མཚོ་མགོ་བ་ཨཱཅཱརྱ་པདྨ་རྡོ་རྗེ།
མངར་སྐྱུར་འདྲེས་མའི་སྤྱི་ཚོགས་ཀྱི་ལམ་བུར་དངོས་སུ་བསྐྱོད་མགོ་བརྩམས་ཏེ་བགྲང་བྱ་བཅུ་ཕྲག་གཅིག་ཙམ་འདས་པའི་དུས་ཡུན་འདིའི་བརྒྱུད་རིམ་ནས་བོད་ཀྱི་སྐད་དང༌། རིག་གཞུང་ལ་རང་རིགས་ཚོས་དགའ་ཞེན་ཅི་ཙམ་ཡོད་མེད་ནི་ལག་མཐིལ་གྱི་སྐྱུ་རུ་ར་བཞིན་དུ་མངོན་སུམ་རྗེན་པར་སྣང་ཡང༌། ད་ལམ་ཤེས་རིག་ཚོགས་ཆེན་གྱི་གྲོས་གཞི་རྣམས་གྱི་ན་བ་བདག་ལྟ་བུའི་མིག་ལམ་དུ་གྱུར་སྟབས་ཇི་སྐད་དུ། བྱང་བསྟན་ཕུག་པར་རྟ་ལྗང་ཅན་གྱི་ཟེར། །མི་འཇུག་དངོས་པོའི་གཤིས་ལ་བཅོས་མེད་ཀྱང༌། །ཕྱོགས་གཞན་བུག་པར་ཤར་བའི་སྣང་བ་ཡིས། །འཐིབས་བུའི་སྨག་རུམ་སེལ་བ་འགའ་འབྱུང་སྙམ། །ཞེས་པའི་གསུང་འགྲོས་འདི་བཞིན་བློ་ངོར་ལྷང་ངེར་དྲན་པར་མ་ཟད། སྐྱེས་སྦྱངས་ཀྱི་ཤེས་རབ་སད་མིན་གྱིས་སྐྱེ་བོ་ཕན་ཚུན་གྱི་བསམ་ཚུལ་ཐམས་ཅད་མཐུན་དགོས་པའི་ངེས་པ་མ་མཆིས་སྙམ་བྱུང་ན། འཆད་པར་འགྱུར་བའི་རྨོངས་གཏམ་རྣམས་ཀྱང་སྐྱེ་བོ་ཕལ་མོ་ཆེའི་ཐོས་འཛིན་དབང་པོར་འཇུག་པར་དཀའ་བ་གདོན་མི་ཟ་ནའང༌། ལས་དབང་གིས་ཆོས་ལྡན་ཁ་བའི་ལྗོངས་ཀྱི་ཤེད་ལྡན་དུ་ཕངས་ཤིང་དེ་གའི་སྐད་དང་རིག་གཞུང་ལ་རང་ནུས་གང་ལྕོགས་ཀྱིས་བདག་གཅེས་བྱ་དགོས་པའི་ལས་འགན་ཞིག་བཀྲིས་པར་སོང༌། ཤེས་འཇོན་གང་གིས་དབེན་ཡང་རང་གི་འཆར་སྣང་སྤེལ་རྒྱུའི་བློ་ཁོག་བཅངས་པ་འདིར་དགོངས་འགལ་མེད་པ་ཞུ།
ཤེས་རིག་ཚོགས་ཆེན་གྱི་གྲོས་གཞི་ལྟར་སྐད་ཡིག་ལ་ཆ་མཚོན་ན། ཡི་གེའི་རྣམ་པ་གསལ་བའི་གཟུགས་དང༌། ནང་དོན་གསལ་བར་བྱེད་པའི་རྗོད་ཚིག་གི་དག་ཆ། ཀློག་བདེ་གོ་བདེ་ཡོང་བའི་སྡེབ་སྦྱོར། ཉན་པ་པོ་སྤྲོ་བ་བསྲིང་བའི་རྒྱན་ཚིག ངག་ནས་སྨྲ་བའི་སྐབས་ཀྱི་འདོན་སྟངས་སོགས་ཞིབ་ཕྲ་ཡོད་པས། གང་ཟག་ཕལ་མོ་ཆེའི་དགོངས་ཚུལ་ལ་འཕྲུལ་འཁོར་གྱི་དུས་རབས་འདིར་ཡི་གེའི་རྣམ་པར་གསལ་བར་བྱེད་པའི་གཟུགས་ལ་དོ་སྣང་དང་གཙིགས་ཆེན་པོ་བྱས་ཏེ་དུས་ཚོད་གཏོང་བ་ནི་ཆེས་རྗེས་ལུས་དང༌། བོད་ཡིག་དེ་བཞིན་ནང་ཆོས་སློབ་གཉེར་བྱ་རྒྱུར་དགོས་མཁོ་བྱུང་བ་ཞིག་ན། ད་ནི་ནང་ཆོས་ཀྱང་དབྱིན་སྐད་ཐོག་སྦྱོང་ཆོག་པས་བོད་ཡིག་གི་དགོས་གནད་གང་ཡང་མེད་པར་ངོས་འཛིན་བྱེད་ཀྱི་ཡོད། དེ་འདྲའི་བསམ་ཚུལ་ཡོད་པའི་མང