བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༤༧༢ པའི་སྟེང་གི་རྩོམ་སྒྲིག་པའི་གཏམ།
ཕྱི་ལོ་ ༢༠༠༣ ལོའི་དབྱར་དུས་ཤིག་ལ། ནེའུ་ཡོག་དུས་བབ་ཀྱི་ཆེད་བརྗོད་པ་སྐུ་ཞབས་ ཊོམ་ ཧྥུ་རེ་ཌུ་མན་ ལགས་ཨ་རིའི་གྷོ་གྷལ་དབུས་ལས་ཁུངས་སུ་བཅར་ཅིང་། ཉིན་ཤས་རྗེས་སུ་ཁོང་གིས་ནེའུ་ཡོག་དུས་བབ་ཀྱི་ཆེད་རྩོམ་ཞིག་གི་ནང་དུ་ཐོག་དང་པོར་གྷོ་གྷལ་དཀོན་མཆོག་ཡིན་མིན་དྲིས།
ནུབ་ཕྱོགས་ཀྱི་མི་ཕལ་ཆེ་བ་དྲ་ངོས་སུ་འཕོས་པ་དང་བསྟུན་ཁོང་ཚོའི་འཚོལ་ཞིབ་ཀྱི་རེ་འདོད་ཕྱོགས་ནས། གྷོ་གྷལ་ནི་དགོས་འདོད་ཀུན་འབྱུང་ལྟ་བུའི་དཀོན་མཆོག་གསར་པ་རུ་གྱུར། ཁྱོད་ལ་གང་དགོས་གང་མཁོ་ཐམས་ཅད་གྷོ་གྷལ་གྱི་ནང་དུ་ས་ཁྱབ་རྡོ་ཁྱབ་ཏུ་ཡོད།
དེ་ལྟར་ ༢༠༠༦ ལོར་དཀོན་མཆོག་གིས་ཁོང་གི་ཡན་ལག་ལས་ཁུངས་རྒྱ་ནག་ཏུ་བཙུགས་ཤིང་འདས་པའི་ལོ་ ༤ རིང་རྒྱ་ཡིག་གི་ལམ་ནས་མི་འབོར་ས་ཡ་ ༣༦༠ ལྷག་གི་རེ་འདོད་བསྐངས། ཉེ་ལམ་ནས་པེ་ཅིན་གྱི་དམར་ཤོག་ཚོགས་པའི་དབུ་ཁྲིད་རྣམས་དང་དཀོན་མཆོག་ཏུ་འབོད་པའི་གྷོ་གྷལ་གྱི་བར་དུ་རྩོད་པ་བྱུང་། རྩོད་པ་འདི་ནི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་སྟེ། སྨྲ་བརྗོད་རང་དབང་དང་། གསར་གཏོད་ཀྱི་བདག་དབང་སྲུང་སྐྱོབ། སྤྱི་ཚོགས་བདེ་འཇགས་ཀྱི་ཉེན་ཁ་བཅས་ཀྱི་ཕྱོགས་ཡིན། རྩོད་གཞི་བྱུང་བའི་བདུན་ཕྲག་གཉིས་ཀྱི་རིང་པེ་ཅིན་གྱི་དམར་ཤོག་མགོ་ཁྲིད་ཚོས་རྒྱལ་ཁབ་ཀྱི་རྩ་ཁྲིམས་གཞིར་འཛིན་དགོས་པར་བཤད། གྷོ་གྷལ་གྱིས་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་དང་རྒྱལ་སྤྱིའི་ཁྲིམས་ལུགས་གཞིར་བཟུང་ཐོག་རྒྱ་ནག་གིས་གྷོ་གྷལ་བེད་སྤྱོད་གཏོང་དགོས་པར་བཤད། མཐའ་མ་དེར་ཕྱོགས་གཉིས་ཀས་འདུམ་འགྲིག་གི་ལམ་ཁ་ཞིག་འཚོལ་བཞིན་ཡོད་ལ། དེ་ནི་གསལ་བོར་བཤད་ན། སྨྲ་བརྗོད་རང་དབང་གི་ཐད་ཕྱོགས་གཉིས་ཀས་ཁེ་གྱོང་འདྲ་མཉམ་འཁུར་ཐུབ་པའི་ཐུན་མོང་གི་ས་ཁོད་ཅིག་འཚོལ་རྒྱུ་དེ་ཡིན། འདས་པའི་ལོ་བཞིའི་རིང་གི་ཁེ་ཕན་ལ་བསམ་ཚེ། རྒྱ་ནག་གིས་གྷོ་གྷལ་བློས་ཐོང་གི་མེད་ལ། གྷོ་གྷལ་གྱིས་རྒྱ་ནག་བློས་ཐོང་གི་མེད།
