རིག་འབྱུང་དོན་གྲུབ་བཀྲ་ཤིས། ཨ་རི།
བོད་རྒྱ་འབྲེལ་མོལ་གྱི་རིམ་པ་འདི་བྱུང་ནས། ད་ཕན་ལོ་ངོ་ ༣༠ ལྷག་འགྲོ་གི་འདུག ཐོག་མའི་ཆར་ལྟ་སྐོར་གྱི་ངོ་བོའི་ཐོག་ནས་ཕྱིན་པ་རེད། དེ་ནས་སྐུ་ཚབ་ཀྱི་མིང་ཐོག་ནས་ཕྱིན་པ་རེད།
ལྟ་སྐོར་ཚོགས་པ་དང་སྐུ་ཚབ་ཚོགས་པ་གཉིས་ཀ་བོད་ལ་ཡང་འགྲོ་ཐུབ་ཡོད་པ་རེད། བོད་ནང་གི་གནས་སྟངས་མཐོང་ཡོད་པ་རེད། དེ་དུས། རྒྱ་ནག་གཞུང་གིས་ཚུར་ལ་ཆ་རྐྱེན་མང་པོ་བཏོན་པ་རེད། ཚུར་ལ་ཆ་རྐྱེན་བཏོན་པ་ནང་བཞིན་ཕར་ལ་ཡང་ཆ་རྐྱེན་བཏོན་པ་རེད། ཕར་ལ་ཆ་རྐྱེན་བཏོན་པ་ཁ་ཤས་འགྲུབ་པ་རེད། འོན་ཀྱང་། གྲུབ་འབྲས་ཆེན་པོ་བྱུང་ཡོད་མ་རེད། གང་ལྟར། འབྲེལ་མོལ་གྱི་བརྒྱུད་ལམ་དེ་ཆད་པ་རེད། ཆད་ནས་ལོ་བཅུ་གྲངས་ཕྱིན་པ་རེད། དེའི་རྗེས་སུ་འབྲེལ་མོལ་གྱི་ལམ་ཁ་འདི་བསྐྱར་མཐུད་བྱུང་བ་རེད། དེ་ནི་ད་ལྟའི་བཀའ་ཤག་སྐབས་སྔ་མ་དེའི་སྐབས་ལ་རེད། སྐུ་ཚབ་དེ་ཡང་དམིགས་བསལ་སྐུ་ཚབ་ཀྱི་མིང་ཐོག་ནས་ཕྱིན་པ་རེད། འགྲོ་ས་དེ་ཡང་རྒྱ་ནག་ལ་ཕྱིན་པ་རེད། རིམ་པ་དེའི་ནང་ལ། རྒྱ་ནག་གཞུང་གི་ངོས་ནས་ཚུར་ལ་ཆ་རྐྱེན་མང་པོ་བཏོན་པ་རེད། ང་ཚོའི་ངོས་ནས་ཆ་རྐྱེན་མང་པོ་ཁས་ལེན་བྱས་པ་རེད། ཁས་ལེན་བྱས་པས་མ་ཚད་ཡིག་ཆའི་ནང་ལ་ཡང་བཞག་པ་རེད།
འོན་ཀྱང་། ཕར་ལ་ཆ་རྐྱེན་མ་བཏོན་པ་རེད། ང་ཚོའི་ངོས་ཀྱི་བྱེད་སྟངས་དེ་”ཐབས་མཁས་བསྟུན་མཁས”་ཟེར་བའི་ལམ་ཐིག་དེའི་ནང་ ནས་བསྡད་པ་རེད། ཐོག་མའི་འབྲེལ་མོལ་ཐེངས་ལྔ་དྲུག་དེ་ཕན་ཚུན་ལ་གོ་བརྡ་མ་འཕྲོད་ནས་བསྡད་པ་རེད། དེའི་རྗེས་སུ་གོ་བརྡ་འཕྲོད་ཀྱི་ཡོད་པའི་རེ་བ་ཞིག་བཟུང་བ་རེད། རེ་བ་དེ་འཛིན་མཁན་ང་ཚོའི་ཕྱོགས་ནས་རེད། རེ་བ་དེ་དང་མཉམ་དུ། “བོད་རིགས་ཡོངས་ལ་མིང་དོན་མཚུངས་བའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ”་ དེ་རྒྱ་ནག་གཞུང་ལ་སྤྲད་པ་རེད། དེ་སྤྲད་པས་མ་ཚད་དེའི་འགྲེལ་བཤད་རྒྱས་པ་ཞིག་ཀྱང་སྤྲད་པ་རེད། འོན་ཀྱང་། ཐབས་སྐྱོ་བ་ཞིག་ལ། ཡིད་མུག་པ་ཞིག་ལ། རྒྱ་ནག་གཞུང་གིས་བསྐྱར་དུ། “བོད་ཆེན་པོ་དང་ཚད་མཐོའི་རང་སྐྱོང་ཟེར་བ་དེ་ནི་ཀྲུང་གོའི་རྩ་ཁྲིམས་ལས་འགལ་བ་ཡིན་པ། ཤོད་སྟངས་དེ་ཡོངས་སུ་མེད་པར་བཟོས་ན། མཇལ་འཕྲད་གྲོས་མོལ་ལ་གཞི་ནས་གཞི་ཚུགས་ས་ཞིག་ཡོད་པ་རེད་ལ། ཏཱ་ལའི་བླ་མ་སྒེར་ལ་ཡང་གཞི་ནས་མདུན་ལམ་ཡོད་པ་རེད་”ཟེར། ད་བསྐྱར་དུ་བསམ་བློ་ཐོངས། ང་ཚོས་རང་བཙན་ནས་དབུ་མའི་ལམ་ལ་མར་ཕབ་པ་རེད། དབུ་མའི་ལམ་གྱི་དགོངས་གཞི་དེ་ཡང་ཇེ་ཆུང་ལ་བཏང་ནས་བོད་རིགས་ཡོངས་ལ་མིང་དོན་ མཚུངས་བའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་ཟེར་བ་འདིའི་སྒང་ལ་བཞག་པ་ རེད། ད་ཡིག་ཆ་འདི་ཇེ་ཆུང་ལ་གཏོང་རྒྱུ་ཡོད་དམ། ཡིག་ཆ་ལ་གཅོད་གཏུབས་བྱེད་རྒྱུ་ཡོད་དམ།
བསྐྱར་དུ་བསམ་བློ་ཐོངས། ཕྱི་ལོ་ ༢༠༠༢ ནས་ད་ཕན་ཚུན་གྱི་འབྲེལ་མོལ་གྱི་རིམ་པ་འདིར་བལྟས་ན། ང་ཚོའི་ཕྱོགས་ནས་འགྲེལ་བཤད་ཟེར་བ་འདིའི་སྒང་ལ་ཆུ་ཚོད་མང་པོ་བཏང་འདུག འགྲེལ་བཤད་བརྒྱབས་ནས་རྒྱ་ནག་གཞུང་དང་མཉམ་དུ་ཡིད་ཆེས་ཀྱི་ལམ་ཁ་བསྐྲུན་རྒྱུར་རེ་བ་བརྒྱབ་འདུག ང་ཚོ་ནོར་ས་ཡང་འདི་ན་ནོར་འདུག ང་ཚོ་འཐོམས་ས་ཡང་འདི་ན་འཐོམས་འདུག ད་བསྐྱར་དུ་བསམ་བློ་ཐོངས། རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་མཁྱེན་གྱི་མེད་པ་རེད་དམ། རྒྱ་ནག་གཞུང་གིས་ང་ཚོའི་དགོས་འདུན་མཐོང་གི་མེད་པ་རེད་དམ། རྒྱ་ནག་གཞུང་གིས་བོད་རིགས་ཡོངས་ལ་མིང་དོན་མཚུངས་བའི་རང་སྐྱོང་ཡོང་ཐབས་ཀྱི་ བསམ་འཆར་ཡིག་ཆ་དེའི་དགོངས་དོན་མ་རྟོགས་པ་རེད་དམ། ངེད་ཀྱིས་བསམ་ན། དེ་འདྲ་མ་རེད། ད་ཕན་རྒྱ་ནག་གཞུང་གི་བོད་ཀྱི་གནད་དོན་སེལ་འདོད་མེད་པ་དེ་ཐུག་ས་གསུམ་རེད། དེ་ནི། བདག་དབང་གི་གནད་དོན་དང་ས་ཁྱོན་གྱི་གནད་དོན། མི་འབོར་གྱི་གནད་དོན་བཅས་རེད།
