དེ་རིང་བལ་ཡུལ་གྱི་གཞུང་འཛིན་གསར་བས་བལ་ཡུལ་གྱི་སྲིད་བློན་ཟུར་པ་ཤར་མ་ཨོ་ལི་ལགས་དང་ནང་སྲིད་བློན་ཆེན་ར་མེ་ཤི་ལགས་གཉིས་འཛིན་བཟུང་བྱས་ཏེ་ལོ་ ༣ ནས་ ༡༠ བར་གྱི་བཙོན་འཇུག་ཁྲིམས་ཐག་འབབ་སྲིད་པའི་ཚོད་དཔག་བྱེད་བཞིན་འདུག

ཁ་སང་ཕྱི་ཚེས་ ༢༧ ཉིན་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ (Balendra Shah) ལགས་ཀྱིས་སྲིད་བློན་གྱི་དམ་འབུལ་ཞུས་རྗེས། འདས་ལོར་བལ་ཡུལ་ནང་གཞོན་སྐྱེས་ (Gen Z) ཀྱིས་ངོ་རྒོལ་ཤུགས་ཆེན་སྤེལ་བའི་སྐབས། ཉེན་རྟོག་པ་དང་ངོ་རྒོལ་བའི་བར་གདོང་ཐུག་བྱུང་སྟེ་མི་གྲངས་ ༧༦ ལྷག་རྐྱེན་འདས་དང་མི་གྲངས་ ༢༠༠༠ ལྷག་ལ་རྨས་སྐྱོན་ཕོག་པ་དང་། སྐབས་དེར་བལ་ཡུལ་གྱི་སྲིད་བློན་དང་ནང་སྲིད་བློན་ཆེན་རྣམ་གཉིས་ཀྱིས་སྟངས་འཛིན་མི་བྱས་པར་སྣང་མེད་དུ་བཞག་པའི་ཉེས་མིང་འོག དེ་རིང་ཕྱི་ཚེས་ ༢༨ ཉིན་བལ་ཡུལ་གྱི་སྲིད་བློན་ཟུར་པ་ཤར་མ་ཨོ་ལི་ (KP Sharma Oli) ལགས་དང་། ནང་སྲིད་བློན་ཆེན་ཟུར་པ་ར་མེ་ཤི་ (Ramesh Lekhak) གཉིས་འཛིན་བཟུང་བྱས་ཡོད་འདུག་ལ། ཁོང་གཉིས་ལ་མི་ལོ་ ༣ ནས་ ༡༠ བར་གྱི་བཙོན་འཇུག་ཁྲིམས་ཐག་གཅོད་རྒྱུའི་ཚོད་དཔག་བྱེད་བཞིན་འདུག
དེ་འབྲེལ་བལ་ཡུལ་གྱི་རྒྱལ་ས་ཀ་ཐི་མན་ཌུའི་ཉེན་རྟོག་ལས་ཁུངས་ཀྱི་མགྲིན་ཚབ་པ་ཨོམ་ཨ་དྷི་ཀ་རི་ (Om Adhikari) ལགས་ཀྱིས། དེ་རིང་ཞོགས་པར་བལ་ཡུལ་གྱི་སྲིད་བློན་ཟུར་པ་ཤར་མ་ཨོ་ལི་ལགས་དང་། ནང་སྲིད་བློན་ཆེན་ཟུར་པ་ར་མེ་ཤི་ལགས་གཉིས་འཛིན་བཟུང་བྱས་ཡོད་པ་དང་། ཁྲིམས་ལུགས་གཞིར་བཟུང་ཁྲིམས་ཐག་གཅོད་རྒྱུ་ཡིན། ཞེས་བརྗོད་འདུག་ལ། གསར་དུ་བསྐོ་གཞག་བྱས་པའི་བལ་ཡུལ་གྱི་ནང་སྲིད་བློན་ཆེན་སུ་ཌན་ (Sudan