་ཚོགས་ཀྱིས་རང་ཉིད་ཀྱི་ཕྲུ་གུར་བོད་ཡིག་ལ་སློབ་གཉེར་བྱེད་དགོས་པའི་སློབ་གསོ་ཅི་འདྲ་ཞིག་བྱེད་དམ། འདས་པའི་དུས་ཡུན་རིང་པོ་ཞིག་ནས་སློབ་གྲྭ་ཁག་ཏུ་སློབ་མ་ཚོས་བོད་ཡིག་ལེགས་པོ་མ་བྱུང་བ་དེ་བཞིན་དགེ་རྒན་གྱི་འཐུས་ཤོར་ཡིན་པར་གསུངས་མོད། ཐམས་ཅད་དགེ་རྒན་ལ་རག་ལས་པ་ནི་མ་ཡིན་ཏེ། མི་རབས་གསར་བརྗེ་བྱུང་བའི་རིམ་པར་གཟིགས་ཚེ། དེང་སང་གི་སློབ་མ་ཚོ་ནི་དྲན་ཤེས་མི་བརྟན་པ། གཡེང་བ་ཆེ་བ། རེ་དྭོགས་ཆེ་བ། དཀའ་ཐུབ་བཟོད་དཀའ་བ། ཁ་འདྲི་གཡོ་རྒྱུ་མང་བ། ཁུར་དྭང་ལེན་དབེན་པ། གཞན་ལ་བརྙེས་རྒྱུར་དགའ་བ། ཕྱི་ཐག་ཐུང་བ། བྱ་རྒྱུ་མང་བ་སོགས་ཡོད་པ་ནི་དགེ་རྒན་ལས་སྤྲོས་པའི་གང་ཟག་གཞན་སུས་ཤེས་ནུས། ལར་ནས་སློབ་གྲྭའི་ནང་འཛིན་གྲྭ་དྲུག་པ་ཡན་ཆད་ཀྱི་ཉིན་ཞགས་གཅིག་གི་དུས་ཚོད་རེའུ་མིག་ནང་བོད་ཡིག་དང་འབྲེལ་བའི་དུས་ཚོད་འཆར་འགོད་ཇི་ཙམ་བྱུང་ཡོད་དམ། ད་བར་མི་ལོ་ལྔ་བཅུ་ཙམ་གྱི་རིང་གཞི་རིམ་སློབ་གྲྭ་ཁག་གི་ནང་བོད་ཡིག་ལ་སྐད་རིགས་གཉིས་པའི་གོ་ས་སྤྲད་དེ་སློབ་པར་བརྟེན། སློབ་ཁྲིད་གནང་མཁན་དང་ཐོས་བསམ་གནང་མཁན་གཉིས་ཀས་གཙིགས་ཆེན་དུ་མ་བཟུང་པར་མ་ཟད། སློབ་ཚན་ཚང་མར་ཁྱ་ར་ཁྱོ་རེ་ཡོང་རྐྱེན་ཀྱང་ཇི་སྐད་དུ། ཞགས་གསུམ་སངས་རྒྱས་སངས་རྒྱས་རུང་མི་རུང༌། ཚེས་པ་བཅོ་ལྔ་ལ་གདན་འདྲེན་ཞུ་རྒྱུ་རེད་ཅེས་པ་ལྟར། ཤེས་ཚད་ཡོད་མིན་ལ་མ་ལྟོས་པར་འཛིན་གྲྭ་དང་པོ་ནས་བཅུ་གཉིས་བར་ཡུག་གཅིག་ལ་ཐོན་དགོས་པ་དང་གཅིག སློབ་ཚན་མང་པོ་ཞིག་ལ་སློབ་དགོས་པ་དང་གཉིས། ཐོས་པར་བསམ་སྒོམ་བྱ་ལོངས་མེད་པར་རྩེད་རིགས་སོགས་ཀྱི་ཆེད་དུ་འཛོམས་འཛོམས་མང་དྲགས་པ་དང་གསུམ་བཅས་ཡིན་ཞིང༌། སྐྱེ་བོ་ཕལ་མོ་ཆེས་ལས་ཀར་དངོས་སུ་ཞུགས་ཏེ་མི་ཚེ་སྐྱེལ་སྐབས་གཞུང་ལུགས་རིགས་གཅིག་ཁོ་ནར་བསྟེན་གྱི་ཡོད་པས། སློབ་ཚན་གཞན་རྣམས་ཐོས་པའི་ཡོན་ཏན་ཕྲན་བུ་ཞིག་ཡོང་སྲིད་ཀྱང་དུས་ཚོད་བཏང་སྟེ་དཀའ་སྤྱད་བྱས་པ་དང་མཉམ་པའི་ཕན་ཐོགས་ནི་གང་ཡང་སྟོན་རྒྱུ་མེད། རང་ཉིད་སློབ་ཕྲུག་བྱས་པའི་ཉམས་མྱོང་ལ་གཞིགས་པ་ཡིན་ནའང་དུས་ཚོད་དུ་མ་ཞིག་མི་ཚེའི་ནང་འབྲེལ་བ་མེད་པའི་ཐོག་ཕར་རྒྱུགས་ཚུར་རྒྱུགས་ཀྱིས་གཡག་ཞར་བས་རྩྭ་བཟས་པ་ལྟར་རྩ་བ་བོར་ནས་ཡལ་གར