བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ལགས་སུ་འཚམས་འདྲི་གནང་བ་དང་འབྲེལ། བོད་མི་དང་བལ་ཡུལ་མི་མང་བར་གྱི་འབྲེལ་ལམ་མུ་མཐུད་ཤུགས་ཆེ་རུ་འགྲོ་ཐུབ་པའི་རེ་བ་ཡོད་སྐོར་གསུངས་འདུག

ཁ་སང་ཕྱི་ཚེས་ ༢༧ ཉིན་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ (Balendra Shah) ལགས་ཀྱིས་སྲིད་བློན་གྱི་དམ་འབུལ་ཞུས་ཡོད་པ་ལྟར། དེ་རིང་ཕྱི་ཚེས་ ༢༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་ཞུས་འདུག
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་འཚམས་འདྲིའི་འཕྲིན་ཡིག་གནང་བའི་ནང་། ཁྱེད་རང་སྲིད་བློན་གཞོན་ཤོས་ཤིག་ཏུ་གྱུར་བ་དེ། ཉེ་ཆར་བལ་ཡུལ་ནང་གཞོན་སྐྱེས་ (Gen Z) རྣམས་ཀྱིས་ངོ་རྒོལ་ལས་འགུལ་སྤེལ་བའི་རྗེས་སུ་བལ་ཡུལ་མི་མང་དང་། མི་རབས་གཞོན་པའི་རེ་འདུན་གྱི་མཚོན་རྟགས་ཤུགས་ཆེན་ཞིག་ཡིན། ཞེས་དང་། བལ་ཡུལ་དང་བོད་གཉིས་ཀྱི་ལོ་རྒྱུས་དང་། ཆོས་ལུགས་ཀྱི་འབྲེལ་བ་གཏིང་ཟབ་ཡོད་པ་དེ་མི་རབས་ནས་མི་རབས་བར་གནས་ཡོད། རྒྱ་ནག་གིས་བོད་བཙན་བཟུང་བྱས་པ་ནས་བཟུང་བོད་མི་རྣམས་བལ་ཡུལ་ནང་སྐྱབས་བཅོལ་དུ་བསླེབས་ཏེ། བལ་ཡུལ་ནང་གནས་སྡོད་བྱེད་བཞིན་པའི་བོད་མི་རྣམས་ཀྱིས་སོ་སོའི་ངོ་བོ་སྲུང་སྐྱོབ་དང་། བལ་ཡུལ་གྱི་སྤྱི་ཚོགས་དང་དཔལ་འབྱོར་ཡར་རྒྱས་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་ལ། བལ་ཡུལ་དུ་གནས་སྡོད་བྱེད་བཞིན་པའི་བོད་མི་རྣམས་ཀྱིས་བལ་ཡུལ་དང་བོད་བར་གྱི་འབྲེལ་ལམ་སྔར་ལས་ཤུགས་ཆེ་རུ་བཏང་ཡོད། ཅེས་གསུངས་འདུག
ཡང་འཚམས་འཕྲིན་ནང་། བལ་ཡུལ་གྱི་ལོ་རྒྱུས་ཀྱི་དུས་སྐབས་གལ་ཆེན་འདིའི་ནང་ཁྱེད་ཀྱིས་བལ་ཡུལ་གྱི་སྣེ་འཁྲིད་གནང་སྐབས་ལས་དོན་ལམ་ལྷོངས་དང་། གྲུབ་འབྲས་ལེགས་པོ་ཐོབ་པའི་སྨོན་འདུན་དང་འཚམས་འདྲི་ཞུ་རྒྱུ་ཡིན། ཁྱེད་ཀྱི་ནུས་པ་དང་ལྡན་པའི་སྣེ་འཁྲིད་འོག བོད་མི་དང་བལ་ཡུལ་མི་མང་བར་གྱི་འབྲེལ་ལམ་མུ་མཐུད་དུ་ཤུགས་ཆེ་རུ་འགྲོ་རྒྱུ་དང་། བལ་ཡུལ་ནང་དཔལ་འབྱོར་ཡར་རྒྱས་དང་མདུན་སྐྱོད། བཟང་ཕྱོགས་ཀྱི་འགྱུར་བ་ཡོང་བར་མདུན་སྐྱོད་བྱེད་ཐུབ་པའི་རེ་བ་ཡོད། ཅེས་གསུངས་འདུག
