སྤྱི་འཐུས་ཚོགས་གཙོ་མཆོག་གིས་རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བའི་རྒྱ་སྒྱུར་སྲིད་ཇུས་དེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མོས་མཐུན་བྱེད་ཐུབ་མེད་པའི་གྲོས་ཆོད་བཞག་པར་ཧ་ཅང་ཡག་པོ་བྱུང་ཡོད། ཅེས་གསུངས་སོང་།

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་མཇུག་བསྡོམས་གསུང་བཤད་གནང་སྐབས། དེ་རིང་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའམ་མཐའ་མ་དེ་ལས་ཉིན་བཅུ་གསུམ་རིང་ཐོག་མར་ཚོགས་གཙོ་སྦྲེལ་བོས་ལས་རིམ་བང་སྒྲིག་པ་གཞིར་བཟུང་དེ་རིང་ལས་དོན་ཡོངས་རྫོགས་ལེགས་གྲུབ་ཀྱི་ཉིན་མོ་ཆགས་ཡོད། ཚོགས་དུས་ལས་རིམ་ནང་ལས་རིམ་མང་པོ་ཞིག་བྱུང་ཐུབ་ཡོད། དེའི་ཁྲོད་༧སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེ་མཆོག་ལ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གྲོས་འཆར་དང་། བོད་ནང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར། བཀའ་ཤག་གི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་བཅས་རིགས་གསུམ་བྱུང་ཡོད། ཕྱི་ལོ་ ༢༠༠༨ ནས་ད་ལྟ་བར་གྲོས་ཚོགས་ནང་བོད་མིའི་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་བསླེབས་བསྡད་པའི་གནས་སྟངས་ཤིག་ཆགས་ཡོད། གཙོ་བོ་བོད་ནང་གི་ཛ་དྲག་གནས་སྟངས་མུ་མཐུད་དུ་གནས་ཡོད་པའི་ཐོག་རྒྱལ་སྤྱིའི་སྤྱི་ཚོགས་སུ་ཞུ་སྐུལ་བྱས་ཡོད་པ་དང་། བོད་རྒྱ་གཉིས་ཀྱི་ཆབ་སྲིད་དཀའ་རྙོག་སེལ་སླད་རྒྱལ་སྤྱིའི་སྤྱི་ཚོགས་སུ་རྒྱབ་སྐྱོར་འཚོལ་སྟངས། བོད་ནང་གི་བོད་མིའི་གནས་སྟངས། རྒྱ་ནག་གིས་བོད་མིའི་ཐོག་ཆབ་སྲིད་ཀྱི་ཁ་ཕྱོགས་འཛིན་སྟངས། དེ་བཞིན་འཛིན་སྐྱོང་བཀའ་ཤག་གིས་དེ་དག་གི་ཐོག་དམིགས་བསལ་འགན་འཁུར་བཞེས་ཕྱོགས་ཐོག་བཀའ་མོལ་བྱུང་སོང་། གཙོ་བོ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་གཞི་བཞིན་བོད་རྒྱའི་དཀའ་རྙོག་གསལ་སླད་བོད་ཀྱི་བདེན་པའི་འཐབ་རྩོད་དེ་འཚེ་མེད་ཞི་བའི་ཐོག་ནས་ཐབས་ལམ་ཞིག་བསྟན་ཡོད། ཕན་ཚུན་གྲོས་མོལ་གྱི་ལམ་ནས་དཀའ་ངལ་སེལ་རྒྱུ་ཐབས་ལམ་ཉག་གཅིག་ཆགས་ཡོད་ལ། དེ་ཡང་ཕྱོགས་གཉིས་ཀྱི་གནས་སྟངས་དང་བསམ་ཚུལ་རྟོགས་རྒྱུ་གལ་ཆེན་པོ་ཆགས་ཡོད། རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་གལ་ཆེན་པོ་བརྩི་བའི་ཐབས་ལམ་ཐོག་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཤུགས་རྐྱེན་སྤྲོད་ཕྱོགས་དང་། བོད་པས་དམིགས་བསལ་འགན་འཁུར་ཕྱོགས་བཅས་བོད་དོན་བདེན་མཐའ་མ་གསལ་བར་དུ་མཇུག་སྐྱོང་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་གསུངས་སོང་།