་འཇུ་དགོས་བྱུང་ཡོད། དེས་ན་ཀླད་ཆུང་ངས་བལྟས་ན་འཛིན་གྲྭ་བརྒྱད་པ་ཙམ་ནས་སློབ་མ་རང་རང་སོ་སོའི་དགའ་མོས་ཡོད་པའི་གཞུང་ལུགས་བྱེ་བྲག་པ་ལ་གསན་བསམ་སློབ་གཉེར་གྱིས་རིགས་གཅིག་རྐང་འཛིན་གྱི་ལམ་བུར་སྐྱོད་མགོ་རྩོམ་དགོས་པ་ལས། འཚོ་བའི་ནང་འབྲས་བུ་གང་ཡང་གདགས་པར་མི་འགྱུར་བ་ཞིག་ལ་དུས་ཚོད་བཏང་སྟེ་དཀའ་སྤྱད་བྱེད་པ་ནི་དགོས་མེད་དུ་སེམས། གཞན་ཡང་དགེ་རྒན་གྱིས་སྣང་མེད་ཤོར་བའང་ཡོད་དེ། དཔེར་ན་དག་ཆ་དང་སྡེབ་སྦྱོར། ཚིག་རྒྱན་སོགས་ཕར་ཞོག ཐ་ན་ཡིག་གཟུགས་འབྲི་སྐབས་ཀྱང་དབྱངས་རྣམས་མིང་གཞི་དང་སྦྱོར་བའི་ཚེ་ན་མིང་གཞིའི་ཕྱོགས་གང་དུ་སྦྱོར་དགོས་མིན། མགོ་གང་ནས་བརྩམས་ཏེ་མཇུག་གང་དུ་བསྒྲིལ་མིན། དབྱངས་དང་ཚེག་སྔོན་དུ་གང་འབྲི་དགོས་མིན་སོགས་འབྲི་བའི་རིམ་པ་བསླབས་མེད་པར་མ་ཟད། ཀློག་སྟངས་ལ་ཆ་མཚོན་ནའང༌། འབྱེད་དང༌། བྱེད། དབྱེ་གསུམ་སྒྲ་གདངས་གཅིག་པར་ཀློག་པ་དང༌། དེ་བཞིན་དུ་འབབ་བབ་དབབ་གསུམ། འབྱུང་བྱུང་དབྱུང་གསུམ། འགྱུར་གྱུར་གཉིས་སོགས་འཛིན་གྲྭ་བཅུ་གཉིས་འདས་པའི་ཕ་རོལ་ཏུའང་སྒྲ་གདངས་ཐ་དད་ཡོད་པའི་ཡིག་རིགས་བརྗོད་ཀྱིས་མ་ལངས་པ་ཞིག་གཅིག་མཚུངས་ཀློག་པ་དང༌། འགྲོ་བ་དང་འགྲོ་བ། གོ་བ་དང་གོ་བ། བསླབ་པ་དང་བསླབ་པ་སོགས་དག་ཆ་གཅིག་མཚུངས་ཡིན་ཀྱང་ངག་ནས་བརྗོད་སྟངས་ཀྱི་ཁྱད་པར་ལས་མིང་ཚིག་དང་བྱ་ཚིག་གི་རྣམ་པ་སོ་སོར་འགྱུར་གྱི་ཡོད་པ་སོགས་ཀྱི་ཐད་གོ་ཐོས་གང་ཡང་མ་བྱུང་བའི་རྣམ་འགྱུར་གསལ་པོ་འདུག དེས་ན་གཞུང་ལུགས་གང་དང་གང་ཡིན་ཀྱང་ཡི་གེ་ཀློག་ཤེས་དགོས་པ་དང༌། ཡི་གེ་ཀློག་མི་ཤེས་ན་གོ་བ་སྐྱེ་མི་སྲིད་ལ། གོ་བ་མ་སྐྱེས་ན་སྤྲོ་བ་འཕེལ་མི་སྲིད་པས། སློབ་མ་རྣམས་ཀྱིས་དཔེ་དེབ་ཀློག་རྒྱུར་སྤྲོ་བ་སྤེལ་འདོད་ཀྱིས་ཀློག་སྟངས་ལམ་སྟོན་ནན་པོ་གནང་ན་དོན་འབྲས་ཕྲན་བུ་སོན་ངེས་སུ་མཐོང༌། མང་ཚོགས་ཀྱི་གསུང་འགྲོས་སུ། སློབ་མའི་གནས་ཚད་ཞན་པོ་ཡོང་རྐྱེན་ཀྱང་དགེ་རྒན་ཞན་པའི་ཉེར་ལེན་དུ་ངོས་འཛིན་བྱེད་ཀྱི་ཡོད། བདེན་ན། ཤེས་ཡོན་ཅན་རྣམས་དགེ་རྒན་མི་བྱེད་པ་གང་ཡིན་ནམ། ཤེས་ཡོན་ཞན་པོ་རྣམས་དགེ་རྒན་དུ་མུ་མཐུད་འཇོག་དགོས་པ་གང་ཡིན། རིན་ཆེན་གསེར་དང་ཨ་སྒོར་མཐོང་བའི་ཚེ། །ལྷན་སྐྱེས་མི་ཡི་རང་བཞིན་གཅིག་པར་མངོན། །ཞེས་གསུངས་པ་ལྟར་ཇི་སྲིད་བརྐམ་ཆགས་མ་སྤངས་པ་དེ་སྲིད་དུ་རྩྭ་ཆུ་བཟང་སར་འགྲོ་ངེས་ཡིན་པ་གཤིས་ལུགས་རེད། ཤེས་ཡོན་ཅན་གྱི་དགེ་རྒན་དགོས་ན་ཤེས་རིག་སྲིད་བྱུས་གསར་པའི་ནང་གསལ་བཞིན་དགེ་རྒན་ལ་ཆེ་མཐོང་དང༌། མཐུན་རྐྱེན་ཆེ་ཙམ་བསྐྲུན་དགོས། ད་ལྟའི་ཆར་སྤྱི་ཚོགས་ནང་དགེ་རྒན་ཟེར་ན་འཚོ་བ་ཉམས་ཐག་ཤོས་ཤིག་ཏུ་བརྩིས་ཏེ་རྐུབ་བཀྱག་སྟེང་གི་སེང་གེ་དང་གྲོང་ཁྱེར་ནང་གི་ཨབ་སོག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། རེད་ཨ། གཞུང་གིས་གཅོག་འཐེན་སོགས་ཕུར་ཕུར་གཏང་ས་ནི་དགེ་རྒན་ལས་བྱེད་དང༌། ཉམ་ཐག་འཚོལ་ཞིབ་བྱ་ས་ནི་ཚོང་ཁང་དང༌། ས་ཞིང་ཡོད་པའི་གཞིས་ཆགས་རྣམས་ཡིན་པ་ལས། དགེ་རྒན་ལས་བྱེད་ཀྱི་བདེ་སྡུག་ལ་སུས་ཀྱང་དོ་ཁུར་བྱས་མེད། གཞུང་མང་གཉིས་ནས་རྟེན་འབྲེལ་གྱི་རྣམ་གཞག་སྤངས་ཏེ་སྟོབས་ཀྱིས་འཚོ་བ་ Survival of the fittest ཞེས་པའི་འདུ་ཤེས་བཅངས་ཏེ་སྡུག་གྱོང་དུ་ངོས་འཛིན་བྱས་པར་བརྟེན། ཤེས་ཚད་ལྡན་པའི་དགེ་རྒན་མང་པོ་རང་ཉིད་ཀྱིས་ལོ་ཟླ་དུ་མར་དཀའ་བ་སྤྱད་དེ་བསགས་པའི་ཤེས་ཡོན་རྣམས་ཀྱང་བློས་གཏོང་གིས་ཤིན་ཏུ་ཡ་ང་བའི་ལས་རིགས་ཚུན་བྱ་རྒྱུར་ཕྱི་རྒྱལ་ཁག་ཏུ་བསྐྱོད་དང་སྐྱོད་བཞིན་ཡོད། དགེ་རྒན་ཚད་ལྡན་དགོས་ན་ཐོག་མར་ཆེ་མཐོང་དང་ཆ་རྐྱེན་གང་ལེགས་གནང་མགོ་རྩོམ་དགོས་པ་མ་གཏོགས་ཚང་མ་དགེ་རྒན་ལ་འགན་དཀྲིས་ཏེ་གཞུང་མང་གཉིས་ཀྱིས་ལྟད་མོར་བལྟས་ནས་བསྡད་ན། ཤེས་འཇོན་གང་ཡང་མེད་པའི་འཚོ་བ་འབའ་ཞིག་དོན་དུ་གཉེར་བའི་གང་ཟག་བདག་འདྲས་དགེ་རྒན་མི་བྱེད་ཀ་མེད་ཡིན། མདོར་དོན་བོད་ཡིག་ལ་ལེགས་བཅོས་དང་ཡར་རྒྱས་འགྲོ་དང་མི་འགྲོ་བའི་རྩ་བ་ནི་གཞུང་མང་གཉིས་ཡིན་ཏེ། གཞུང་མང་གཉིས་ཀྱིས་སྲིད་དོན་པའི་གཏམ་བཤད་བྱེད་པ་ལྟ་བུ་མ་ཡིན་པར་ཁ་ཞེ་གཉིས་མེད་ཀྱིས་བོད་ཀྱི་སྐད་ཡིག་འདི་བཞིན་སྤྱི་ཚོགས་ནང་མུ་མཐུད་གནས་དགོས་པར་གཟིགས་དང་མི་གཟིགས་ལ་ཤིན་ཏུ་ལྟོས་པ་ཞིག་ཡིན།
