ལོ་ལྟར་འཚོགས་ཀྱིན་ཡོད་པའི་མདོ་སྨད་རྔ་བ་ས་ཁུལ་གྱི་ཀིརྟི་ཚང་གི་མ་བུ་དགོན་ལྷན་དུ་འཛོམས་པའི་ཚད་མའི་དགུན་ཆོས་ཆེན་མོ་ཐེངས་གསུམ་པ་དེ། རྒྱལ་རོང་ཚོ་བདུན་ཀིརྟིའི་དགོན་དུ་བོད་ཟླ་ ༡༡ པའི་ཟླ་དཀྱིལ་ནས་ཟླ་བ་གཅིག་རིང་འཚོགས་འཆར་ཡོད་ཀྱང་། རྒྱ་གཞུང་གིས་བཙན་ཤེད་དང་འཇིགས་སྐུལ་གྱི་སྒོ་ནས་འཚོགས་མ་བཅུག་པའི་གནས་ཚུལ་བྱུང་འདུག
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཛ་དྲག་འབྲེལ་མཐུད་ཚོགས་ཆུང་ནས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཕྱི་ལོ་ ༢༠༠༧ ལོར་སྟག་ཚང་ལྷ་མོ་ཀིརྟི་དགོན་དུ་ཀིརྟི་ཚང་གི་མ་བུ་དགོན་གྱིས་གཙོས་མདོ་སྟོད་སྨད་ཀྱི་དགོན་ཁག་ལྔ་བཅུ་ལྷག་ལྷན་དུ་འཛོམས་པའི་ཚད་མའི་དགུན་ཆོས་ཆེན་མོ་ཐེངས་དང་པོ་ཚུགས་པ་ནས་བཟུང༌། ཀིརྟི་ཚང་གི་གདན་ས་ཆེ་ཁག་བཞི་སྟེ་སྟག་ཚང་ལྷ་མོ་ཀིརྟི་དགོན་དང༌། རྔ་པ་ཀིརྟི་དགོན། ཚོ་བདུན་ཀིརྟི་དགོན། ཧོར་གཙང་ཀིརྟི་དགོན་བཅས་སུ་ལོ་ལྟར་རེས་མོས་ཀྱིས་ཚད་མའི་དགུན་ཆོས་ཆེན་མོ་འཚོགས་སྲོལ་ཚུགས་ཡོད་པ་ལྟར། སྔ་ལོ་ ༢༠༠༨ ལོར་ཐེངས་གཉིས་པ་རྔ་པ་ཀིརྟི་དགོན་དུ་ཚོགས་སྐབས་རྒྱ་གཞུང་གིས་ས་གནས་རྔ་པ་རྫོང་ཁོངས་གཅིག་པུ་ལས་མཛོད་དགེ་སོགས་རྫོང་ཁག་གཞན་གྱི་དགོན་པ་རྣམས་མཉམ་ཞུགས་བྱེད་དུ་མ་བཅུག་པས་ཐོག་མའི་འཆར་གཞི་ཇི་བཞིན་འཚོགས་ཐུབ་མེད་པ་དང༌། འདི་ལོ་ ༢༠༠༩ ལོར་རྒྱལ་རོང་ཚོ་བདུན་ཀིརྟིའི་དགོན་དུ་ཐེངས་གསུམ་པ་འཚོགས་རེས་འཁེལ་བ་ལྟར། འདི་ལོའི་ལོ་མགོ་ནས་བཟུང་ཚོ་བདུན་དགོན་པས་དཔེ་ཁྲིད་རྩོད་གྲྭ་སོགས་འཆད་ཉན་སློབ་གཉེར་ཐོག་དམིགས་བསལ་ཤུགས་སྣོན་དང༌། དགོན་ཁག་གཞན་ནས་ཕེབས་རྒྱུའི་དགེ་འདུན་པ་རྣམས་ཀྱི་བཞུགས་གནས་དང་འཚོ་བ། ཐ་ན་ལམ་དང༌། ཆུ། གློག་ཚུན་ཆད་ཡར་རྒྱས་བཏང་སྟེ་མཐུན་རྐྱེན་གྲ་སྒྲིག་ཨང་གསར་བྱས་ཡོད་པ་དང་དུས་མཚུངས་སུ། ཚད་མའི་དགུན་ཆོས་ཆེན་མོ་འཚོགས་རྒྱུར་རྒྱ་ནག་གཞུང་གི་ཆོག་མཆན་ཐོབ་དགོས་པ་ལྟར་ས་གནས་འབར་ཁམས་རྫོང་དང་རྔ་པ་རང་སྐྱོང་ཁུལ་གྱི་འབྲེལ་ཡོད་ལས་ཁུངས་ཁག་ལ་ཆོག་མཆན་ཡོང་བའི་ྋསྙན་ཞུ་ཡིག་ངག་གཉིས་ཐོག་ནས་སྔ་རྗེས་ཐེངས་མང་ཕུལ་ཡོད་ཀྱང་། རྒྱ་གཞུང་གིས་ལུགས་མཐུན་ཆོག་མཆན་སྤྲད་རྒྱུ་ཕར་བཞག དེ་ལས་ལྡོག་སྟེ་ཀིརྟིའི་དགོན་ཁག་ལྷན་འཛོམས་ཀྱི་ཚད་མའི་དགུན་ཆོས་ཆེན་མོ་འདི་བཞིན་ཆབ་སྲིད་ཀྱི་གནད་དོན་ཆེ་ཚུལ་འཁྱོག་བཤད་ཀྱིས་གཏན་ནས་འཚོགས་མི་ཆོག་ཅེས་བཙན་བཀའ་བཏང་འདུག
འབར་ཁམས་རྫོང་མི་དམངས་སྲིད་གཞུང་ནས་ཕྱི་ལོ་ ༢༠༠༩ ཟླ་ ༡༢ ཚེས་ ༢ ཉིན་ཚོ་བདུན་དགོན་གྱི་ཚད་མའི་དགུན་ཆོས་འདིའི་སྐོར་དམིགས་བསལ་གྱི་ཡིག་ཆ་དོན་ཚན་བཞི་ཅན་ཞིག་འདོན་སྤེལ་བྱས་ཏེ། ཚོ་བདུན་དགོན་གྱི་དགུན་ཆོས་འདི་ལ་དགོན་ཁག་གཞན་མཉམ་ཞུགས་བྱས་མི་ཆོག་པ་དང༌། གལ་སྲིད་དགོན་ཁག་གཞན་ནས་མཉམ་ཞུགས་བྱས་ཚེ་ཚོ་བདུན་དགོན་པ་སྒོ་རྒྱག་རྒྱུར་མ་ཟད། གནད་དོན་དེའི་སྐོར་འབྲེལ་ཆགས་མི་སྣ་སོ་སོར་རིམ་པས་ཞིབ་བཤེར་དང་ཉེས་ཆད་ནན་པོ་གཅོད་རྒྱུ་ཡིན་ཚུལ་ཡིག་ཆ་དེའི་ནང་འཁོད་འདུག ཡིག་ཆ་དེ་འབར་ཁམས་རྫོང་མི་དམངས་སྲིད་གཞུང་གི་ངོས་ནས་འདོན་སྤེལ་གྱིས་རྫོང་དམར་ཤོག་ཨུ་ཡོན་ལྷན་ཁང་དང༌། རྫོང་མི་དམངས་འཐུས་མིའི་ཚོགས་ཆེན། རྫོང་ཆབ་སྲིད་གྲོས་མོལ་ཚོགས་འདུ། རྫོང་མི་དམངས་ཁྲིམས་ཁང༌། རྫོང་ཞིབ་དཔྱོད་ལས་ཁུངས། རྫོང་དྲག་ཆས་དམག་དཔུང་ཁང༌། རྫོང་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས། རྫོང་ཆོས་ལུགས་ལས་ཁུངས་སོགས་འབར་ཁམས་རྫོང་གི་ལས་ཁུངས་ཆེ་ཁག་རྣམས་དང༌། ས་གནས་ཀྱི་ཚོ་བདུན་ཞང་དང་དགོན་པའི་གཞུང་བཅས་ལ་སྤྲད་ཡོད་འདུག