Gurung) ལགས་ཀྱིས། ཁས་ལེན་ནི་ཁས་ལེན་རེད། ཁྲིམས་ལུགས་ལས་མཐོ་བ་སུ་ཡང་མེད། ང་ཚོས་སྲིད་བློན་ཟུར་པ་ཤར་མ་ལགས་དང་ནང་སྲིད་བློན་ཆེན་ཟུར་པ་ར་མེ་ཤི་ལགས་གཉིས་འཛིན་བཟུང་བྱས་ཡོད། དེ་ནི་དགྲ་ལན་སློག་པ་ཞིག་མིན་པར་སྤྱི་ཚོགས་ལ་དྲང་བདེན་ཡོང་བའི་ཆེད་དུ་རེད། ད་ལྟའི་ཆར་རྒྱལ་ཁབ་ཀྱིས་ཁ་ཕྱོགས་གསར་པ་ཞིག་འཛིན་རྒྱུ་ཡིན་པའི་ཡིད་ཆེས་ཡོད། ཅེས་བརྗོད་འདུག
གནད་དོན་དེའི་ཐད་སྲིད་བློན་ཟུར་པ་ཨོ་ལི་ལགས་ཀྱིས། ང་ལ་དགྲ་ལན་སློག་པའི་ཆེད་དུ་འཛིན་བཟུང་བྱས་སོང་། ངས་ཁྲིམས་ཐོག་ནས་རྩོད་ལེན་བྱེད་ཀྱི་ཡིན། ཞེས་དང་། སྐྱོན་བརྗོད་དེ་དག་ལ་ངོས་ལེན་མེད་པ་དང་། གཞུང་གི་ཐག་གཅོད་དེ་ནི་ཕྱོགས་ཞེན་དང་རང་ཉིད་ལ་མིང་རྗེས་བཟོ་ཡི་ཡོད་པའི་སྐྱོན་བརྗོད་བྱས་འདུག
ཁ་སང་ཕྱི་ཚེས་ ༢༧ ཉིན་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་ཀྱིས་དམ་འབུལ་ཞུས་ཟིན་རྗེས། བཀའ་ཤག་གི་ཚོགས་འདུ་ཐོག་མའི་སྟེང་འདས་ལོར་བལ་ཡུལ་ནང་གཞོན་སྐྱེས་རྣམས་ཀྱིས་ངོ་རྒོལ་ཤུགས་ཆེན་བྱས་པའི་གནད་དོན་དང་འབྲེལ་ནས་དབུས་ཉེས་ཞིབ་ལྷན་ཁང་གིས་གྲོས་འཆར་བཏོན་པ་དེ་དག་འཕྲལ་དུ་ལག་བསྟར་བྱ་རྒྱུའི་ཐག་གཅོད་བྱས་ཡོད་འདུག དབུས་ཞིབ་བཤེར་ལྷན་ཁང་གིས་གྲོས་འཆར་བཏོན་པའི་ནང་། བལ་ཡུལ་གྱི་སྲིད་བློན་ཟུར་པ་ཨོ་ལི་དང་ནང་སྲིད་བློན་ཆེན་ཟུར་པ་གཉིས་ཀྱིས་འདས་ལོར་ངོ་རྒོལ་ལས་འགུལ་ཤུགས་ཆེན་སྤེལ་བའི་སྐབས། སྟངས་འཛིན་དང་ཚོད་འཛིན་ཚད་ལྡན་བྱས་མེད་པའི་ནག་ཉེས་འོག ཁོང་གཉིས་འཛིན་བཟུང་བྱ་རྒྱུའི་ཐག་གཅོད་བྱས་པ་དང་། གནད་དོན་དེ་དང་འབྲེལ་ནས་བལ་ཡུལ་གྱི་ཉེན་རྟོག་པ་ཅན་དྷ་ར་ (Chandra Kuber Khapung) དང་། དཔོན་རིགས་གཞན་ལ་ཞིབ་བཤེར་བྱ་རྒྱུའི་ཐག་གཅོད་བྱས་འདུག