བོད་སྐད་གཙང་མ། ཇི་སྐད་དུ་ས་པཎ་གྱིས་ཀྱང༌། བོད་ཀྱི་སྐད་ལ་མི་ཤེས་པ། །ཕལ་ཆེར་ཐོས་པ་ཆུང་བའི་སྐྱོན། །ཞེས་གསུངས་པ་ལྟར་གཞུང་ལུགས་གང་དང་ཅི་ཡིན་ཀྱང་བྱང་ཆུབ་པར་བྱེད་པ་ལ་ཐོས་པ་མང་པོ་གསོག་དགོས་པ་དང༌། རྣ་བར་གོམས་འདྲིས་ཇི་ཙམ་བྱུང་བ་དེ་སྲིད་ཀྱིས་སྐད་རིགས་དེ་ཤེས་སླ་བ་ཡོད། འོན་ཀྱང་བཙན་བྱོལ་དུ་ལྷགས་པའི་བོད་མི་བརྒྱ་ཆ་དགུ་བཅུ་གོ་དགུས་ཚོར་མེད་དྲན་མེད་ཀྱིས་གཏམ་གླེང་བྱེད་པ་དང༌། གཏམ་གླེང་གི་བརྒྱུད་ལམ་དེ་ནི་ཀླད་པའི་ནང་བོད་ཚིག་དང༌། དབྱིན་ཚིག ཧིན་ཚིག རྒྱ་ཚིག་སོགས་སྐད་རིགས་མང་པོ་ཚོགས་ཆེན་འཚོག་པའི་སྒྲ་སྐད་སྒེའུ་ཁུང་ནས་ཕྱི་རོལ་ཏུ་ཐོན་པའི་བཟོ་འདྲ་ཞིག་ཡོད། དེའི་ཐོག་རང་གཞུང་ནས་ཐུགས་འགན་བཞེས་ཏེ་རང་སྐད་གཙང་མ་སྐྱོན་ཐབས་གནང་ཡོད་དམ། མང་ཚོགས་ཀྱི་བཀའ་མོལ་གནང་སྟངས་ལྟ་ཅི། ཐ་ན་མང་གཙོའི་ཀ་བ་གསུམ་གྱི་གཙོ་བོ་ཁྲིམས་བཟོ་ལྷན་ཁང་གི་ནང་གྲོས་ཚོགས་འཚོག་སྐབས། རང་རེའི་སྤྱི་འཐུས་རྣམ་པས་དབྱིན་ཚིག་བེད་སྤྱོད་གནང་གང་ཐུབ་དང༌། བེད་སྤྱོད་གནང་མི་ཐུབ་ན་མཁྱེན་རྒྱ་ཞན་པར་བརྩི་འོང་སྙམ་པའི་དྭོགས་པ་ཕུང་བསུས་ཅན་དེ་དག་ལ་དགོངས་པ་བཞེས་ཡོད་དམ། གངས་སྐྱིད་ཀྱི་ར་བ་དེར་ཚུད་པའི་ལས་ཁུངས་ཐམས་ཅད་དུ་ལས་ཁུངས་ནང་བཞུགས་སྐབས་གཞན་སྐད་དགོས་མཁོ་ནམ་བྱུང་ཕུད། དེ་མིན་བོད་སྐད་གཙང་མ་རྒྱག་རྒྱུའི་བསྐུལ་མ་གནང་ཡོད་དམ། དྲི་བ་འདི་དག་གི་ལན་དུ་རྒན་གཞོན་ཐམས་ཅད་ཀྱིས་གཞན་དབང་སྟབས་བསྟུན་ཞེས་པའི་ཐ་སྙད་སྙན་པོ་ཞིག་བེད་སྤྱོད་བྱེད་ཀྱི་ཡོད། བོད་ནང་ཡོད་པའི་བོད་མི་མང་པོ་ཞིག་གིས་རྒྱ་མིའི་མནར་སྤྱོད་ལ་འཛེམས་བག་མེད་པར་རང་རང་སོ་སོའི་ས་གནས་ས་ཐོག་ཏུ་བོད་སྐད་གཙང་མ་རྒྱག་དགོས་པའི་སྒྲིག་འཛུགས་བཟོས་པ་འདས་ལོའི་དུས་བབ་གསར་ཤོག་འགའ་རེའི་ནང་སྤེལ་ཡོད་པ་དེ་དག་བཙན་བྱོལ་གཞུང་མང་གཉིས་ཀྱི་སྤྱན་ལམ་དུ་མ་གྱུར་བ་རེད་དམ། དེ་འདྲའི་སྒྲིག་འཛུགས་བཟོས་པ་དེ་དག་བྱེད་རྒྱུ་ཟད་པ་རེད་དམ། འོ་ན་བཙན་བྱོལ་པ་རྣམས་གཞན་དབང་སྟབས་བསྟུན་དགོས་པ་དང་གཞིས་ལུས་རྣམས་གཞན་དབང་བསྟུན་མི་དགོས་པ་རེད་དམ། ཇི་སྲིད་སྤྱི་ཚོགས་ནང་སེམས་ཤུགས་དང་བོད་ཡིག་གི་དགོས་མཁོ་མེད་པ་དེ་སྲིད་དུ་སྐད་ཡིག་ལ་ལེགས་བཅོས་དང་ཡར་རྒྱས་འགྲོ་རྒྱུ་སྤྲོས་བྲལ་ཡིན།
ཀུན་སྤྱོད་སློབ་གསོ།