ཕྱི་ལོ་ ༢༠༠༩ ཟླ་ ༡༢ ཚེས་ ༡༦ ཉིན་རྔ་པ་རང་སྐྱོང་ཁུལ་གྱི་དྲུང་ཆེ་གཞོན་པ་ཁྲིན་ཀོན་ཧྭ་དང༌། ཁུལ་འཐབ་ཕྱོགས་གཅིག་གྱུར་ཁང་དང་ཉེན་རྟོག་ལས་ཁུངས། ཁྲིམས་འཛིན་ལས་ཁུངས། ཆོས་ལུགས་ལས་ཁུངས། འབར་ཁམས་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་སུན་ཧོང་ཅུས་དང༌། རྫོང་འཐབ་ཕྱོགས་གཅིག་གྱུར་ཁང་དང་ཆོས་ལུགས་ལས་ཁུངས། ཉེན་རྟོག་ལས་ཁུངས་སོགས་ཀྱི་མགོ་གཙོ་རྒན་གཞོན་བཅས་དཔོན་རིགས་ ༢༠ ལྷག་ཚོ་བདུན་དགོན་པའི་ནང་འབྱོར་ཏེ་དམིགས་བསལ་ཚོགས་འདུ་བསྡུ་བསྐོང་གིས་གོང་གསལ་ཡིག་ཆ་དེ་དང་དེའི་རྒྱབ་ལྗོངས་༼རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ལས་དོན་དོ་དམ་བྱེད་ཕྱོགས་ཀྱི་འཕྲལ་སེལ་བྱེད་ཐབས་༽ཟེར་བ་ལེའུ་ ༩ ནང་གསེས་དོན་ཚན་ ༤༡ ཅན་ཞིག་ལས་ལུང་འདྲེན་དང་སྦྲགས། དགོན་པ་ཁག་གིས་སྒྲིག་ཁྲིམས་འདི་དང་བསྟུན་ཏེ་རྒྱལ་ཁབ་བརྟན་ལྷིང་དང་མི་རིགས་མཐུན་སྒྲིལ་ལ་གནོད་པའི་བྱ་བ་བྱེད་མི་ཆོག་པ་དང༌། ཀིརྟིའི་དགོན་ཁག་ལྷན་འཛོམས་ཀྱི་ཚད་མའི་དགུན་ཆོས་འཚོགས་རྒྱུ་ནི་ཡིག་ཆ་འདིའི་དགོངས་དོན་དང་འགལ་གྱི་ཡོད་པས་གཏན་ནས་འཚོགས་མི་ཆོག་ཚུལ་གྱི་གཏམ་བཤད་སྤེལ་ཡོད་འདུག ༼རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ལས་དོན་དོ་དམ་བྱེད་ཕྱོགས་ཀྱི་འཕྲལ་སེལ་བྱེད་ཐབས་༽ཟེར་བའི་ཡིག་ཆ་འདི་ནི་ ༢༠༠༩ ལོའི་ཟླ་ ༨ ཚེས་ ༡༧ ཉིན་འདོན་སྤེལ་བྱས་པ་ཞིག་ཡིན་འདུག་ལ། དེ་ནི་ཚོ་བདུན་དགོན་གྱི་ཚད་མའི་དགུན་ཆོས་ཆེན་མོ་འདི་འགོག་ཐབས་ལ་དམིགས་ནས་བཏོན་པ་ཞིག་ཡིན་ཚུལ་འབྲེལ་ཡོད་དཔོན་རིགས་ཤིག་ནས་བརྗོད་ཡོད་འདུག
དགུན་ཆོས་སྐབས་ཆབ་སྲིད་ཀྱི་དོན་རྐྱེན་ཕྲ་མོ་ཙམ་ཡང་མི་འབྱུང་བའི་ཁག་ཐེག་གཙང་མ་བྱས་པའི་ཁེ་ལེན་སོགས་ཇི་ལྟར་བྱས་ཀྱང་དོན་འབྲས་སོན་མེད་སྟབས། དགོན་པའི་འགན་ཁུར་བ་རྣམས་ནས་ཚད་མའི་དགུན་ཆོས་འདི་ཉིད་རིགས་པ་སྨྲ་བའི་དགེ་འདུན་པ་མང་པོ་ལྷན་འཛོམས་ཀྱིས་བོད་བརྒྱུད་ནང་བསྟན་གྱི་ཚད་མ་རིག་པའི་གཞུང་ལུགས་ལ་ལུང་རིགས་ཀྱི་རྩོད་པའི་སྒོ་ནས་བགྲོ་གླེང་དང་སློབ་གཉེར་བྱེད་པའི་ཆོས་ཕྱོགས་ཁོ་ནའི་བྱེད་སྒོ་ཞིག་ཡིན་པས། ཆོས་བྱེད་དགེ་འདུན་པ་རྣམས་ལ་འདི་ལྟ་བུའི་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་བའི་རང་དབང་ཡོད་པ་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གཏན་འབེབས་བྱས་ཡོད་ཚུལ་སོགས་ཀྱི་རྒྱུ་མཚན་བགྲང་སྐབས། གཞུང་གི་དཔོན་རིགས་ཚོས་དེའི་ལན་དུ། ཆོས་དད་རང་དབང་ཞེས་པ་ནི་མི་སྒེར་སོ་སོས་ཕྱག་སྐོར་ཁ་འདོན་བྱེད་ཆོག་པའི་རང་དབང་ཙམ་ཞིག་ཡིན་པ་ལས་མི་མང་པོ་ལྷན་འཛོམས་ཀྱིས་བྱེད་སྒོ་འདི་འདྲ་སྤེལ་ཆོག་པ་ཞིག་མིན་ཚུལ་དང༌། ལྷག་པར་སྔ་ལོ་རྔ་པ་རང་སྐྱོང་ཁུལ་གྱི་ས་ཁོངས་སྤྱི་དང༌། དེའི་ནང་ནས་ཀྱང་སྟག་ཚང་ལྷ་མོ་ཀིརྟི་དགོན་དང༌། རྔ་པ་ཀིརྟི་དགོན། ཚོ་བདུན་ཀིརྟི་དགོན་པ་བཅས་སུ་བྱུང་བའི་ངོ་རྒོལ་གྱི་དོན་རྐྱེན་དེ་དག་ནི་དེའི་སྔ་ལོ་ ༢༠༠༧ ལོར་སྟག་ཚང་ལྷ་མོ་ཀིརྟི་དགོན་དུ་ཚུགས་པའི་ཚད་མའི་དགུན་ཆོས་སྐབས་དགོན་པ་ཁག་གིས་ལྐོག་གྲོས་བྱས་ནས་འཆར་གཞི་བཀོད་པ་ལྟར་ལས་འགུལ་རིམ་པར་སྤེལ་བ་ཞིག་ཡིན་ཚུལ་དང༌། འདིའི་སྐོར་ད་ལྟ་སྲིད་གཞུང་གིས་ཞིབ་འཇུག་བྱེད་བཞིན་པ་དང་གནད་དོན་གསལ་པོ་མ་ཆགས་པའི་སྐབས་ཡིན་པས། དུས་ཚོད་འདི་འདྲ་ཞིག་གི་སྐབས་ལ་ཁྱེད་ཚོས་སླར་ཡང་མཉམ་ཚོགས་བྱེད་རྒྱུ་ཟེར་བ་ནི་ཡོང་ཐབས་མེད་པ་ཞིག་ཡིན་ཚུལ་དང༌། གལ་སྲིད་ཆོག་མཆན་མེད་བཞིན་དུ་འཚོགས་ཚེ་དགོན་ཁག་གཞན་ནས་གྲྭ་པ་སུ་ཞིག་སླེབས་ན་ལམ་སེང་འཛིན་བཟུང་བྱ་རྒྱུ་ཡིན་པས། དེའི་སྐབས་གནས་ཚུལ་བཟང་ངན་ཇི་ཆགས་ཀྱི་འགན་ཆ་ཚང་ཚོ་བདུན་དགོན་པས་འཁྱེར་དགོས་ཚུལ་སོགས་འཇིགས་སྐུལ་ཡང་བྱས་འདུག
སྔ་ལོའི་དོན་རྐྱེན་སྐོར་སྐབས་དེ་དུས་ནས་ྋསྐྱབས་རྗེ་ཀིརྟི་རིན་པོ་ཆེས་ཕྱི་ལོགས་ནས་བརྒྱུད་སྐུལ་གནང་བ་ཡིན་ཚུལ་རྒྱ་གཞུང་གིས་སྐྱོན་འཛུགས་བྱས་ཏེ་གཞུང་གི་ཚགས་པར་དང་བརྙན་འཕྲིན། དྲ་རྒྱ་སོགས་ཀྱི་ནང་དྲིལ་བསྒྲགས་ཤུགས་ཆེན་བྱས་ཡོད་ནའང་དེ་ནི་ཁུངས་མེད་རྫུན་བཟོ་བྱས་པ་ཞིག་ཡིན་པས་ད་བར་དུ་ཁོང་ཚོར་བདེན་དཔང་གཅིག་ཀྱང་རག་ཡོད་པ་མ་རེད། རྒྱ་ནག་གཞུང་གིས་ཀིརྟིའི་དགོན་པ་ཁག་ནི་མདོ་སྨད་ཁུལ་དུ་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་སྤེལ་མཁན་ལྟེ་བ་ཞིག་ཏུ་ངོས་འཛིན་གྱིས་རྒྱུན་དུ་ཀིརྟིའི་དགོན་པ་ཁག་ལ་ཆབ་སྲིད་ཀྱི་དོགས་ཟོན་དང་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་པ་དང༌། དེ་འདྲའི་རྐྱེན་གྱིས་རྔ་པ་ཀིརྟི་དགོན་གྱི་ནང་བསྟན་གཞོན་ནུའི་རིག་སློབ་ཁང་ཞེས་པ་དགེ་སློབ་བདུན་བརྒྱ་ལྷག་ཡོད་པའི་སློབ་གྲྭ་དེ་ཕྱི་ལོ་ ༢༠༠༣ ལོར་གཏན་དུ་སྒོ་བརྒྱབས་པ་དང༌། སྟག་ཚང་ལྷ་མོ་ཀིརྟི་དགོན་གྱི་རིག་གནས་སློབ་གཉེར་ཁང་ཞེས་པ་དགེ་སློབ་བཞི་བརྒྱ་ལྷག་ཡོད་པའི་སློབ་གྲྭ་དེ་ཕྱི་ལོ་ ༢༠༠༨ ལོར་སྒོ་བརྒྱབས་པ་སོགས་ཀྱི་གནས་ཚུལ་བྱུང་དང་འབྱུང་བཞིན་པ་རེད། རྒྱུ་མཚན་དེ་འདྲའི་དབང་གིས། ད་ལམ་ཚོ་བདུན་ཀིརྟིའི་དགོན་གྱི་ལས་སྣེ་གྲྭ་མང་བཅས་ནས་ཞུ་གཏུགས་ཡང་ཡང་བྱས་ཀྱང་རྒྱ་གཞུང་གི་ཆོག་མཆན་མ་ཐོབ་པས། མཐར་༼ཀིརྟི་ཚང་གི་མ་བུ་དགོན་ལྷན་དུ་འཛོམས་པའི་ཚད་མའི་དགུན་ཆོས་ཆེན་མོ་༽ཐེངས་གསུམ་པ་རྒྱལ་རོང་ཚོ་བདུན་ཀིརྟིའི་དགོན་དུ་བོད་ཟླ་ ༡༡ པའི་ཟླ་དཀྱིལ་ནས་ཟླ་བ་གཅིག་རིང་འཚོགས་འཆར་ཡོད་པ་དེ་འཚོགས་མ་ཐུབ་པའི་གནས་ཚུལ་བྱུང་འདུག
དེ་དང་ཆབས་ཅིག་ཚོ་བདུན་དགོན་པའི་མཐའ་འཁོར་ལམ་མདོ་ཁག་ཏུ་ཉེན་རྟོག་པ་བཀྲམས་ཏེ། ཐ་ན་དགོན་པའི་ནང་གི་གྲྭ་པའི་ནང་མི་རྣམས་ཀྱང་དགོན་པའི་ནང་འགྲོ་མི་ཆོག་པའི་བཀག་སྡོམ་བྱེད་བཞིན་ཡོད་པ་དང༌། འབར་ཁམས་རྫོང་གི་ལས་བྱེད་ཡིན་པའི་ཚོ་བདུན་པ་ཡོངས་རྫོགས་གུང་སེང་གི་མིང་ཐོག་རང་ཡུལ་དུ་བཏང་སྟེ་རང་རང་སོ་སོའི་གྲོང་ཚོའི་ནང་གི་མི་མང་དང་འབྲེལ་ཡོད་ཚོ་བདུན་དགོན་པའི་གྲྭ་པ་བཅས་ལ་ལྟ་སྲུང་ནན་པོ་བྱ་དགོས་པའི་བཀོད་མངགས་བྱས་ཡོད་འདུག དེ་དང་ཆབས་ཅིག་དགོན་པའི་ལྷ་སྡེ་གྲོང་ཚོ་ཁག་ཏུའང་ཚོགས་འདུ་བསྐངས་ཏེ་ཚད་མའི་དགུན་ཆོས་འཚོགས་རྒྱུར་མཐུན་རྐྱེན་སྦྱོར་མི་ཆོག་པ་དང་རོགས་འདེགས་བྱེད་མི་ཆོག་པའི་བཙན་བཀའ་དང་འཇིགས་སྐུལ་བྱེད་བཞིན་པར་མ་ཟད། ཉིན་ཤས་གོང་དུ་དགོན་པའི་ལྷ་སྡེ་གྲོང་ཚོ་སོ་སོའི་ནང་ས་གནས་རྫོང་དང་ཞང་ནས་ལས་བྱེད་ཚོགས་ཆུང་ཟེར་བ་རེ་ཆེད་གཏོང་གིས་དགུན་དུས་ཀྱི་མེ་སྲུང་དང་འཕྲོད་བསྟེན་སྐོར་མང་ཚོགས་ལ་ཚོགས་འདུ་ཡོད་ཚུལ་བརྗོད་དེ། ཚོགས་འདུར་འབྱོར་བ་མི་རེ་ངོ་རེས་ཡིག་ཆ་ཞིག་གི་མཇུག་ཏུ་མཛུབ་ཐེལ་བརྒྱབ་བཅུག་པ་དང༌། ཚོགས་འདུར་མ་འབྱོར་བ་རྣམས་ལ་སྒོར་ ༥༠ རེའི་ཆད་པ་བཅད་ཡོད་འདུག