ཚོགས་གཙོ་མཆོག་གིས། བཀའ་ཤག་གིས་གཞུང་འབྲེལ་ཡིག་ཆ་གསར་བ་ཞིག་བསྣམས་ཕེབས་དགོས་པའི་གནས་སྟངས་ཆགས་ཡོད། དེ་ཡང་ཕྱི་ཟླ་ ༣ ཚེས་ ༡༢ ཉིན་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་ཐོག་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་ཞིག་གཏན་འབེབས་བྱས་ཡོད། རྒྱ་ནག་གཞུང་གི་དགོས་མཁོ་དང་བསྟུན་ནས་རྒྱ་མི་རིགས་ཀྱི་སྐད་ཡིག་ཤུགས་ཆེར་བཏོན་ནས་གྲངས་ཉུང་མི་རིགས་རྣམས་རྒྱ་རིགས་སུ་བསྒྱུར་བའི་ཐབས་ཤེས་བྱེད་བཞིན་ཡོད་ལ། གྲངས་ཉུང་མི་རིགས་དང་འབྲེལ་བའི་ཆོས་དང་རིག་གཞུང་སོགས་རྒྱ་ནག་གི་རིག་གཞུང་གི་ཆ་ཤས་སུ་བསྒྱུར་བཞིན་ཡོད། དེའི་ཐོག་རྒྱལ་སྤྱིའི་སྤྱི་ཚོགས་ནང་བགྲོ་གླེང་ཤུགས་ཆེན་འགྲོ་བཞིན་ཡོད་པ་མ་ཟད། རྒྱ་ནག་གི་ཤེས་ཡོན་ཅན་གྱི་ཁྲོད་འདོད་པ་མེད་པའི་རྣམ་འགྱུར་གསལ་བོ་སྟོན་པའི་གནས་སྟངས་ཤིག་ཆགས་ཡོད་པས། ང་ཚོའི་ངོས་ནས་དུས་ནམ་ཡང་མོས་མཐུན་བྱེད་མ་ཐུབ་པའི་ཐོག་གྲོས་ཆོད་འཇོག་ཐུབ་པར་ཧ་ཅང་ཡག་པོ་བྱུང་སོང་། ད་ལན་གྱི་ལས་ཉིན་ཁྲོད་ཕྱི་ལོ་ ༢༠༢༦ དང་ ༢༠༢༧ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་ཁྱོན་ས་ཡ་སུམ་སྟོང་བཞི་བརྒྱ་ལྷག་གཏན་འབེབས་བྱས་ཐུབ་ཡོད། དེའི་ཁྲོད་ལྷན་ཁང་ཁག་གི་ལས་དོན་བྱེད་ཕྱོགས་དང་འབྲེལ་བའི་བགྲོ་གླེང་ཡག་པོ་བྱུང་སོང་། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་གྱི་གནས་བབ་དེ་བརྒྱ་ཆ་དགུ་བཅུ་ལྷག་གཞན་བསྟེན་ཡིན་པས། ལས་འཆར་ཁག་ལ་དམིགས་པའི་ཐོག་ནས་བསྲི་ཚགས་ཀྱི་ཐོག་ནས་ལས་དོན་འཐུས་ཤོར་མེད་པར་བསྒྲུབ་ཐུབ་རྒྱུ་གལ་ཆེན་པོ་རེད། ཅེས་གསུངས་སོང་།
ཡང་ཚོགས་གཙོ་མཆོག་གིས། བོད་ཀྱི་གནས་སྟངས་དེ་ཆབ་སྲིད་དང་འགྲོ་བ་མིའི་འཐབ་རྩོད་ལས་བརྒལ་བའི་ཐོག་ནས་བོད་ཀྱི་ཆོས་དང་རིག་གཞུང་དེ་དག་གལ་ཆེན་པོ་ཡིན་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནང་ཐད་ཀར་འབྲེལ་བ་ཡོད་པ་རེད། དཔེར་ན། ནང་ཆོས་དེ་རྒྱ་གར་ནས་དུས་རབས་བརྒྱད་པའི་ནང་བོད་ལ་དར་བ་དང་། དེ་ནས་ཨེ་ཤ་ཡའི་ནང་དར་བ་རེད། ང་ཚོ་བཙན་བྱོལ་དུ་འབྱོར་བའི་རྗེས་སུ་ནུབ་ཕྱོགས་རྒྱལ་ཁབ་ཏུ་དར་བ་རེད། ད་ལྟའི་དུས་སུ་ནང་ཆོས་དེ་འཛམ་གླིང་ཁྱོན་ཡོངས་སུ་ཁྱབ་སྤེལ་འགྲོ་མུས་ཡིན་པ་རེད། ནང་ཆོས་ལ་བཀའ་འགྱུར་དང་བསྟན་འགྱུར་པོད་ ༣༠༠ ལྷག་ཡོད་པ་དེ་དག་བོད་ཀྱི་སྐད་ཡིག་གཅིག་པོར་ཡོད་པ་རེད། ད་ལྟའི་དུས་སུ་བཀའ་འགྱུར་དང་བསྟན་འགྱུར་དེ་དག་སྐད་ཡིག་གཞན་པའི་ནང་བསྒྱུར་མགོ་འཛུགས་ཀྱི་ཡོད་རེད། ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པ་འཚོགས་ཏེ། བོད་ཀྱི་རིག་གཞུང་དང་སྐད་ཡིག་ཐོག་དོ་སྣང་ཆེན་པོ་བྱུང་སོང་བསམ་གྱི་འདུག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། ཕྱི་དྲིལ་བཀའ་བློན་མཆོག སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་བཅས་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་དངོས་སུ་བཅར་སྟེ་བཀའ་མོལ་བྱུང་བ་རེད། གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་གཉིས་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་བཅར་བ་ཐེངས་དང་པོ་རེད། ཅེས་དང་། ཉི་ཧོང་དུ་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དགུ་པ་འཚོགས་ཡོད་སྐོར་དང་། བཙན་བྱོལ་བོད་མི་རྣམས་གནས་ཡུལ་རྒྱ་གར་དུ་ཡོད་པ་དང་། རྒྱ་གར་བཀའ་དྲིན་ཆེན་པོ་ཡིན་པ་དང་། རྒྱ་གར་ནང་འཛམ་གླིང་གི་མི་འབོར་ཆེ་ཤོས་ཡོད་པར་བརྟེན། རྒྱ་གར་ནང་བོད་དོན་གོ་རྟོགས་སྤེལ་རྒྱུ་གལ་ཆེན་པོ་ཡིན་སྐོར། ཕྱི་ལོ་ ༢༠༢༣ དང་ ༢༠༢༤ ལོར་རྒྱ་གར་གྱི་མངའ་སྡེ་ཁག་ཏུ་སྤྱི་འཐུས་རྣམས་ཆ་བགོས་བྱས་ཏེ། རྒྱ་གར་དབུས་དང་མངའ་སྡེའི་གནད་ཡོད་མི་སྣ་སོགས་ལ་མཇལ་འཕྲད་གནང་ནས་བོད་དོན་ཞུ་སྐུལ་སོགས་བྱས་ཡོད་སྐོར། མ་འོངས་པར་རྒྱ་གར་ནང་བོད་དོན་གོ་རྟོགས་སྤེལ་རྒྱུ་དང་། རྒྱ་གར་གཞུང་ནས་རྒྱབ་སྐྱོར་ཐོབ་དགོས་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་སོང་།