ཀུན་སྤྱོད་ཅེས་པའི་ཐ་སྙད་འདི་ཕར་ཕྲལ་ན། ཀུན་གྱིས་སྤྱོད་པའམ། ཀུན་གྱི་སྤྱོད་པ་ཞེས་གོ་དགོས་མི་འདུག་གམ། དེ་ལྟར་ཡིན་ན། དེང་སང་ཀུན་གྱི་སྤྱོད་པའམ་ཀུན་གྱིས་སྤྱོད་པ་ནི། བསླུ་བྲིད་བྱ་རྒྱུ། དྲང་པོར་སྨྲ་བ་ཁྱད་དུ་གསོད་རྒྱུ། ངན་བསླབ་རྒྱག་རྒྱུ། ངན་སྤྱོད་ངོ་སོར་འཁྱེར་རྒྱུ། གཞན་སྡུག་རང་བདེར་འཛིན་པ། གོ་སའི་ངར་སྒྲ་འབྱིན་རྒྱུ། གཏིང་ནད་འཛིན་རྒྱུ། དབང་ཆ་ཅན་གྱིས་གང་བཤད་བདེན་པར་འཛིན་རྒྱུ། དཔལ་དང་འབྱོར་བས་དབུལ་བའི་ཆེ་གེ་མོ་ཞིག་གིས་དྲང་བདེན་དང་བཟང་སྤྱོད་ཀྱི་གླེང་བ་གླེང་ན། སེམས་ཁམས་ཇི་ཙམ་གཙང་ཡང་སྤྱི་ཚོགས་ལྟ་ཅི། རང་ཉིད་ཀྱི་ཤིན་ཏུ་འདྲིས་པའི་ཉེ་དུས་ཀྱང་འཇོན་ཐང་མེད་ཅིང་གཞན་དང་མཐུན་གྱི་མི་འདུག་ཟེར་བའི་ཁ་ཟེར་བ་དང༌། གཅིག་ཤོས་བདེན་རྫུན་གྱི་རྣམ་དབྱེ་ལས་འབྲས་ཀྱི་རྣམ་གཞག་སྤངས་ཏེ་གོ་ས་ཅན་ལ་སྦྱར་གང་ཐུབ་བྱེད་མཁན་དེ་ནི་སྙིང་སྟོབས་ཅན་གྱི་དཔའ་བོ་དང༌། ཐབས་མཁས་པ། འཇོན་པོ་རྒོད་པོ་ཀུན་དང་མཐུན་པའི་ཚུལ་ལྡན་ཞིག་ལ་ངོས་འཛིན་ཅིང༌། ཁུངས་སོ་སོའི་ཁྲིམས་ལུགས་ལ་ཆ་མཚོན་ནའང་སྡོམ་ཐགས་བཞིན་དུ་སྟོབས་དང་དཔུང་ཤུགས་ལྡན་པ་བགྲོལ་ཐུབ་པ་དང༌། དཔུང་མེད་སྟོབས་མེད་ཉམ་ཐག་རྣམས་དེ་གར་ཁར་ནས་སྡོད་དགོས་པ་སོགས་ནི། སྐར་ཆ་གཅིག་གི་རིང་བློ་གཟུ་བོར་གནས་ནས་མནོ་བསམ་བཞེས་ན་རྟོགས་ངེས་ཡིན། དེ་འདྲའི་སྤྱི་ཚོགས་ཀྱི་ནང་འཛུལ་ཞུགས་གནང་ངེས་ཡིན་པའི་སློབ་མ་རྣམས་ལ་ཀུན་སྤྱོད་ཀྱི་སློབ་གསོ་ཅི་འདྲ་ཞིག་རྒྱག་དགོས་སམ། སྤྱི་ཚོགས་ཀྱི་འགྲོས་དང་བསྟུན་ཏེ་སློབ་གསོ་སྐྱོན་དགོས་སམ། ཡང་ན། སྔ་རབས་ཀྱི་གོམས་གཤིས་བཟང་པོ་རྣམས་སྦྱར་ཐབས་བྱ་རྒྱུའི་སློབ་གསོ་སྐྱོན་དགོས་སམ། ཡང་ན། མྱོ་རྗས་དང་མཚོན་ཆ་མ་ཐོགས་པ་ཙམ་གྱིས་ཀུན་སྤྱོད་ལྡན་པ་ཞེས་གོ་དགོས་སམ། སློབ་གསོ་ཅི་འདྲ་ཞིག་བརྒྱབས་ཀྱང་ཆོས་དང་འཇིག་རྟེན་གང་རུང་ལ་རྒྱབ་ཀྱིས་ཕྱོགས་པའི་དུས་ངན་འདི་གང་ཡིན་ནམ། དཔེར་ན། སློབ་གྲྭར་འགྲིམས་མྱོང་ཞིང་དེང་སང་ལས་ཁུངས་ཁག་ཏུ་ཕྱག་ལས་གནང་བཞིན་པའི་ན་གཞོན་རྣམ་པ་ཚོས་དགོངས་པ་བཞེས་པ་ཡིན་ན། དེ་སྔ་ང་ཚོ་ཆུང་བྱིས་པའི་དུས་སུ་དགེ་རྒན་ཚོས་བཟང་སྤྱོད་ཀྱི་སློབ་གསོ་བསྐྱངས་པ་རྣམས་དེང་སང་རང་ཉིད་སྤྱི་ཚོགས་ནང་དངོས་སུ་རོལ་པའི་དུས་འདིར་དྲང་བདེན་ལ་རྒྱལ་ཁ་ཅི་ཙམ་འདུག་གམ། མི་ཚེ་ཕལ་ཆེར་འདས་ཟིན་པའི་བགྲེས་སོང་ཕལ་མོ་ཆེ་ཡང་གསུང་ཆོས་ཞུ་ཐུབ་ཙམ་དང༌། སྐྱབས་སུ་མཆི། ༧རྒྱལ་དབང་རིན་པོ་ཆེ་སྐུ་ཚེ་ཞབས་པད་བརྟན་པར་ཤོག་ཅེས་པའི་ཆོས་ཀྱི་རྣམ་གཞག་ཙམ་ལས་དོན་དངོས་ཐོག་སྲིད་པའི་བརྐམ་ཆགས་ཆེ་ཞིང་དགྲ་འདུལ་གཉེན་སྐྱོང་དང༌། དངུལ་མང་ཉུང་ལ་ལྟོས་ཏེ་གང་ཟག་ཕན་ཚུན་ཁ་བྲལ་གཏོང་རྒྱུའི་བྱ་བ་ཁོ་ནར་གཞོལ་བ་ཤ་སྟག་ཡིན་ན། ནམ་འཆི་ངེས་མེད་ཀྱི་འདུ་ཤེས་དང་བྲལ་བའི་ན་ཆུང་རྣམས་ཀྱིས་ཆོས་ཀྱི་རྣམ་གཞག་དང༌། མི་ཚེའི་དགོས་མཁོ་སྒྲུབ་རྒྱུར་ཕན་ཐོགས་ཆེས་དཀོན་པའི་སྐད་ཡིག་ལ་སྦྱང་བརྩོན་ག་ནས་བྱེད་ཅེས་གྱི་ན་བ་བདག་གི་སྨྲ་སྒོ་ནས་ཐལ་སོང་བས། ཕལ་པ་རྣམས་ལ་དགོངས་གསལ་དང་དཔྱོད་ལྡན་རྣམས་ལ་དགོངས་བཞེས་ཡོང་བ་ཞུ། །བོད་རྒྱལ་ལོ། །
མཚོ་མགོ་བ་ཨཱཅཱརྱ་པདྨ་རྡོ་རྗེ་ལགས། ཁྱེད་ཀྱིས་བསམ་འཆར་སྤེལ་བར་དགའ་སྤྲོ་ཆེ།་་་་ད་དུང་ཁྱེད་ལྟར་བོད་དགེ་གཞན་རྣམས་ཀྱིས་སོ་སོའི་བསམ་འཆར་དྲྭ་ཐོག་ཏུ་མང་ཙམ་སྤེལ་ཐུབ་ན་རྒྱ་ཆེའི་མང་ཚོགས་ཀྱིས་དོ་སྣང་གནང་ངེས་རེད།་་་དེ་མིན་ཤེས་རིག་ལས་ཁུངས་དང་མི་མང་གིས་གང་གསུངས་པ་ལས་ཁྱེད་རྣམ་པའི་བསམ་འཆར་མེད་ན་ནོར་འཁྲུལ་ཚང་མ་རང་ཉིད་ཀྱིས་ཁས་ལེན་གནང་བ་ལྟར་འགྱུར་ངེས་རེད།་་་རྩོམ་ཡིག་མང་ཙམ་སྤེལ་བའི་རེ་བ་དང་བཅས་ལོ་གསར་པ་ལ་བཀྲིས་བདེ་ལེགས།
དགེ་རྒན་འདིས་བཤད་པ་དག་ཤེས་རིག་ལས་ཁུངས་ཀྱིས་གོ་ཡོད་དམ། ཁོང་ཚོས་བསམ་ཚུལ་འདི་དག་ལ་ཡག་པོ་ཞིག་གསན་རན་རེད།
བོད་སྐད་གཙང་མ་རྒྱག་དགོས་འདུག་གསུངས་པ་དེ་བདེན་པ་ཡིན་ནམ། ༧གོང་ས་མཆོག་གིས་ཤེས་རིག་ཚོགས་ཆེན་གྱི་བཀའ་སློབ་ནང་དུ་དབྱིན་ཚིག་མི་ཉུང་ཞིག་བེད་སྤྱོད་གནང་འདུག་ད།
དགེ་རྒན་ཚོས་སློབ་གསོའི་སྐོར་གྱི་དོན་དངོས་རྩོམ་ཡིག་འདི་འདྲ་མང་ཙམ་བྱུང་ན། ཡག་པོ་འདུག ལྷག་དོན་སློབ་གྲྭའི་འཛིན་སྐྱོང་དང་། སློབ་དེབ། དགེ་རྒན་གྱི་གནས་བབ་སོགས་ཀྱི་སྐོར་རེད།
ཕྲན་གྱིས་ཀུན་སྤྱོད་ལ་གོ་བ་འདི་ལྟར་ལེན་གྱི་ཡོད། དེ་ཡང་ཀུན་ནི་ཐམས་ཅད་དམ་ཡོངས་སུ་རྫོགས་པ་ལ་གོ་བ་དང་། སྤྱོད་ནི་ལུས་ངག་ཡིད་གསུམ་གྱི་སྤྱོད་པའམ་བྱ་བ་ལ་གོ་བ་ལེན་གི་ཡོད། ཀུན་སྤྱོད་ཟེར་དུས་ཡུལ་དུས་ཐམས་ཅད་དུ་སྤྱོད་པའི་སྒོ་གསུམ་གྱི་བྱ་བ་་ཐམས་ཅད་ལ་གོ་གི་ཡོད་ཤག་བྱས་ཡོད། འོན་ཀྱང་འདིར་ཀུན་གྱི་སྤྱོད་པ་དང་ཀུན་གྱིས་སྤྱོད་པ་ཞེས་བྲིས་པ་མཐོང་སྟེ་གཞི་ནས་ང་རང་ནོར་མེད་འགྲོ་དྲན་སོང་།
