོས་ཤུགས་བརྒྱུད་གསུམ་ནས་དྲག་གནོན་བྱེད་ཀྱིན་ཡོད་སྐོར་དང་། རྒྱ་ནག་གཞུང་གིས་བོད་ཀྱི་དགེོན་སྡེ་ཁག་དང་སློབ་གྲྭ་ཁག་བཙན་གྱིས་སྒོ་རྒྱག་ཏུ་བཅུག་པ་དང་། གྲྭ་བཙུན་རྣམས་བཙན་གྱིས་ས་གནས་གཞན་དང་གཞན་དུ་ཁྲིད་ནས་རྒྱ་ནག་དམར་ཤོག་རིང་ལུགས་ཀྱི་སྐོར་གསབ་ཁྲིད། དེ་བཞིན་བོད་ནང་གི་ས་གནས་མང་པོར་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་དང་ཕ་སྐད་མ་ཡིག་གཅེས་ཉར་སོགས་ཀྱི་ལས་དོན་རིགས་ལ་དམ་དྲག་བྱེད་ཀྱིན་ཡོད་སྐོར་སོགས་གསལ་འདུག
སྙན་ཐོའི་ནང་རྒྱལ་སྤྱིའི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་གཞིར་བཟུང་། རྒྱལ་ཁབ་རེ་རེའི་ནང་གི་ཆོས་ལུགས་ཆེ་འབྲིང་གསུམ་གྱི་གནས་བབ་སོགས་ཀྱི་ཐད་ལ་རྒྱུས་ལོན་བྱས་ཏེ། ཨབ་གྷ་ནི་སི་ཐན་དང་། འབར་མ་(Burma)། རྒྱ་ནག ཁུ་བྷ། རྒྱ་གར། པ་ཀི་སི་ཐན། བྱང་ཀོ་རི་ཡ། ཨུ་རུ་སུ། སི་རི་ཡ། ཝེ་ཐི་ནམ། ཨི་རན་སོགས་ཀྱི་ཆོས་དད་རང་མོས་ཀྱི་གནས་བབ་ཐད་ལ་དམིགས་བསལ་གྱི་སེམས་ཁུར་དང་ལྟ་ཞིབ་དགོས་པའི་ས་ཚིགས་སུ་ངོས་འཛིན་བྱས་ཡོད་བྱས་ཡོད་འདུག
གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།



