མཚོ་སྔོན་ཞིང་ཆེན་གནམ་གཤིས་རྟོག་དཔྱོད་ལས་ཁུངས་ནས་སྔོན་བརྡ་བཏང་བ་ལྟར་ན། སང་ཉིན་ཚེས་ ༡༩ ནས་ ༢༡ བར་ཞིན་ཅིང་བྱེ་ཐང་གི་རླུང་འཚུབ་དེ་གྲང་ལྷགས་ཀྱི་ངོ་བོར་འདྲེས་ཏེ། ཤར་ལྷོའི་ཕྱོགས་སུ་ལྡང་རྒྱུ་ཡིན་པ་དང་། སྐབས་དེ་དང་བསྟུན་ཏེ་མཚོ་སྔོན་ས་ཆའི་གནམ་གཤིས་ཇེ་འཁྱག་ཏུ་ཕྱིན་ཏེ་ཁངས་འབབ་པ་དང་ལྷགས་པ་ཆེ་བ་སོགས་གནམ་གཤིས་ལ་འགྱུར་ལྡོག་ཆེན་པོ་འབྱུང་རྒྱུ་ཡིན་འདུག ལྷག་པར་དུ་དེ་རིང་ནས་སང་ཉིན་བར་མཚོ་སྔོན་མདོ་ལ་རིང་མོའི་རི་རྒྱུད་དུ་ཁ་བ་བསྟུད་མུར་འབབ་རྒྱུ་ཡིན་པ་དང་། ཚེས་ ༢༠ ཉིན་ནས་མཚོ་སྔོན་ཡུ་ཤུལ་དང་མགོ་ལོག་གི་བྱང་ཕྱོགས། མཚོ་བྱང་གི་ཤར་ཕྱོགས། མཚོ་ལྷོའི་ལྷོ་ཕྱོགས། མཚོ་ཤར། རྨ་ལྷོ་སོགས་སུ་རླུང་གཡུག་པ་དང་ཁ་བ་ཤུགས་ཆེན་འབབ་རྒྱུ་ཡིན་ཞིང་། ས་ཁུལ་དེ་དག་ནང་ཉིན་རེར་དྲོད་ཚད་ ༦ ཙམ་རེ་མར་ཆགས་རྒྱུ་ཡིན་འདུག
ཆ་མི་སྙོམས་པའི་གནམ་གཤིས།
ཀྲུང་གོ་བོད་ཀྱི་དྲ་བས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་ ༡ པོའི་ཚེས་ ༡༣ ཉིན་ནས་ཚེས་ ༡༥ ཉིན་བར། བོད་རང་སྐྱོང་ལྗོངས་ཀྱི་མངའ་རིས་དང་གཞིས་ཀ་རྩེ་ས་ཁུལ་གྱི་ས་ཆ་ཁ་ཤས་ལ་ཁངས་ཆེན་བབས་ཏེ། སྤུ་ཧྲེང་དང་འབྲོང་པའི་བར་གྱི་རྒྱལ་ལམ ༢༡༦ གི་གཞུང་ལམ་ཁ་ཤས་ཁ་བས་བཀག མངའ་རིས་ས་ཁུལ་གྱི་སེང་གེ་ཁ་འབབ་ས་ཁུལ་གྱི་དྲོད་གྲངས་དེ་གོར་ཐིག་མན་གྱི་ཏུའུ་ ༢༧ ལ་བསླེབས། སྔོན་དཔག་བྱས་པ་ལྟར་ན། ཚེས་ ༡༨ ཉིན་བོད་ལྗོངས་ཀྱི་ས་ཁུལ་དེ་དག་ལ་ཡང་བསྐྱར་ཁངས་ཆེན་འབབ་རྒྱུ་ཡིན་པས། ཆེད་ལས་མཁས་པས་འབྲེལ་ཡོད་སྡེ་ཁག་གིས་ཁངས་གནོད་འགོག་པའི་གྲ་སྒྲིག་བྱ་བ་ལེགས་པོར་བསྒྲུབ་དགོས་པ་གསལ་འདེབས་བྱས་ཡོད་སྐོར་གྱི་གནས་ཚུལ་སྤེལ་འདུག