གནད་དོན་ཕྱི་མ་གཉིས་ལ་རྒྱ་ནག་གཞུང་གི་ངོས་ནས་གདོང་ལེན་བྱེད་རྒྱུའི་བློ་སྤོབས་མེད། གནད་དོན་སྔ་མ་དེ་ལ་གདོང་ལེན་བྱེད་ཐབས་རག་གི་མེད། དེ་ནི་གཞུང་གི་ཆབ་སྲིད་ཀྱི་སྒྲིག་འཛུགས་དང་སྒྲོམ་གཞིའི་གནད་དོན་རེད། གནད་དོན་འདིའི་སྒང་ན་བོད་ཀྱི་གནད་དོན་ཡང་ལྷག་ནས་ཡོད། ད་ནི། ང་ཚོས་བསམ་བློ་གཏོང་དགོས་བའི་དུས་ཚོད་རེད།
བསྐྱར་དུ་བསམ་བློ་གཏོང་དགོས་པའི་དུས་ཚོད་རེད། གྲོས་མོལ་དངོས་ཀྱི་རྨང་གཞི་མེད་ས་ཞིག་གི་སྒང་ལ་མུ་མཐུད་དུ་དུས་ཚོད་གཏོང་མིན་ལ་བསམ་བློ་ཐོངས།
ཡིག་ཆའི་དོན་ཚན་ཁག་ལ་བསྐྱར་དུ་མཆན་འགྲེལ་རྒྱག་མིན་ལ་བསམ་བློ་ཐོངས། ངེད་རང་སྒེར་གྱི་རྨོངས་འཆར་ལ། ད་ནི་ང་ཚོས་འགྱུར་བ་ནས་བསམ་བློ་གཏོང་། འགྱུར་ནས་འགོ་འཛུགས། དེ་ཡང་། ད་ལྟའི་འབྲེལ་མོལ་གྱི་བརྒྱུད་ལམ་ལ་འགྱུར་བ་གཏོང་དགོས། ད་ལྟའི་འབྲེལ་མོལ་གནང་མཁན་གྱི་སྐུ་ཚབ་ལ་འགྱུར་བ་གཏོང་དགོས། འབྲེལ་མོལ་གྱི་མཐུད་རྒྱག་སྟངས་ལ་ཡང་འགྱུར་བ་གཏོང་དགོས། འགྱུར་བ་གཏོང་དགོས་བ་འདི་ལ་ཡང་རྒྱབ་ལྗོངས་རྒྱུ་མཚན་འགའ་མཐོང་། ད་ཡོད་ཀྱི་བརྒྱུད་ལམ་འདི་ལ་བརྟེན་ནས། ཕྱི་ལོ་༢༠༠༢ནས་ད་ལྟ་ཚུན་ལ་གནས་སྟངས་འགྲེལ་བཤད་དང་ཡིག་ཆ་འགྲེལ་བཤད་བྱས་ནས་ བསྡད་འདུག ད་ནི་བརྒྱུད་ལམ་འདིའི་སྒང་ན་འགྲེལ་བཤད་ལྷག་མ་བྱེད་རྒྱུ་ཅང་ལྷག་མེད། ད་ཡོད་ཀྱི་བརྒྱུད་ལམ་འདི་ལ་བརྟེན་ནས་། ང་ཚོའི་གཞུང་གི་ངོས་ནས། “༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ”་དང་”རྒྱ་ནག་གཞུང་གི་ངོས་ནས་ཏཱ་ལའི་བླ་ མའི་སྐུ་ཚབ་”ཟེར་བ་འདིའི་སྒང་ན་བསྡད་འདུག
འདི་ནས་ཡར་འཕགས་ས་དེ་འགག་ནས་ བསྡད་འདུག ད་ཡོད་ཀྱི་བརྒྱུད་ལམ་འདི་ལ་བརྟེན་ནས། བྱེད་དགོས་བའི་ལས་ཀ་ཕལ་ཆེ་བ་བྱས་ཚར་འདུག དེ་ནི་བོད་རིགས་ཡོངས་ལ་མིང་དོན་མཚུངས་བའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ ཡིག་ཆ་དེ་རྒྱ་ནག་གཞུང་གི་མདུན་ལ་འཇོག་རྒྱུ་དེ་རེད། དེ་བཞག་པས་མ་ཚད་དེའི་འགྲེལ་བཤད་རྒྱས་པ་དེ་ཡང་སྤྲད་ཚར་ཡོད། བརྒྱུད་ལམ་འདི་ལ་དེ་ལས་ལྷག་པའི་ལས་ཀ་བྱེད་རྒྱུ་ཅང་ལྷག་མེད། བརྒྱུད་ལམ་གཅིག་པོ་མ་ཡིན་པར་དེའི་སྟེང་དུ་བསྐྱོད་མཁན་གྱི་སྐུ་ཚབ་ལ་ཡང་ འགྱུར་བ་ཅིག་གཏོང་དགོས་བར་མཐོང་། དེ་ནི།
སྐུ་ཚབ་ཀྱི་དུས་ཡུན་དང་སྐུ་ཚབ་ ཀྱི་དགུང་ལོའི་བབ་གཉིས་ཀྱི་སྒང་ནས་ཡིན། ད་དུང་། འབྲེལ་མོལ་མཐུད་རྒྱག་སྟངས་ལ་འགྱུར་བ་གཏོང་དགོས་ཟེར་དོན་ནི། ད་ལྟའི་འབྲེལ་མོལ་མཐུད་རྒྱག་སྟངས་ནི་། ཡིག་ཆ་འགའ་མཐུད་རྒྱག་པ་དང་ཡིག་ཆ་དེ་ཚོ་ཡང་གྲོས་མོལ་དངོས་ཀྱི་རྨང་གཞི་མེད་ པའི་ཐོག་ནས་མཐུད་རྒྱག་བཞིན་ཡོད། མཐུད་དེ་ཡང་མཐུད་ཀྱི་སྣེ་མོ་འཇུ་ས་མེད་ས་ཞིག་ལ་རྒྱག་བཞིན་ཡོད། ད་ནི་འགྱུར་བ་ནས་འགོ་འཛུགས་དགོས་ཀྱི་འདུག བསྐྱར་དུ་བསམ་བློ་ཐོངས། འོ་ན། འགྱུར་བ་ཇི་ལྟར་གཏོང་དགོས་སམ། འགྱུར་བ་གཏོང་སའི་ལམ་ཁ་ཡོད་དམ། ཐབས་ལམ་ཡོད་དམ། ངེད་ལ་ཡོད། ྐློག་མཁན་ཁྱེད་ལ་ཡོད་དམ། བསྐྱར་དུ་བསམ་བློ་ཐོངས། ངེད་ཀྱིས་འདི་འདྲ་བསམ།
ཐབས་ལམ་གཅིག་ནི། ད་ལྟའི་བཀའ་ཤག་གི་ངོས་ནས་བོད་རིགས་མི་མང་ཡོངས་ལ་ཁ་བསངས་རྒྱུ་དེ་རེད། བརྒྱུད་ལམ་འདིའི་སྒང་ནས་གྲ་སྒྲིག་པའི་འབྲེལ་མོལ་གྱི་རིམ་པ་དེར་གྲུབ་འབྲས་མ་ བྱུང་བ་དེ་ཁ་བསངས་དགོས། འབྲེལ་མོལ་ལ་གྲུབ་འབྲས་མ་བྱུང་བ་ཁ་བསངས་དགོས། ཁ་བསངས་ནས་མཚམས་འཇོག་དགོས། བོད་རྒྱ་འབྲེལ་མོལ་གྱི་རིམ་པ་འདི་ང་ཚོའི་འཛིན་སྐྱོང་གི་སྐབས་སུ་མཐུད་བརྒྱབ་པ་རེད། འོན་ཀྱང་། བཀའ་ཤག་སྐབས་རྗེས་མ་དེ་ཚོས་ཡོང་མ་སོང་ཟེར་བའི་སྐད་ཆ་དེའི་རིགས་མ་འོངས་བའི་ལོ་རྒྱུས་ཁྲོད