༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལོ་རྒྱུས་ཀྱིས་ང་ཚོར་དུས་ནས་དུས་སུ་དྲག་སྤྱོད་ཀྱིས་དྲག་སྤྱོད་མང་བ་འབྱུང་བ་དང་དེ་ནི་ཞི་བདེའི་རྨང་གཞི་ཡུན་རིང་པོ་ཞིག་མིན་པ་གསལ་པོ་བསྟན་ཡོད་ཅེས་གསུངས་འདུག
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
ཡུལ་ལུང་ཁག་ཅིག་ནང་དམག་འཁྲུག་འབྱུང་བཞིན་ཡོད་པའི་རྐྱེན་གྱིས་འཛམ་གླིང་ས་ཕྱོགས་གང་སར་ཉིན་རེ་ནས་ཉིན་རེ་བཞིན་དཀའ་རྙོག་ཆེ་རུ་འགྲོ་བཞིན་ཡོད་པར་བརྟེན། དེ་རིང་ཕྱི་ཚེས་ ༣༡ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དམག་འཁྲུག་འཕྲལ་དུ་མཚམས་འཇོག་དགོས་པའི་གསུང་འཕྲིན་ཞིག་བསྩལ་ཏེ། དཀའ་རྙོག་རིགས་ག་རེ་ཡིན་ནའང་གྲོས་མོལ་དང་། ཕྱི་འབྲེལ། ཕན་ཚུན་བརྩི་འཇོག་བཅས་ལ་གཞི་བཅོལ་ནས་སེལ་ཐབས་གནང་བ་ཡིན་ན་ཡུན་རིང་ཞི་བདེ་ཡོང་བའི་རྨང་གཞི་འཛུགས་ཐུབ་ཀྱི་ཡོད་པའི་ལམ་སྟོན་མཛད་འདུག
དེ་ཡང་གསུང་འཕྲིན་ནང་། ངོས་ཀྱིས་སེམས་གཏིང་ནས་ཆོས་དཔོན་ལིའོ་མཆོག་གིས་ཞི་བདེའི་འབོད་སྐུལ་ནུས་ལྡན་ཞིག་གནང་བར་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཁོང་གིས་མཚོན་ཆ་འཇོག་པ་དང་དྲག་ཤུགས་སྤང་དགོས་པའི་འབོད་སྐུལ་གནང་བ་དེར་སེམས་འགུལ་གཏིང་ཟབ་པོ་ཐེབས་བྱུང་། དེ་ནི་ཆོས་ལུགས་ཆེན་པོ་ཚང་མའི་ཆོས་ཀྱི་སྙིང་དོན་ཡིན། ང་ཚོས་ཡེ་ཤུ་ཆོས་ལུགས། ནང་ཆོས། ཁ་ཆེ། ཧིན་རྡུ། ཇིའུ་ཆོས་ལུགས་སོགས་འཛམ་གླིང་གི་ཆོས་ལུགས་གལ་ཆེན་གཞན་གང་ཞིག་ལ་བལྟས་ཀྱང་། སྙིང་པོ་གཅིག་པ་ཡིན་ཏེ་བྱམས་བརྩེ་དང་། སྙིང་རྗེ། བཟོད་བསྲན། རང་འདུལ་བཅས་རེད། དྲག་ཤུགས་ནི་ཆོས་ལུགས་གང་གི་བསླབ་བྱའི་ནང་དུའང་མེད། ལོ་རྒྱུས་ཀྱིས་ང་ཚོར་དུས་ནས་དུས་སུ་དྲག་ཤུགས་ཀྱིས་དྲག་ཤུགས་མང་བ་འབྱུང་བ་དང་། དེ་ནི་ཞི་བདེའི་རྨང་གཞི་ཡུན་རིང་པོ་ཞིག་མིན་པ་གསལ་སྟོན་བྱས་ཡོད། ཅེས་གསུངས་འདུག
༧ཡང་མགོན་པོ་གང་ཉིད་ཀྱིས། དཀྱིལ་ཤར་ཡུལ་གྲུ་ཁག་དང་ཡང་ན། ཨུ་རུ་སུ་དང་ཡུག་རེན་བར་གྱི་འཁྲུག་རྩོད་ཚུད་པའི་འཁྲུག་རྩོད་རིགས་ཀྱི་ཡུན་རིང་བའི་ཐག་གཅོད་ནི་གྲོས་མོལ་དང་། ཕྱི་འབྲེལ། ཕན་ཚུན་བརྩི་འཇོག་བཅས་ལ་གཞི་བཅོལ་དགོས། དེ་ཡང་གཞི་རྩའི་ང་ཚོ་ཚང་མ་སྤུན་མཆེད་ཡིན་པའི་གོ་རྟོགས་ཐོབ་པ་དགོས། ཞེས་དང་། ངོས་ནས་དྲག་སྤྱོད་དང་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཡོང་བར་འབོད་སྐུལ་དང་སྨོན་ལམ་འདེབས་བཞིན་ཡོད། ཅེས་གསུངས་འདུག
ཟླ་འདིའི་ཕྱི་ཚེས་ ༢༩ ཉིན་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་(Robert Prevost Pope Leo XIV) མཆོག་གིས། ང་ཚོ་དབུས་ཤར་གྱི་ཡེ་ཤུ་ཆོས་པ་ཚོ་དང་སྨོན་ལམ་གྱི་ཐོག་ནས་སྔར་ལས་ཉེ་བ་ཡོད། ཁོང་ཚོས་འཇིགས་སུ་རུང་བའི་འཁྲུག་རྩོད་ཀྱི་མཇུག་འབྲས་མྱོང་གི་ཡོད་པ་དང་། གནས་སྟངས་མང་པོའི་འོག་དགེ་བའི་ཉིན་མོ་འདི་དག་གི་ཆོ་ག་ཆ་ཚང་བྱེད་ཐུབ་ཀྱི་མེད། ཅེས་དང་། དམག་འཁྲུག་ཁྲོད་རྨས་སྐྱོན་ཕོག་པ་རྣམས་ལ་རོགས་རམ་དང་། ཞི་མཐུན་དང་ཞི་བདེའི་ལམ་བུ་དངོས་སུ་འབྱེད་པར་ཤོག ཅེས་གསུངས་འདུག
གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།