མང་ཚོགས་ནས་ཡིག་ཆ་དེ་མེ་སྲུང་དང་འཕྲོད་བསྟེན་སྐོར་ཡིན་ཤག་དང་མཛུབ་ཐེལ་རྒྱག་དགོས་ས་ཞིག་ཡིན་ཤག་གིས་མཛུབ་ཐེལ་བརྒྱབས་ཡོད་ནའང༌། དགོན་པའི་གྲྭ་པ་ཞིག་གིས་ཡིག་ཆ་ལ་མི་མང་གིས་མཛུབ་ཐེལ་བརྒྱབ་བཅུག་པ་དེ་སྲིད་གཞུང་གི་ལྐོག་གཡོ་ཞིག་ཡིན་པའི་དོགས་གཞི་བྱས་ཏེ་བསྐྱར་ཞིབ་བྱས་སྐབས། ཡིག་ཆ་དེའི་ནང་དོན་ནི་མེ་སྲུང་དང་འཕྲོད་བསྟེན་སྐོར་མིན་པར། ཚོ་བདུན་དགོན་པའི་ནང་ཚད་མའི་དགུན་ཆོས་འཚོགས་རྒྱུ་འདི་བཞིན་དགོན་པ་ཁག་གིས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་འཆར་གཞི་ཞིག་ཡིན་པ་དང༌། རྒྱལ་ཁབ་ཀྱི་བརྟན་ལྷིང་དང་མི་རིགས་མཐུན་སྒྲིལ། མི་མང་གི་བདེ་འཇགས་སོགས་ལ་གནོད་པའི་ལས་འགུལ་ཞིག་ཡིན་པས་འདི་འཚོགས་འཇུག་མི་རུང་ཞེས་མི་མང་གིས་གཞུང་ལ་ཞུ་གཏུགས་བྱས་ཁུལ་གྱི་ཡིག་ཆ་རྫུན་བཟོ་བྱས་པ་ཞིག་ཡིན་ཚུལ་ཤེས་རྟོགས་བྱུང་འདུག
འདི་ནི་རྒྱ་གཞུང་གིས་མི་མང་ལ་མགོ་སྐོར་བཏང་སྟེ་མཛུབ་ཐེལ་བརྒྱབ་བཅུག་པ་ཞིག་ཡིན་པས། གནས་ཚུལ་འདི་མི་མང་ཁྲོད་ཁྱབ་མ་ཐག་མི་མང་གིས་རྒྱ་ནག་གཞུང་དང་ལྷག་པར་གྲོང་ཚོ་སོ་སོའི་འགོ་དཔོན་རྣམས་ལ་ཁོང་ཁྲོ་དང་སྐྱོན་བརྗོད་ཡང་ཡང་བྱེད་ཀྱིན་ཡོད་འདུག མི་མང་ལ་མགོ་སྐོར་བཏང་སྟེ་མཛུབ་ཐེལ་བརྒྱབས་པའི་ཡིག་ཆ་རྫུན་མ་འདི་ནི་ས་གནས་འབར་ཁམས་རྫོང་དང་རྔ་པ་རང་སྐྱོང་ཁུལ་གྱི་འབྲེལ་ཡོད་ལས་ཁུངས་ཁག་གིས་ཚོ་བདུན་ཀིརྟིའི་དགོན་དུ་ཚད་མའི་དགུན་ཆོས་ཆེན་མོ་འཚོགས་མ་བཅུག་པ་འདིའི་རྒྱུ་མཚན་རྫུན་མ་དང་ཁུངས་ལུང་རྫུན་མ་ཞིག་གི་ཆེད་ཡིན་པ་ནི་གསལ་པོ་ཡིན་པ་མ་ཟད། འདི་བེད་སྤྱད་དེ་རྒྱལ་སྤྱིའི་ཐོག་གི་གཞུང་དང་མི་མང༌། ཐ་ན་རྒྱ་ནག་རང་གི་དབུས་གཞུང་ལའང་མགོ་སྐོར