ད་ལོའི་བལ་ཡུལ་སྲིད་གཞུང་གསར་པའི་ངོས་ནས་ཐོག་མར་ངོ་རྒོལ་བ་ཚོའི་རེ་འདོད་ལྟར་གཞུང་གི་འཛིན་སྐྱོང་ཚགས་ཚུད་བཟོ་དགོས་པ་དང་། ཕྱི་གསལ་ནང་གསལ་གྱི་སྒོ་ནས་ལས་དོན་བསྒྲུབ་དགོས་པ། འདས་ལོར་ངོ་རྒོལ་ཁྲོད་མི་གྲངས་ ༧༦ རྐྱེན་འདས་སུ་ཕྱིན་པ་དེ་དག་ལ་དྲང་བདེན་རྩོད་དགོས་པ། ངོ་རྒོལ་ནང་དྲག་གནོན་བྱེད་མཁན་གྱི་མི་སྣ་གཙོ་བོ་དེ་དག་ལ་རྗེས་འདེད་གཏོང་དགོས་པ་མ་ཟད། སྲིད་བློན་ཟུར་པ་ཨོ་ལི་སོགས་སུ་ནག་ཉེས་དང་འབྲེལ་ནས་ཞིབ་འཇུག་བྱ་དགོས་ཀྱི་ཡོད་པ་རེད།
འདས་ལོའི་ཕྱི་ཟླ་ ༩ ཚེས་ ༥ ཉིན་ནས་བཟུང་བལ་ཡུལ་གཞུང་གིས་སྤྱི་ཚོགས་དྲ་གནས་ ༢༦ བཀག་སྡོམ་བྱས་རྐྱེན། ཕྱི་ཚེས་ ༨ ཉིན་བལ་ཡུལ་གྱི་རྒྱལ་ས་ཀ་ཐི་མན་ཌུའི་གྲོས་ཚོགས་ཁང་གི་མདུན་དུ། ཡུལ་དེའི་གཞོན་སྐྱེས་ (GenZ) རྣམས་ཀྱིས་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེན་སྤེལ་མགོ་བརྩམས་ཡོད་པ་དང་། ངོ་རྒོལ་བ་དང་ཉེན་རྟོག་པའི་བར་གདོང་ཐུག་བྱུང་སྟེ་མི་གྲངས་ ༡༩ རྐྱེན་ལམ་དུ་ཤོར་བ་དང་། ཉེན་རྟོག་པ་ ༢༨ ཚུད་པའི་མི་གྲངས་ ༤༠༠ ལྷག་ལ་རྨས་སྐྱོན་ཕོག་པའི་ཛ་དྲག་གི་གནས་སྟངས་ཆགས་ཡོད་པར་བརྟེན། བལ་གཞུང་གིས་སྤྱི་ཚོགས་དྲ་གནས་ ༢༦ བཀག་སྡོམ་བྱས་པའི་ཐག་གཅོད་དེ་མེད་པར་བཟོས་ཡོད་འདུག ཕྱི་ཚེས་ ༩ ཉིན་བལ་ཡུལ་གྱི་ས་གནས་འདྲ་མིན་ནང་གཞོན་སྐྱེས་རྣམས་ཀྱིས་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་གྱི་ལས་འགུལ་མུ་མཐུད་སྤེལ་ཏེ། བལ་ཡུལ་གྱི་སྲིད་བློན་ཤར་མ་ཨོ་ལི་ (KP Sharma Oli) ལགས་སྲིད་བློན་གྱིས་ལས་གནས་ནས་དགོངས་པ་ཞུ་དགོས་པའི་དགོས་འདུན་བཏོན་པ་ལྟར། བལ་ཡུལ་གྱི་སྲིད་བློན་ཤར་མ་ཨོ་ལི་ལགས་ལས་གནས་ནས་དགོངས་པ་ཞུ་རྒྱུའི་ཡོངས་ཁྱབ་གསལ་བསྒྲགས་གནང་འདུག
ཤར་མ་ཨོ་ལི་ནི་ཕྱི་ལོ་ ༡༩༥༢ ཟླ་ ༢ ཚེས་ ༢༢ ཉིན་སྐྱེས་ཤིང་། ཕྱི་ལོ་ ༡༩༦༦ ལོ་ནས་ཐོག་མར་སྲིད་དོན་ནང་ཞུགས། ཕྱི་ལོ་ ༡༩༧༠ ཟླ་ ༢ པའི་ནང་བལ་ཡུལ་གྱི་དམར་ཤོག་ཚོགས་པའི་ནང་འཛུལ་ཞུགས་བྱས་ཏེ། ཕྱི་ལོ་ ༡༩༧༠ ལོར་ཁོས་ཆབ་སྲིད་བཅོས་སྒྱུར་གྱི་ལས་དོན་བྱས་པའི་རྐྱེན་གྱིས་ཐོག་མར་འཛིན་བཟུང་བྱས། དེ་རྗེས་ཁོས་མི་གཅིག་དབང་སྒྱུར་གྱི་ལམ་ལུགས་ལ་ཁ་གཏད་དུ་ལངས་པའི་རྐྱེན་གྱིས་ཕྱི་ལོ་ ༡༩༧༣ ནས་ལོ་ངོ་ ༡༤ རིང་འཛིན་བཟུང་བྱས། ཕྱི་ལོ་ ༡༩༩༡ ནས་གྲོས་ཚོགས་འོག་མའི་འཐུས་མི་རུ་འདེམས་ཐོན་བྱུང་བ་མ་ཟད། ༡༩༩༢ ལོར་བལ་ཡུལ་དམར་ཤོག་ཚོགས་པའི་ཕྱི་སྲིད་ལས་ཁུངས་ཀྱི་ཚོགས་གཙོ་རུ་བསྐོ་བཞག་བྱས། ༡༩༩༤ ལོར་བསྐྱར་དུ་གྲོས་ཚོགས་འཐུས་མིར་འདེམས་ཐོན་བྱུང་སྟེ་ནང་སྲིད་ལས་ཁུངས་ཀྱི་བློན་ཆེན་གྱི་ལས་གནས་འཁུར། ཕྱི་ལོ་ ༢༠༠༦ ལོར་སྲིད་བློན་གཞོན་པ་དང་ཕྱི་སྲིད་ལྷན་ཁང་གི་བློན་ཆེན་དུ་བསྐོ་བཞག་བྱས། ཕྱི་ལོ་ ༢༠༡༤ ཟླ་ ༧ པའི་ནང་བལ་ཡུལ་གྱི་དམར་ཤོག་ཚོགས་པའི་ཚོགས་གཙོར་འདེམས་ཐོན་བྱུང་། ཕྱི་ལོ་ ༢༠༡༥ ནས་ ༢༠༡༦ བར་དང་། ཕྱི་ལོ་ ༢༠༡༨ ཟླ་ ༢ པ་ནས་ ༢༠༢༡ ཟླ་ ༧ བར་སྲིད་བློན་གྱི་ལས་གནས་འཁུར། ཕྱི་ལོ་ ༢༠༢༡ ཟླ་ ༥ པའི་ནང་སྲིད་འཛིན་བྷི་དྷི་ཡ་དྷེ་ཝི་ (Bidya Devi Bhandari) ཡིས་ཨོ་ལི་སྲིད་བློན་དུ་བསྐོ་བཞག་བྱས་ཡོད་ཀྱང་། གྲོས་ཚོགས་འོག་མ་ནས་འོས་གྲངས་མ་ཚང་བའི་རྐྱེན་གྱིས་ལོ་དེའི་ཕྱི་ཟླ་ ༡༡ ནང་བསྐྱར་དུ་འོས་བསྡུ་བྱ་རྒྱུའི་ཐག་གཅོད་བྱས་ཡོད་འདུག་ལ། དུས་ཡུན་ཟླ་གསུམ་གྱི་རིང་སྲིད་བློན་གྱི་ལས་གནས་འཁུར། ཕྱི་ལོ་ ༢༠༢༤ ལོར་བལ་ཡུལ་གྱི་དམར་ཤོག་ཚོགས་པ་ཆེ་ཤོས་ཀྱི་མགོ་ཁྲིད་ཤར་མ་ཨོ་ལིས་ (K. P. Sharma Oli) བལ་ཡུལ་གྱི་སྲིད་བློན་གསར་པའི་ལས་ཁུར་དམ་འབུལ་ཞུས་ཏེ། ཁོ་རང་བལ་ཡུལ་གྱི་སྲིད་བློན་ཆགས་པ་ཐེངས་བཞི་པ་དེ་ཡིན་འདུག འདས་ལོར་བལ་ཡུལ་ནང་གཞོན་སྐྱེས་རྣམས་ཀྱིས་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་བར་བརྟེན། སྲིད་བློན་ཨོ་ལི་ལགས་སྲིད་བློན་གྱི་ལས་གནས་ནས་དགོངས་པ་ཞུས་ཡོད་པ་རེད།
གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།