སྐབས་འདིར་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་བྱེད་མཁན་རྣམས་ཀྱིས་སླར་ཡང་ངོ་རྒོལ་བྱེད་བཞིན་པ་ནི། སྨྲ་བརྗོད་རང་དབང་ནི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཡིན་ཞིང་། འདི་ལ་སྣོན་འཕྲི་སྤོར་གཅོག་མེད་སྟབས། པེ་ཅིན་གྱི་དམར་ཤོག་མགོ་ཁྲིད་ཚོ་དང་གྷོ་གྷལ་དྲ་བདག་གིས་འདི་ལ་གྲོས་མོལ་གྱི་ལམ་ནས་ཚད་འཇོག་རྒྱུ་མེད་ཟེར།
བོད་མི་རིགས་ནི་ལྷག་པར་དུ་གོང་གི་རྩོད་གཞིའི་རྡོག་རྩ་དང་འབྲེལ་ཆེ་ཞིང་། ཉིན་མཚན་ཀུན་ཏུ་ཏང་དང་གྷོ་གྷལ་གྱི་ལག་བར་ན་འཚོ་བཞིན་ཡོད་སྟབས། ཉིན་འདི་དག་གི་རིང་པེ་ཅིན་གྱི་མགོ་ཁྲིད་ཚོ་དང་གྷོ་གྷལ་གྱིས་འདུམ་འགྲིག་གི་སྐད་ཆ་བཤད་སྐབས། ང་ཚོས་ཀྱང་རྒྱ་མི་རིགས་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་རྣམས་དང་ལྷན་དུ་མི་རིགས་རང་གི་གཞི་རྩའི་ཐོབ་ཐང་དང་ལངས་ཕྱོགས་གཞིར་བཟུང་ནས་རྣམ་འགྱུར་སྟོན་རྒྱུ་གལ་ཆེ་བར་འདོད་དོ།།
བོད་ཀྱི་གཞོན་ནུའི་ལྷན་ཚོགས་དང་བུད་མེད་ལྷན་ཚོགས་བཅས་ཚོགས་པ་དེ་དག་དེང་སྐབས་ཡོད་པ་རེད་དམ། དེ་ཚོའི་རིགས་མ་གོ་བར་ཡུན་རིང་འགོར་སོང་།
ད་གཉིད་སད་རན་རེད།
རྒྱ་ནག་གི་གོ་ལའི་དུས་བབ་ཅེས་པའི་དབྱིན་ཡིག་ཚགས་པར་དེའི་རྩོམ་སྒྲིག་པའི་གཏམ་རྣམས།
ཕྱི་ཚེས་ ༡༨ཉིན། ༼གྷོ་གྷལ་གྱི་གནད་དོན་དེ་ཆབ་སྲིད་ཀྱི་རྐང་སྤོལ་བཟོ་མི་འོས།༽
ཕྱི་ཚེས་ ༡༩ཉིན། ༼གྷོ་གྷལ་ཕྱིར་འཐེན་བྱེད་དོན་གྱི་འཇིགས་སྐུལ་དེའི་དོན་དངོས་ལ་ལྟ་བ།༽
ཕྱི་ཚེས་ ༢༠ ཉིན། ༼ཨ་རིའི་གཞུང་གི་འབྲེལ་བ་དེས་གྷོ་གྷལ་གྱི་སྣང་བརྙན་ཆུང་དུ་བཏང་བ།༽
ཕྱི་ཚེས་ ༢༡ ཉིན། ༼ གྷོ་གྷལ་གྱི་འཁོན་རྩོད་དེས་རིག་གཞུང་དང་རིན་ཐང་གི་གདོང་ཐུག་བསྟན།༽
པེ་ཅིན་གྱི་གསར་འགྱུར་བརྒྱུད་ལམ་ཁག་ནས་གྷོ་གྷལ་གྱི་སྐོར་ལ་ཁ་གཏད་གཅོག་གང་ཐུབ་བྱེད་ཀྱིན་འདུག ཉིན་བསྟུད་མར་འདིའི་སྐོར་བྲིས་བསྡད་འདུག
དབྱངས་བུ་ལགས་ཕེབས་ནས་དགོངས་ཚུལ་གསུངས་པར་དགའ་བསུ་ཞུ་བཞིན་ཡོད།