དེ་བཞིན་ཁོང་གིས། ཕྱི་ལོ་ ༡༩༧༠ ནས་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་བཙུགས་ཡོད་པ་དང་། ཚོགས་པ་དེ་གལ་ཆེན་པོ་ཡིན་པ། མ་འོངས་པར་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་དང་མཉམ་དུ་དམིགས་བསལ་གྱི་འབྲེལ་བ་འཇོག་དགོས་གལ་ཆེན་པོ་ཡིན་སྐོར་དང་། ད་བར་སྐབས་བཅུ་བདུན་པའི་སྤྱི་འཐུས་ལྷན་ཚོགས་ཀྱིས་གནད་ཡོད་མི་སྣ་ ༣༠༠ ལྷག་མཇལ་འཕྲད་དང་། ས་གནས་འཐུས་ཚོགས་ཁག་ལ་ཟབ་སྦྱོང་ཐེངས་ ༡༡ དང་། སྤྱི་འཐུས་རྣམས་ལ་ཟབ་སྦྱོང་ཐེངས་ ༦ འཚོགས་ཡོད་སྐོར། ཚོགས་གཙོ་གཞོན་གཉིས་ཀྱི་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དབུས་པའི་བཀའ་བློན་རྣམས་ཀྱིས་མཐུན་འགྱུར་ཆ་ཚང་སྦྱར་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འཛིན་སྐྱོང་བཀའ་ཤག་གིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ཕེབས་པའི་༸སྐུའི་གོ་སྟོན་དང་བྱམས་བརྩེའི་ལོ་སྲུང་གཙི་ཞུས་པ་རེད། ཡག་པོ་བྱུང་སོང་བསམ་གྱི་འདུག་ལ་གལ་ཆེན་པོ་ཆགས་ཀྱི་ཡོད་སྐོར། གྲོས་ཚོགས་ཚོགས་དུས་བཅུ་གཅིག་སྐབས་༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གྲོས་ཆོད་ཅིག་སྤྱི་མོས་ཀྱིས་གཏན་འབེབས་བྱུང་བ་དང་། ཉི་ཧོང་དུ་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་འཚོགས་ཏེ། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མཛད་པ་འཕྲིན་ལས་དང་འབྲེལ་ནས་གྲོས་ཆོད་ཅིག་བཞག་ཡོད་སྐོར་དང་། ༸མགོན་པོ་གང་ཉིད་མཆོག་གི་བཀའ་སློབ་ཕྱོགས་སྒྲིག་གནང་རྒྱུ། ཐུགས་བསྐྱེད་དམ་བཅའ་བཞི་དང་འབྲེལ་ནས་ཆོས་ལུགས་མཐུན་སྒྲིལ་བྱས་ཏེ་ར་ཇི་གྷ་ཊི་ (Raj Ghat) རུ་གྷན་དྷི་ཇིའི་དྲན་རྟེན་སྲུང་གཙིའི་སྐབས་སྨོན་ལམ་འཚོགས་ཡོད་སྐོར། མ་འོངས་པར་བོད་གཅིག་གྱུར་ཡོང་བར་འབད་བརྩོན་བྱ་རྒྱུ་གལ་ཆེན་པོ་ཡིན་པར་བརྟེན། ཚང་མས་འགན་འཁུར་བཞེས་དགོས་སྐོར། ཚོགས་དྲུང་ལས་ཁུངས་ཀྱི་ཚོགས་དྲུང་གཙོས་པའི་དྲུང་འཕར་གཉིས་དང་། འབྲེལ་ཡོད་ལས་བྱེད། དཔལ་འབྱོར་ལས་ཁུངས་ཀྱི་སྔོན་རྩིས་ཚན་པ་དང་། བདེ་སྲུང་ལས་ཁུངས་ཀྱི་ལས་བྱེད། ནང་སྲིད་ལས་ཁུངས་ཀྱི་ལས་བྱེད། འབྲེལ་ཡོད་རྣམས་ཀྱིས་མཐུན་འགྱུར་ལེགས་པོ་སྦྱར་བར་ཚོགས་གཙོ་གཞོན་གཉིས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་སྤྱི་པའི་ཆེད་དུ་མཉམ་ལས་བྱ་རྒྱུའི་གོ་སྐབས་བྱུང་བར་སྐལ་བ་བཟང་པོ་ཡིན་སྐོར་དང་། ཚང་མས་སེམས་ཤུགས་མ་ཆགས་ནས་ཕྱག་ལས་ཧུར་ཐག་གནང་དགོས་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་སོང་།
གསར་འགོད་པ། དཔལ་ལྡན། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།




