མཆོག་སྤྲུལ་ཧཱུཾ་ཀར་རྡོ་རྗེ་རིན་པོ་ཆེ་དམ་པའི་དགོན་པ་ལུང་སྔོན་དགོན་པར་རྒྱ་ནག་གིས་མཐའ་བསྐོར་ཏེ་དམ་དྲག་ཆེན་པོ་བྱེད་བཞིན་འདུག

ཟླ་འདིའི་ཕྱི་ཚེས་ ༢༧ ནས་༣༠ བར་ཉིན་གྲངས་བཞིའི་རིང་བོད་མགོ་ལོག་དགའ་བདེ་རྫོང་ལུང་སྔོན་དགོན་དུ། མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་གི་དགོངས་རྫོགས་འདས་མཆོད་སྨོན་ལམ་འཚོག་བཞིན་ཡོད་སྟབས། རྒྱ་གཞུང་ཉེན་རྟོག་པ་དང་དམག་མིས་དགོན་པའི་མཐའ་ནས་བསྐོར་ཏེ། བོད་མིའི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་དོགས་ཟོན་ནན་མོ་བྱེད་མུས་ཡིན་པའི་ཁར། ཕྱི་ཚེས་ ༢༧ ཉིན་རྒྱུ་མཚན་གང་ཡང་མ་བཤད་པར་དགེ་འདུན་པ་ཨོ་རྒྱན་བྱང་ཆུབ་ལགས་དགའ་བདེ་རྫོང་གི་ཉེན་རྟོག་ཁང་དུ་འཛིན་བཟུང་བཙན་ཁྲིད་བྱས་ཏེ་ཉེས་རྡུང་ཚད་མེད་བཏང་རྗེས་མཚན་གུང་ཀློད་འདུག ཡིན་ནའང་། ཉིན་གྲངས་གསུམ་གྱི་རྗེས་ནས་ས་གནས་བཀག་ཉར་ཁང་དུ་ཡོང་དགོས་པའི་བཀའ་རྒྱ་བཏང་ཡོད་འདུག་ཀྱང་། ད་ལྟ་དམ་དྲག་ཆེ་བའི་རྐྱེན་གྱིས་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མི་འདུག
དགོངས་རྫོགས་མཆོད་འབུལ་གྱི་ཉིན་དང་པོར་རྒྱ་ནག་ཉེན་རྟོག་པས། རིན་པོ་ཆེ་མཆོག་གི་མཆོད་འབུལ་དང་འབྲེལ་བའི་དབྱིན་ཡིག་གི་སྒོ་བྱང་དང་། སྒོའི་གཡས་གཡོན་དུ་དཔྱངས་པའི་ལེགས་བཤད་ཚང་མ་བཙན་གྱིས་མར་ཕབ་བཅུག་ཡོད་པ་མ་ཟད། ཡུལ་མི་དང་དགོན་པའི་དགེ་འདུན་པ་རྣམས་ཀྱིས་འདས་མཆོད་དང་འབྲེལ་བའི་པར་དང་བརྙན་རིས་དྲ་ལམ་སོགས་སུ་བརྒྱུད་སྤེལ་དང་ཁྱབ་བསྒྲགས་སོགས་བྱ་མི་ཆོག་པའི་བཙན་བཀའ་བཏང་སྟེ་སུན་གཙེར་ཆེན་པོ་བཟོ་ཡི་ཡོད་འདུག དེའི་ཐད་འབྲེལ་ཡོད་བོད་མི་ཞིག་གིས་འདི་གའི་གསར་འགོད་པར། ད་ལྟ་འཆི་བ་ལས་གསོན་པར་སྐྲག་གི་འདུག ད་ལན་རྒྱ་ནག་གཞུང་གིས་དཀའ་ལས་ཆེན་པོ་གཏད་སོང་། ཞེས་བརྗོད་བྱུང་།
ཡང་འབྲེལ་ཡོད་བོད་མི་གཞན་ཞིག་གིས། དགེ་འདུན་པ་ཨོ་རྒྱན་བྱང་ཆུབ་ལགས་བཙན་ཁྲིད་བྱས་ཏེ་འགྲམ་ལྕག་གཞུས་ནས་གཅར་རྡུང་བྱས་ཡོད་པ་མ་ཟད། ཁོང་གི་གྲྭ་ཤག་གི་ཅ་དངོས་མང་པོ་ཞིག་གཏོར་བརླག་བཏང་བ་དང་། ཁ་པར་དང་གློག་ཀླད་སོགས་བཙན་འཕྲོག་གིས་བསྔོག་བཤེར་བྱས་ཏེ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་ཞིག་ཉར་ཚགས་བྱས་ཡོད་པ་ལག་སོན་བྱུང་འདུག་ལ། ཁོང་གི་གྲྭ་ཤག་གི་ཕྱི་ནང་གཉིས་ལའང་སྔོག་བཤེར་ནན་པོ་བྱས་ཡོད་ལུགས་དང་། ཁོང་ཉུང་མཐར་ཡང་ཟླ་བ་གཅིག་ལྷག་བཀག་ཉར་བྱ་རྒྱུ་དང་། གཅིག་བྱས་ན་དེ་ལས་མང་བ་བཀག་ཉར་བྱ་རྒྱུ་ཡིན་ལུགས་བཤད་ཡོད་པས་སེམས་འཁུར་ཆེན་པོ་བྱེད་བཞིན་ཡོད་སྐོར་སོགས་བརྗོད་བྱུང་།
ཕྱི་ལོ་ ༢༠༢༤ ཟླ་ ༨ པའི་ནང་རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་༧པཎ་ཆེན་རྒྱལ་མཚན་ནོར་བུ་ཟེར་བ་མགོ་ལོག་ཁུལ་དུ་སླེབ་སྐབས། ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་གིས་རྒྱ་གཞུང་གི་རེ་འདོད་ལྟར་སྣེ་ལེན་ཟབ་རྒྱས་མ་ཞུས་པ་དང་། རྒྱ་ནག་གཞུང་གིས་ཁོང་གིས་དགོན་པ་དང་སློབ་གྲྭ་མང་པོ་བཙུགས་པ། ཉམ་ཆུང་དབུལ་ཕོངས་ཀྱི་ཐོབ་ཐང་རྩོད་ལེན་གནང་ནས་རྙོག་ཟིང་བསླངས་ཡོད་སྐོར་གྱི་ཉེས་མིང་གཡོགས་ཏེ་སུན་གཙེར་ཡང་ཡང་བཟོས་རྐྱེན་སྐབས་ཤིག་རིང་གར་སོང་ཆ་མེད་དུ་གྱུར། ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༢༨ཉིན་རྒྱ་ནག་གཞུང་གིས་མགོ་ལོག་དགའ་བདེ་རྫོང་ལུང་སྔོན་དགོན་པའི་གནད་ཡོད་མི་སྣར་རིན་པོ་ཆེ་མཆོག་ཝེ་ཐི་ནམ་གྱི་རྒྱལ་སྤྱིའི་སྨན་ཁང་(Vinmec Central Park International Hospital ) དུ་སྐུ་གྲོངས་ཟིན་སྐོར་གྱི་གསལ་ཁ་གང་ཡང་མེད་པའི་གཏམ་ངན་བཤད། དེ་ནས་ལུང་སྔོན་དགོན་པའི་སྐུ་ཚབ་དགེ་འདུན་པ་ལྔ་ཆེད་དུ་ཝེ་ཐི་ནམ་དུ་ཕེབས་ཏེ་རྩད་གཅོད་གནང་ཡོད་ཀྱང་། ཕྱི་ཟླ་ ༤ ཚེས་ ༡༠ ཉིན་གྱི་ཕྱི་དྲོར་རིན་པོ་ཆེ་མཆོག་གི་ཞལ་ཙམ་ལས་མཇལ་དུ་མ་བཅུག་པར། སྐུ་ཚབ་རྣམས་ཀྱི་འགྲོ་འདུག་སྤྱོད་གསུམ་ལའང་སྟངས་འཛིན་ནན་པོ་བྱས་ཏེ་གནས་ཚུལ་གང་ཡང་ཕྱི་རུ་ཁྱབ་ཏུ་བཅུག་མེད་པ་རེད། ལོ་དེའི་ཕྱི་ཟླ ༤ ཚེས་ ༢༠ ཉིན་ཝེ་ཐི་ནམ་དུ་སྐུ་ཕུང་གསང་བའི་ཐོག་ནས་ཞུགས་འབུལ་ཞུས་ཡོད་པ་རེད།
སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་ནི་བོད་ནང་སྙན་གྲགས་ཡོད་པའི་ལུང་སྔོན་དགོན་ཕྱག་འདེབས་མཁན་སྤྲུལ་སྐུ་པདྨ་གཏུམ་པོ་མཆོག་གི་སྲས་ཡིན་ཞིང་། ཕྱི་ལོ་ ༢༠༠༤ ལོར་ཁོང་གིས་མཚོ་སྔོན་ཞིང་ཆེན་གེ་སར་གཞན་ཕན་ཐེབས་རྩ་གསར་འཛུགས་གནང་སྟེ་གེ་སར་རིག་གནས་རྒྱུན་འཛིན་ཐད་ཕྱག་ལས་མང་པོ་གནང་། ཕྱི་ལོ་༢༠༠༧ ལོ་ནས་མགོ་ལོག་ཁུལ་སྲིད་གཞུང་དང་སློབ་གསོ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་དགེ་སློབ་ཆིག་སྟོང་ཙམ་ཡོད་པའི་ཧཱུྃ་ཀར་རྡོ་རྗེ་མི་རིགས་ལག་རྩལ་མཐོ་འབྲིང་གསར་འཛུགས་གནང་བ་སོགས་བོད་ཁུལ་གྱི་རོང་འབྲོག་གི་བྱིས་པ་སྟོང་ཕྲག་མང་པོར་རིན་མེད་ཐོག་ཤེས་ཡོན་སློབ་སྦྱོང་གི་གོ་སྐབས་ཐོབ་སླད་སློབ་གྲྭ་ཆུང་འབྲིང་ ༡༤ ཙམ་སྔ་གཞུག་ཏུ་ཆེད་འཛུགས་གནང་ཡོད་པ་དང་། དེ་བཞིན་དགོན་པ་དང་བཤད་གྲྭ་མང་པོ་ཕྱག་བཏབ་སྟེ་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་སོགས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་ཆེད་མཛད་འཕྲིན་རླབས་ཆེན་བསྐྱངས་ཡོད་པར་བརྟེན། རྒྱ་ནག་གཞུང་གིས་ཁོང་ལ་ཆབ་སྲིད་ཀྱི་སྙོན་འཛུགས་སྣ་ཚོགས་བྱས་ཡོད་འདུག
གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།




