འཕྲོད་བསྟེན་དྲུང་ཆེ་བྱམས་པ་ཕུན་ཚོགས་ལགས་ཀྱིས་བཅོས་མའི་རིག་ནུས་དང་གསོ་བ་རིག་པ་མཉམ་འབྲེལ་གྱིས་སྤྱི་ཚོགས་ལ་ནུས་པ་སྤྲོད་རྒྱུ་དང་འཛམ་གླིང་ཁྱོན་ཡོངས་ལ་གོ་རྟོགས་སྤེལ་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།

དེ་རིང་ཕྱི་ཚེས་ ༢༣ ཉིན་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་ཚོགས་ཁང་དུ་༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༡༦ ལོར་ལྷ་ལྡན་འགྲོ་ཕན་སྨན་རྩིས་གླིང་ཕྱག་བཏབ་ནས་མི་ལོ་ ༡༡༠ དང་། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཕྱི་ལོ་ ༡༩༦༡ ལོར་བཞུགས་སྒར་དྷ་རམ་ས་ལར་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་སླར་གསོ་བསྐྱངས་ནས་ལོ་ངོ་ ༦༥ འཁོར་བའི་དུས་ཆེན་སྲུང་གཙི་ཞུས་སོང་། སྐབས་དེར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ་བྱམས་པ་ཕུན་ཚོགས་ལགས་དང་། དམིགས་བསལ་སྐུ་མགྲོན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་ལགས། བོད་མི་མང་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས། སྨན་རྩིས་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམ་པ། སྨན་རྩིས་ཁང་གི་ལས་སློབ་སོགས་ལྷན་འཛོམས་གནང་འདུག
འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི
སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་དྲུང་ཆེ་བྱམས་པ་ཕུན་ཚོགས་ལགས་ཀྱིས། ད་ལྟའི་དུས་སུ་གསོ་བ་རིག་པའི་སློབ་སྦྱོང་དང་། རིག་གཞུང་གི་གནད་འགག་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་། གཙོ་བོ་ནད་པ་དང་སྤྱི་ཚོགས་ལ་ཕན་ཐོགས་རྒྱུའི་ཆེད་དུ་དམིགས་པ་ཞིག་རེད། ད་ལྟའི་དུས་ཚོད་འདིར་གསོ་བ་རིག་པའི་སློབ་སྦྱོང་སྦྱངས་པ་དེ་དག་ཕན་རླབས་ཆེན་པོ་ཡོད་པ་མ་ཟད། ད་དུང་མུ་མཐུད་དུ་དེ་ལ་ཆ་འཇོག་མཐོ་རུ་ཡོང་རྒྱུ་དང་ནུས་པ་ཡོད་པ་དེ་མངོན་གསལ་དོད་དུ་སྟོན་ཐུབ་རྒྱུའི་ཐད་ཚང་མས་འབད་བརྩོན་གནང་དགོས་རྒྱུ་གལ་ཆེན་པོ་མཐོང་གི་འདུག ད་ལྟའི་ཆར་ཁ་ཡོད་ལག་ཡོད་ཀྱིས་ཉམས་ལེན་དང་སྨན་བཅོས་ཀྱི་ཐོག་ནས་གསོ་བ་རིག་པའི་ནུས་པ་དེ་ས་ཕྱོགས་གང་སར་ཁྱབ་བཞིན་ཡོད་པ་རེད། ཅེས་དང་། གསོ་བ་རིག་པའི་སློབ་སྦྱོང་དང་ཉམས་ལེན་གོང་མཐོར་གཏོང་ཐུབ་ཚེ། ནད་པ་དང་སྤྱི་ཚོགས་ལ་ཕན་རླབས་བྱུང་བ་ཙམ་མིན་པར། ཚན་རིག་དང་འབྲེལ་ནས་ཞིབ་འཇུག་བྱས་ཏེ་འཛམ་གླིང་སྤྱི་ཡོངས་ཀྱི་ཕྱི་ལུགས་གསོ་བ་རིག་པར་ཚང་མས་སྤྱི་ཡོངས་དང་འདྲ་མཉམ་གྱི་ཐོག་ནས་ཁས་ལེན་ཐུབ་པའི་གནས་སྐབས་ཤིག་བསླེབ་ཐུབ་རྒྱུར་འབད་བརྩོན་བྱ་དགོས་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་སོང་།

ཁོང་གིས། དེ་རིང་འདིར་སྨན་པ་མང་པོ་ཞིག་གིས་སྨན་རྩིས་དང་འབྲེལ་བའི་དཔེ་དེབ་བྲིས་འདུག དེ་ཧ་ཅང་གི་གནད་འགག་ཆེན་པོ་རེད། སྨན་པ་སོ་སོ་རང་ཉིད་ནད་པའི་འགྲམ་ལ་སླེབ་ཀྱི་མེད་ཀྱང་། དཔེ་དེབ་འདི་བརྒྱུད་གསོ་བ་རིག་པའི་འགྲོ་སྟངས་དང་འགྲོ་ལུགས། དེའི་གནད་འགག ཕན་ཡོན། ནུས་པ། རྒྱབ་ལྗོངས་སོགས་ཤེས་རྟོགས་ཡོང་བར་ཕན་ཐོགས་ཀྱི་རེད་བསམ་གྱི་འདུག དེར་བརྟེན། ཚང་མ་ལ་སྙིང་ཐག་པ་ནས་དགའ་བསུ་དང་འཚམས་འདྲི་ཞུ་རྒྱུ་དང་། ད་དུང་མུ་མཐུད་དུ་དཔེ་དེབ་གང་མང་པར་སྐྲུན་གནང་རོགས་གནང་། དེང་སང་བཅོས་མའི་རིག་ནུས་ཁྱབ་སྤེལ་འགྲོ་མུས་ཡིན་པ་རེད། མ་འོངས་པར་བཅོས་མའི་རིག་ནུས་བེད་སྤྱོད་བཏང་བའི་ཐོག་ནས་གསོ་བའི་རིག་པའི་སྐོར་ལ་སློབ་སྦྱོང་དང་། ཉམས་ཞིབ་བྱེད་པ་སོགས་བྱས་ཚེ། ད་ལྟའི་ནུས་པ་དེ་རྒྱ་ཆེ་རུ་གཏོང་ཐུབ་པའི་གནད་འགག་ཅིག་ཡོང་གི་རེད་བསམ་གྱི་འདུག དེའི་ཐོག་ལ་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གཙོ་བོར་གྱུར་བའི་སྨན་པ་དང་། གསོ་བ་རིག་པའི་ཉམས་ལེན་པ་རྣམས་ཀྱིས་དགོངས་པ་བཞེས་ཏེ། བཅོས་མའི་རིག་ནུས་དང་གསོ་བ་རིག་པ་མཉམ་འབྲེལ་གྱིས་སྤྱི་ཚོགས་ལ་ནུས་པ་སྤྲོད་རྒྱུ་དང་། འཛམ་གླིང་ཁྱོན་ཡོངས་ལ་གོ་རྟོགས་སྤེལ་རྒྱུ་གལ་ཆེན་པོ་རེད། ཚང་མས་ད་དུང་མུ་མཐུད་དུ་འབད་བརྩོན་གནང་རོགས་གནང་། ཞེས་གསུངས་སོང་།
གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།