བྷ་ལེན་དྷ་ར་ལགས་ནི་ཕྱི་ལོ་ ༡༩༩༠ ཟླ་ ༤ ཚེས་ ༢༧ ཉིན་སྐྱེས་ཤིང་། བལ་ཡུལ་གྱི་མཐུན་ཚོགས་སློབ་གྲྭར་འཛིན་རིམ་བཅུ་པ་ཐོན། དེ་ནས་ནི་རེ་ཏན་སློབ་གྲྭ་ (V.S. Niketan Higher Secondary School) ནས་འཛིན་རིམ་བཅུ་གཉིས་ཐོན། ཧི་མ་ལ་ཡའི་ཁང་པ་དཀར་པའི་རྒྱལ་སྤྱིའི་མཐོ་སློབ་ནས་སྤྱི་དམངས་འཛུགས་སྐྲུན་འཆར་འགོད་པའི་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་མཐར་ཕྱིན། རྒྱ་གར་ལྷོ་ཕྱོགས་བྷེང་ལོར་དུ་ཡོད་པའི་འཕྲུལ་རིག་སློབ་གཉེར་ཁང་ནས་བཟོ་བཀོད་འཛུགས་སྐྲུན་རིག་གནས་ཐོག་གཙུག་ལག་རབ་འབྱམས་པའི་བསླབ་པ་མཐར་སོན། ཕྱི་ལོ་ ༢༠༡༠ ལོའི་མགོ་སྟོད་ནས་གཞས་མ་གཏམ་ལེན་མགོ་བཙུགས། ཕྱི་ལོ་ ༢༠༡༢ ལོར་ (Sadak Balak) ཞེས་པའི་གཞས་མ་གཏམ་ཐོག་མ་བཏོན་རྗེས་བལ་ཡུལ་གྱི་གཞོན་སྐྱེས་ཁྲོད་ཁོང་གི་གཞས་ལ་དགའ་མོས་བྱེད་མཁན་ཇེ་མང་དུ་ཕྱིན། ཕྱི་ལོ་ ༢༠༢༢ ནས་ ༢༠༢༦ བར་བལ་ཡུལ་གྱི་རྒྱལ་ས་ཀ་ཐི་མན་ཌུའི་གྲོང་སྡེའི་སྤྱི་ཁྱབ་ཀྱི་ལས་དོན་གཉེར་བ་དང་། ཁོང་གིས་ཡུལ་དེའི་ནང་ལོ་མང་པོའི་རིང་རྩོད་རྙོག་ཆེ་བའི་ཆབ་སྲིད་ཀྱི་གནས་སྟངས་དང་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་བྱས་ཡོད་པ་རེད། ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་བལ་ཡུལ་གྱི་དབུས་འོས་བསྡུ་ལས་ཁང་གིས་གཞུང་འབྲེལ་གྱི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་གནང་བའི་ནང་། གྲོས་ཚོགས་འོག་མའི་ནང་ཞབས་བཀྱག་ ༢༧༥ ཡོད་པའི་ནང་ནས་རང་དབང་ཆབ་སྲིད་ཚོགས་པ་ (RSP) ལ་ཞབས་བཀྱག་ ༡༨༢ ཐོབ་པ་དང་། ཀོང་གྷེ་རེ་སི་ཚོགས་པར་ (Congress) ཞགས་བཀྱག་ ༣༨། དམར་ཤོག་ཚོགས་པར་ཞབས་བཀྱག་ ༢༥ ཐོབ་སྟེ། བལ་ཡུལ་གྱི་འོས་བསྡུ་ཆེན་མོའི་ནང་དེ་སྔ་གཞས་པ་དང་ཆབ་སྲིད་པ་སྐུ་ཞབས་བྷ་ལེན་དྷ་ར་ (Balendra Shah) ལགས་དང་། ཁོང་གིས་སྣེ་འཁྲིད་པའི་ (RSP) ཆབ་སྲིད་ཚོགས་པར་ལོ་རྒྱུས་རང་བཞིན་ལྡན་པའི་མང་མོས་རྒྱལ་ཁ་ཐོབ་འདུག་ལ། ཁ་སང་ཕྱི་ཚེས་ ༢༧ ཉིན་བྷ་ལེན་དྷ་ར་ལགས་ཀྱིས་བལ་ཡུལ་གྱི་སྲིད་བློན་གསར་བའི་ལས་འཁུར་དམ་འབུལ་ཞུས་ཡོད་པ་རེད།
གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།