ལས་འགུལ་སྤེལ་སྟངས་ཀྱི་ཕྱོགས་ནས་གཙོ་བོ་བོད་དོན་ལས་འགུལ་བ་རྣམས་ཀྱིས་གྲོས་མོལ་བྱས་ན་ལེགས་ཤིང་། དྲ་ངོས་འདི་ནས་ཀྱང་དྲ་གྲོགས་ཚོས་བགྲོ་གླེང་བྱ་འོས་པར་འདོད།
ཐོག་མར་གྷོ་གྷལ་དང་པེ་ཅིན་གྱི་རྩོད་རྙོག་དེ་ནི་རྒྱ་གཞུང་གིས་དྲ་ངོས་སུ་སོ་མྱུལ་བྱེད་པ་དང་། ཡིག་ཆ་རྐུ་འཁྱེར་བྱེད་པ། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཐད་ལས་ཀ་བྱེད་མཁན་རྣམས་ཀྱི་གློག་འཕྲིན་བརྐུ་ཀློག་བྱེད་པ། རྒྱ་ནག་ཏུ་ཡོད་པའི་དམངས་གཙོ་དོན་གཉེར་བ་རྣམས་ལ་གསང་བའི་སྒོ་ནས་ལྟ་རྟོག་བྱེད་པ་སོགས་ལས་འཕྲོས་ཡོད།
དེ་བཞིན་རྒྱ་གཞུང་གིས་བཙན་བྱོལ་བོད་གཞུང་གི་དྲ་ལམ་དུ་བརྐུ་མྱུལ་བྱས་པ་དང་། བོད་དང་འབྲེལ་བའི་དྲ་ཚིགས་རྣམས་ལ་གཏོར་སྐྱོན་གཏོང་བ། མི་སྒེར་གྱི་གློག་འཕྲིན་ཁ་བྱང་ཐོག་ནས་གནས་ཚུལ་བརྐུ་ཀློག་བྱེད་པ་སོགས་ནི་རྒྱུན་ལྡན་གྱི་གནས་ཚུལ་ཡིན།
ཉིན་ཤས་རིང་འདིར་ཡང་གངས་སྐྱིད་དང་མེག་གྷན་དུ་ཡོད་པའི་མི་སྒེར་དག་གི་མིང་ཐོག་ནས་ཕན་ཚུན་བར་དྲ་འབུ་ཅན་གྱི་ཡིག་ཆ་བསྐུར་བ་སོགས་མང་པོ་ཡོང་གིན་ཡོད།
དེར་བརྟེན་ཐེངས་འདིར་གྷོ་གྷལ་གྱིས་རྒྱ་ནག་མཉམ་དུ་སྐད་ཆ་བཤད་སྐབས། ང་ཚོའི་ཕྱོགས་ནས་ཀྱང་གྷོ་གྷལ་ལ་རྒྱབ་སྐྱོར་དང་། ད་བར་དུ་རྒྱ་ནག་གིས་བཙན་བྱོལ་བོད་གཞུང་གི་དྲ་གནས་ཁག་ལ་གཏོར་རྒོལ་ཐེངས་ག་ཚོད་བྱས་པ་དང་། ཡིག་ཆ་བརྐུ་འཁྱེར་བྱས་པའི་གྲངས་ཐོ་སོགས་འདོན་རྒྱུ་དང་། དེ་དོན་གྷོ་གྷལ་དབུས་ལས་ཁུངས་དང་། རྒྱ་ནག་གི་གཞུང་ཚབ་ཁང་ཁག་ལ་བསྐུར་རྒྱུ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ཁག་དང་མཉམ་འབྲེལ་སྒོས། མེ་ཁུ་རོ་སོ་ཧྥུ་ཊི་དང་ཡ་ཧོ་སོགས་ནུབ་ཕྱོགས་ཀྱི་བཟོ་ཚོང་སྡེ་ཚན་གཞན་དག་ལ་འབོད་སྐུལ་ཞུས་ཏེ་གྷོ་གྷལ་ལ་རྒྱབ་སྐྱོར་བྱེད་དུ་འཇུག་པ་བཅས་མདོར་ན། གནད་དོན་འདི་རྒྱ་ནག་གིས་བཤད་པ་ལྟར་ཚོང་ལས་ཀྱི་གནད་དོན་ཙམ་མིན་པར། ཆབ་སྲིད་ཀྱི་གནད་དོན་ཡིན་པ་ངོ་འཕྲོད་དུ་འཇུག་རྒྱུ། རྗེས་ཕྱོགས་རྒྱ་ནག་གཞུང་གིས་དྲ་རྒྱའི་གནས་ཚུལ་འགོག་སྡོམ་བྱེད་པ་དང་། དྲ་ངོས་སུ་སིམ་འཛུལ་བྱེད་པའི་རིགས་མཚམས་འཇོག་བྱ་རྒྱུར་ཤུགས་རྒྱག་དགོས་པར་འདོད།