ཤེས་ཡོན་སྲིད་བྱུས་ཀྱི་ཕྱོགས་ནས་དགེ་རྒན་རྣམ་པས་ཀྱང་དགོངས་ཚུལ་ངོ་མ་རེ་གསུང་རྒྱུ་གལ་ཆེན་པོ་རེད། དེ་མ་གཏོགས་མཁས་པ་དང་དཔོན་པོ་ཚོས་སློབ་རའི་ནང་གི་དངོས་ཡོད་ཀྱི་དཀའ་ངལ་ངོས་ཟིན་ཁག་པོ་ཡིན།
སྔོན་ཆད་བོད་ནང་དུའང་། དགེ་རྒན་ནི་ལས་བྱེད་པ་མ་རེད་ཅེས་པའི་སྐད་ཆ་ཞིག་ཡོད།
རྒྱུན་རིང་པོ་ཞིག་ལ་འདི་ལྟ་བུའི་རྩོམ་ཡིག་གཏིང་ཚུགས་པ་ཞིག་བཀླག་རྒྱུ་མ་བྱུང་། སེམས་བསམ་པའི་གཏིང་ནས་བཤད་འདོད་འབྲི་འདོད་ཡོད་པ་ཞིག་བྲིས་འདུག་སྙམ་པ་བྱུང་། ཐུགས་རྗེ་ཆེ།
མཚོ་མགོ་བ་ལགས། ཁྱེད་ཀྱི་ངུ་ངག་འདི་ནི། ཐུན་མོང་གི་ངུ་ངག་རེད། ཁྱེད་ཀྱི་ན་ཟུག་འདི་ནི་ཀུན་གྱི་ན་ཟུག་རེད། དགེ་རྒན་ལ་བརྩི་བཀུར་མེད་ལ། དཔལ་འབྱོར་མེད། དགེ་རྒན་ནི་གཞུང་ཞབས་པ་མ་ཡིན་ལ། དགེ་རྒན་ནི་ལས་བྱེད་པ་ཀུན་གྱི་ཐ་ཆད་རེད། ལྟ་ཚུལ་འདི་ནི། བཙན་བྱོལ་བོད་གཞུང་གི་དགོངས་ཚུལ་ཡིན་ལ། ཤེས་རིག་ལས་ཁུངས་ཀྱི་ལྟ་ཚུལ་ཡིན།
དགེ་རྒན་ལ། ཐོབ་ཐབ་སྤྲོད་དགོས། དགེ་རྒན་ནི་གཞུང་ཞབས་པ་ཀུན་ལས་བརྩི་མཐོང་ཆེ་བ་དགོས། དགེ་རྒན་ནི་ཡོད་ཚད་ཀྱི་དང་པོ་ཡིན། ཞེས་པ་ནི། བོད་གཞུང་དང་ཤེས་རིག་ལས་ཁུངས་ཀྱི་བེད་མེད་ཀྱི་ཁྲིམས་སྲོལ་ཡི་གེ་ཡིན་ལ། མི་དམངས་བསླུ་བའི་ཁ་གཡང་ཙམ་རེད།
གལ་ཏེ་ཡོད་ཚད་དགེ་རྒན་ལ་ཐུག་ཡོད་ན། དགེ་རྒན་དེ་ཅི་ཞིག་དགོས་སམ། དེར་ཐོབ་ཐབ་དང་བརྩེ་བཀུར་གང་འདྲ་ཞིག་དགོས། ད་ལྟའི་ལས་སྟངས་འདིར་བལྟས་ན། ཕལ་ཆེར་ཁག་པོ་རེད། གལ་ཏེ་བཅོས་བསྒྱུར་ཞིག་བྱེད་བསམ་ན། འབྱུང་འགྱུར་ལ་འགན་འཁྲི་ཞིག་ཡོད་སྙམ་ན། ལག་ལེན་ཐོག་འཁེལ་དགོས།
ཚར་གཅིག་ཞིབ་ཀློག་བྱས་པ་ཡིན། དེང་སང་ཨཱཅཱརྱའི་མིང་ཅན་ཆེས་མང་ཡང་འདི་འདྲའི་རྩོམ་ཡིག་ཚད་ལྡན། བརྗོད་བྱ་དང་རྗོད་བྱེད་ཕུན་སུམ་ཚོགས་པ་བརྡ་དག་སྡེབས་སྦྱོར་དང་བཅས་པ་ཞིག་འདུག། ད་ལན་གྱི་ཨཱཅཱརྱའི་མིང་ཅན་འདི་ངོ་མ་ཨཱཅཱརྱ་མིང་དོན་མཚུངས་པ་ཞིག་ཡིན་ས་རེད། རྩོམ་ཡིག་འདི་ལ་ཡིག་ནོར་གཅིག་ཀྱང་མི་འདུག་ཅེས་བཤད་ཆོག་པ་ཞིག་རེད། ཨཱཅཱརྱ་པདྨ་རྡོ་རྗེ་ལགས་ཐུགས་རྗེ་ཆེ།