་གཏོང་གི་ཡོད་པ་གསལ་པོ་རེད། སྤྱིར་ཚད་མའི་དགུན་ཆོས་ནི་དབུས་གཙང་ཁུལ་དུ་འཇང་དགུན་ཆོས་ཞེས་སྔ་མོ་ནས་ཡོད་པ་ལྟར། ཁམས་ཁུལ་དུའང་ད་ལྟ་དགོན་པ་མང་པོ་ལྷན་འཛོམས་ཀྱིས་ལོ་ལྟར་འཚོགས་བཞིན་པ་དང༌། མདོ་སྨད་ཁུལ་དུ་ ༢༠༠༧ ལོ་ནས་བཟུང་ཀིརྟིའི་དགོན་ཁག་ཏུ་གསར་ཚུགས་བྱུང་བ་ཞིག་ཡིན་ལ། འདི་ནི་དགོན་སྡེ་ཁག་གི་སློབ་གཉེར་བ་དང་རིགས་པ་སྨྲ་བ་རྣམས་ལྷན་འཛོམས་ཀྱིས་ཚད་མ་རིག་པའི་གཞུང་ལུགས་ལ་དམིགས་བསལ་བགྲོ་གླེང་གནང་རྒྱུའི་ཆོས་ཕྱོགས་ཁོ་ནའི་འགྲོ་སྟངས་ཤིག་དང༌། དགོན་པ་ཁག་གི་ལོ་རེའི་འཆར་ཅན་གྱི་སློབ་གཉེར་བྱེད་སྒོའི་གྲས་ཤིག་ཡིན་པ་ལས། ཆབ་སྲིད་དང་འབྲེལ་བ་སྤུ་ཙམ་མེད་ནའང༌། རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་གནད་དོན་ཡོད་ཚུལ་ཁ་གཡར་ཏེ་བཀག་སྡོམ་བྱེད་བཞིན་པ་འདི་ནི། བོད་ཀྱི་ཆོས་དང་རིག་གཞུང་ཉམས་དམས་སུ་གཏོང་བའི་བྱེད་ཐབས་ངན་པ་ཞིག་ཡིན་པར་ང་ཚོས་ངོས་འཛིན་བྱེད་ཀྱི་ཡོད་པ་བཅས། བཀོད་འདུག
དྲ་ཐོག་གསར་འགྱུར་འདི་དག་ཀློག་ཐེངས་རེར།།
རང་ཡུལ་ཁ་བ་ཅན་གྱི་སྐྱེ་འབུངས་ཀུན།།
སྲིད་གཞུང་ངན་པའི་འོག་གི་བཙོན་མ་ཞིག།
གྱུར་བ་དེ་ལ་བསམ་ན་སེམས་འདི་གཟེར།།
ན་ཟུག་མིག་ལ་སྟོན་རྒྱུ་མེད་མོད་ཀྱང་།།
རིགས་ཞེན་འདི་ཡི་བཟོས་པའི་ན་ཟུག་འདི།།
བོད་རིགས་སྤྱི་འབུངས་ཚང་མར་རང་དབང་ཞིག།
མ་ཐོབ་བར་དུ་འཇག་ཐབས་རྩ་བྲལ་རེད།།
མི་ལ་རང་དབང་མེད་ན།།
གསོན་ཡང་བྱ་ལས་སྐྱོ་བ།།
བཙན་པོའི་གཉའ་གནོན་འོག་ནས།།
མཐར་བར་ཆིག་སྒྲིལ་བྱོས་དང་།།
ཁོང་ཚོས་ད་དུང་ཆོས་དད་རང་མོས་ཡིན་ཟེར་ནས་ཧམ་བཤད་འདི་འདྲ་གཙོས་མང་པོ་ཞིག
ང་ཚོས་རྒྱལ་སྤྱིའི་ཐོག་གསལ་གཏོན་གནང་རྒྱུར་་གལ་ཤིན་ཏུ་ཆེ།