ད་ལོ་རྒྱལ་སྤྱིའི་དྲ་རྒྱའི་རིག་གནས་ཀྱི་ཚོགས་ཆེན་ཞིག་འཚོགས་ཀྱིན་ཡོད་སྐད་འདུག ཚོགས་ཆེན་དེའི་སྟེང་ནས་རྒྱལ་སྤྱིའི་ཚད་ལྡན་རང་བཞིན་གྱི་དྲ་རྒྱ་ཁྲིམས་སྲོལ་ཞིག་འཛུགས་པ་དང་། འཛམ་གླིང་གི་མི་སེར་སུ་ལའང་དྲ་རྒྱ་བེད་སྤྱོད་ཀྱི་ཐད་ནས་འདྲ་མཉམ་དང་། རང་དབང་འདྲ་མཉམ་ཡོང་བ་ཞིག་བྱ་ཐུབ་ན་བོད་ཕྱི་ནང་གི་བོད་རིགས་ཚོའི་འབྲེལ་བར་ཡང་བདེ་འཇགས་དང་ཕན་ཐོགས་ཡོང་བར་འདོད།
ཡིན་ཡང་། ལས་འགུལ་དངོས་སུ་སྤེལ་སྐབས་འདིའི་རིགས་ལ་ཉམས་མྱོང་ཡོད་མཁན་དག་གིས་མགོ་ཁྲིད་དེ་སྤེལ་ན་ནུས་པ་འཐོན་གི་རེད་འདོད།
གནས་སྐབས་འདི་ཙམ་ཡིན།
རྩོམ་སྒྲིག་པ་ལུང་རིག་རྒྱལ་ལགས།
ཐོག་མར་ཁྱེད་ཀྱི་རྩོམ་ཡིག་དང་།་རྩོམ་སྒྲིག་པའི་གཏམ་ཐེངས་མང་ཀློག་རྒྱུ་བྱུང་བར་ཐུགས་རྗེ་ཆེ།་ད་ཐེངས་ཁྱེད་ཀྱིས་བྲིས་པའི་རྩོམ་སྒྲིག་པའི་གཏམ་གྱི་མཐའ་འཇུག་དེར།་པེ་ཅིང་གི་མགོ་ཁྲིད་ཚོ་ད་གྷོ་གྷལ་གྱིས་འདུམ་འགྲིག་གི་སྐད་ཆ་བཤད་སྐབས།་ང་ཚོ་བོད་མི་རིགས་ཚོས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་རྣམས་དང་ལྷན་དུ་རྣམ་འགྱུར་སྟོན་རྒྱུ་གལ་ཆེན་པོ་ཡིན་སྐོར་བྲིས་འདུག་མོད།་་གནད་དུ་སྨིན་པའི་རྣམ་འགྱུར་སྟོན་སྟངས་ཀྱི་ཐབས་ལམ་གང་ཡང་བྲིས་མི་འདུག་་་དེང་སྐབས་ང་ཚོའི་སྤྱི་ཚོགས་ནང་བྱེད་དགོས་པ་དང་།་ལས་འགུལ་སྤེལ་དགོས་པ་གལ་ཆེན་ཡིན་སྐོར་བཤད་མཁན་མང་ཡང།་གནད་དུ་སྨིན་པའི་ལས་འགུལ་སྤེལ་བར་ཐབས་ལམ་དང་ཐབས་བྱུས་སྟོན་མཁན་ཧ་ཅང་ཉུང་ཉུང་མ་ཡིན་ནམ།་
མདོར་ན།་་ཆུ་དཀྲོག་ནས་འཽ་མ་ལོན་ཐབས་མེད་པའི་དཔེ་ལྟར།་ཁྱེད་ནས་གལ་ཆེ་ཚུལ་གསུངས་པ་ཙམ་མ་ཡིན་པར།་རྣམ་འགྱུར་སྟོན་པ་དང་ལས་འགུལ་སྤེལ་ནས་གྲུབ་འབྲས་སོན་པ་ཞིག་ཡོང་བར་ཐབས་ལམ་དང་ཐབས་བྱུས་མཉམ་དུ་རྒྱ་ཆེའི་ཀློག་པ་པོ་རྣམ་པའི་སྤྱན་ལམ་དུ་འབུལ་གནང་ཡོང་བ་ཞུ་རྒྱུ་ཡིན།
སླར་ཡང་ཐུགས་རྗེ་ཆེ་ཞུ།་།