་ལྷག་གཞི་ཡོད་པ་བཟོ་མི་ཉན། ལྷག་པར་དུ། རེ་བ་ཡོད་མདོག་དང་གྲུབ་འབྲས་ཡོང་མདོག་གི་རྣམ་འགྱུར་བསྟན་ཏེ་བོད་ནང་གི་བོད་མི་རྣམས་རེ་སྒུག་གི་ཁྲོད་ནས་འཆི་རུ་འཇུག་མི་ཉན། གྲུབ་འབྲས་མ་བྱུང་བ་དེ་ཁ་བསངས་ཐུབ་པ་ཡིན་ན། གང་བྱུང་བ་དང་གང་མ་བྱུང་བ་དེ་ཁ་བསངས་ཐུབ་པ་ཡིན་ན། གསལ་བོ་བཟོ་ཐུབ་པ་ཡིན་ན། མ་འོངས་བའི་བྱེད་ཕྱོགས་གསལ་བོ་བཟོ་ཐུབ་པ་ཡིན་ན། བོད་ནང་གི་བོད་མི་རྣམས་ཀྱང་འགྲོ་བ་མི་རེད། བསམ་བློ་གཏོང་ཐུབ་པའི་འགྲོ་བ་མི་རེད། ཀླད་པ་དཀྲུགས་རྒྱུ་ཡོད་པའི་འགྲོ་བ་མི་རེད། ཁོང་ཚོས་ཀྱང་ཏན་ཏན་བསམ་བློ་གཏོང་གི་རེད། ལས་གཞི་རྩོམ་གི་རེད། ཐབས་ལམ་གཞན་ཞིག་ནི། ད་ལྟའི་བརྒྱུད་ལམ་གྱི་ཡིག་ཆའི་གནད་དོན་དང་འགྲེལ་བཤད་དེ་ཚོ་གནས་སྐབས་རིང་ཕར་ཞོག ང་ཚོའི་གཞུང་གི་ངོས་ནས་རྒྱ་ནག་གཞུང་ལ་ཕར་ཆ་རྐྱེན་འདོན་དགོས། ལོ་ཟླ་དུས་བཀག་གི་སྒོ་ནས་ཆ་རྐྱེན་འདོན་དགོས། བོད་མིའི་ཁོག་པའི་སྙིང་དང་དཔྲལ་བའི་མིག་ལྟ་བུའི་༧གོང་ས་མཆོག་ལ་མཚན་སྨོད་ཞུ་བ་དེའི་རིགས་མཚམས་འཇོག་མ་བྱས་བར་དུ་གྲོས་མོལ་གྱི་ལམ་ཁ་མེད་པའི་ཆ་རྐྱེན་ འདོན་དགོས། ཆ་རྐྱེན་དེ་ཡང་ལོ་ཟླ་དུས་བཀག་བཟོས་ནས་འདོན་དགོས།
བོད་ནང་གི་ཆབ་སྲིད་བཙོན་པ་དག་གློད་གྲོལ་མ་ཐོབ་བར་དུ་གྲོས་མོལ་གྱི་སྒོ་མི་ཕྱེས་བའི་ཆ་རྐྱེན་འདོན་དགོས། ལོ་ཟླ་དུས་བཀག་བཟོས་ནས་ཆ་རྐྱེན་འདོན་དགོས། ལོ་ཟླ་དུས་བཀག་དེའི་ནང་གི་རྒྱ་ནག་གི་རྣམ་འགྱུར་ལ་བལྟ་དགོས། ཆ་རྐྱེན་བཏོན་ནས་བོད་ནང་གི་ཆབ་སྲིད་བཙོན་པ་གཅིག་ཡིན་རུང་གློལ་གྲོད་ཐུབ་པ་བྱེད་དགོས། ཆ་རྐྱེན་བཏོན་ནས་བོད་ནང་གི་བོད་མི་གཅིག་གི་སྲོག་ཡན་ཆད་ནས་སྐྱོབ་ཐུབ་པ་བྱེད་དགོས། ཆ་རྐྱེན་བཏོན་ནས་ལས་ཀ་བྱེད་རྒྱུ་དེ་གནད་འགག་རེད། ད་དུང་གཞན་ཞིག་ནི། ༧གོང་ས་མཆོག་དང་རྒྱ་ནག་མི་མང་གི་དབར་ལ་ལམ་་ཁ་བསྐྲུན་རྒྱུ་དེ་རེད། ༧གོང་ས་མཆོག་དང་རྒྱ་ནག་མི་མང་གི་དབར་ལ་གོ་རྟོགས་བསྐྲུན་སའི་ལམ་ཁ་་བཙལ་རྒྱུ་དེ་རེད། ༧གོང་ས་མཆོག་གི་དགོངས་གཞི་དང་རྒྱ་ནག་མི་མང་གི་དབར་ལ་ཡིད་ཆེས་བསྐྲུན་ཐབས་ ཀྱི་ལམ་ཁ་་བཙལ་དགོས། ང་ཚོས་བཤད་སའི་ཡིད་ཆེས་ཡིད་ཆེས་ཟེར་བ་དེ་ཡང་། འགག་ས་གཅིག་འདི་ན་འགག་འདུག
ད་བསྐྱར་དུ་བསམ་བློ་ཐོངས། བོད་ཀྱི་གནད་དོན་འདིར། བོད་མིའི་གནད་དོན་འདིར། མ་འོངས་བའི་ལོ་ལྔའི་ནང་ལ་འགྱུར་བ་ཞིག་ཡོང་གི་རེད་དམ། ལོ་བཅུའི་ནང་ལ་འགྱུར་བ་ཞིག་ཡོང་གི་རེད་དམ། བསྐྱར་དུ་བསམ་བློ་ཐོངས།
དུས་བབ་ཐོག་གི་སྐུ་ཞབས་གཡང་ལགས་ཡིན་ན་འདྲ། ཁ་བརྡའི་ཐོག་གི་སྐུ་ཞབས་ལ་ལ་ཡིན་ན་འདྲ།
ཁྱེད་ཚོའི་སྐྱོན་བརྗོད་དང་གཤེ་གཤེ་ལ་བརྩི་བཀུར་ཞུ་བཞིན་ཡོད། དེ་ཙམ་ཞུ།
བོད་དོན་ལ་ངོ་བོའི་ཐོག་ནས་འགྱུར་བ་ཆེན་པོ་ཞིག་མིག་མཐོང་ལག་འཛིན་ཐུབ་ན་ཅི་མ་རུང་སྙམ་མཁན་ནི་བོད་མི་ཤ་ཞེན་ཅན་ཐམས་ཅད་ཀྱི་བློ་ལ་འཐད་པ་ཡིན་ལ། དེའི་དོན་དུ་ནུས་པ་གང་ཡོད་འདོན་བཞིན་ཡོད། འོན་ཀྱང་ང་ཚོས་འབྲས་བུ་ཆེན་པོ་ཞིག་མ་རག་དུས། རང་གི་མི་ཡིས་མ་འཇོན་རབས་དང་རང་གི་མི་ཡིས་མ་ཐུབ་རབས་ཤ་སྟག་བཤད་ནས་སྐྱོན་མཚང་འབྲུ་བ་དང་ཚིག་ངན་འཕེན་གྱིན་བསྡད་ན་དངོས་གནས་ཁྲོན་པའི་ནང་གི་སྦལ་པ་རང་རེད། ལག་པ་གཉིས་ཀ་མཉམ་དུ་སྡེབ་ན་གཞི་ནས་ཐལ་སྒྲ་ཐོན་པ་ལྟར་ད་ཆ་ང་ཚོ་བོད་པ་ཚང་གིས་རང་ནུས་གང་གཅོག་དང་དམའ་ས་འཛིན་པ་སྐུ་གྱོང་འཁུར་བ་སོགས་འཛམ་གླིང་དྲང་བདེན་མི་ཚོགས་ཀུན་གྱིས་ང་ཚོས་བོད་དོན་ལ་འགྱུར་བ་གཏོང་བར་ལྷག་བསམ་དཀར་པོ་ཡིན་པ་མ་ཚད། བབ་བསྟུན་གྱི་བློས་གཏོང་ཧ་ལམ་བྱེད་དགོས་པ་ཡོད་ཚད་བྱས་ཚར་བའི་རྣམ་པ་ཞིག་ཤར་ཡོད་པས་བདེན་པ་ང་ཚོའི་ལག་པར་ཐོབ་ཡོད། ༸གོང་ས་མཆོག་ཀྱང་སེམས་ཅན་ཀུན་གྱི་བདེ་དོན་གཉེར་མཁན་འབའ་ཞིག་ཡིན་པ་དང་ངེད་བོད་པ་ཚང་གཞན་གཅེས་གཞན་ཕན་གྱི་གཏོང་ཕོད་ཆེ་བའི་བྱང་སེམས་ཅན་ཡིན་པའི་རྐྱེན་གྱིས་ད་ཆ་ལམ་བུ་ཆོས་དང་འཇིག་རྟེན་གཉིས་ཀ་དང་མཐུན་ལ་འཇིག་རྟེན་ཕལ་པའི་ཤ་རྩོད་རུས་འཕྲོག་གི་ཚད་ལས་བརྒལ་བའི་རྣམ་པ་ཞིག་མངོན་ཡོད་པ་དེས། བོད་དོན་ཐད་ང་ཚོ་བོད་པ་ཚང་ནི་ཁ་ཞེ་གཉིས་མེད་དང་ང་ཚོ་བོད་པ་ཚང་ནི་ཀུན་ཕན་གཉིས་སྐྱོང་གི་རྣམ་དག་བསམ་པས་སྐུལ་བའི་དཀར་ཕྱོགས་དེ་ཡིན་པ་གསལ་པོ་རེད། ཕར་ཕྱོགས་བློ་སྒྱུ་མས་ཁེངས་ཤིང་ཞེ་ཁོག་གནག་ལ་རང་ཕུངས་གཞན་ཕུངས་ཀྱི་ལས་ལ་རྩེན་པའི་རྒྱ་དམར་གཞུང་དེ་ནི་ད་ཆ་འཛམ་གླིང་སྐྱེ་འགྲོ་མདུན་དུ་བཞད་གད་ཀྱི་གནས་དང་གཏི་ཏུག་སྤྲོ་ཐུང་གནས་ལུགས་རྒྱུ་མཚན་མི་བཤད་མཁན་ཁ་གདངས་ཚད་ཆེས་མ་མཐའི་བཟང་སྤྱོད་ཀྱི་ཚད་ལ་སླེབས་མི་ཐུབ་པའི་གནས་སུ་གྱར་ཡོད། བོད་དོན་གྲོས་མོལ་བྱེད་སའི་ཁ་གཏད་ནི་རྒྱ་དམར་གཞུང་གྱོང་རྩུབ་ཁེ་ཕན་གཏི་འབྲུ་ཙམ་ཡང་གློད་ཀྱི་མིན་ཟེར་མཁན་དེ་ཡིན་པས། བོད་དོན་ལ་དོན་ལ་གནས་པའི་འགྱུར་བ་མི་བྱུང་བའི་ལན་པ་ནི་རྒྱ་དམར་གཞུང་ལ་ཡོད་པ་ལས། སྐྱབས་མགོན་༸གོང་ས་ཆེན་པོ་མཆོག་དང་བཙན་བྱོལ་གཞུང་། སྐུ་ཚབ། དེ་བཞིན་བོད་སེར་སྐྱ་མང་ཚོགས་ལ་མེད་པ་ཁ་གསལ་པོ་རེད། བྱས་ཙང་རྒྱ་བོད་འབྲེལ་མོལ་ལ་འབྲས་བུ་དེ་ཡིན་པ་ཞིག་བཏོན་རྒྱུ་མེད་པར་ཁ་བཏགས་ནས། ནམ་ཀུན་སྐུ་ཚབ་མི་དཔོན་སྒེར་ལ་ཁོག་ནད་དང་མི་འདོད་པ་ཡོད་པ་དག་གནས་ལུགས་རྒྱུ་མཚན་ཡོད་ཁུལ་གྱིས་བཤད་པ་དེ་ཚོ། མིག་མདུན་ལ་ལུང་དང་རིགས་པ་མང་པོ་འདྲེན་པ་དང་། བརྗོད་བྱ་བདེ་ལ་ཚིག་སྦྱོར་བཟང་བས་བཀབ་ན་ཡང་། ངས་རྩོམ་འདི་རིགས་བྲི་མཁན་གྱི་ཁོག་པ་གཏིང་ལ་ཞེ་སྡང་དང་། ཕྲག་དོག མགོ་མི་སྙོམས་པ་སོགས་ཀྱི་ཉོན་མོངས་ཀྱི་ནད་ཆེན་པོ་ཞིག་ཕོག་ཡོད་པ་མཐོང་གི་འདུག གལ་སྲིད་ཁྱེད་རང་དངོས་གནས་བོད་དོན་ལ་འབྲས་བུ་ད་དུང་མི་ཐོན་པས་སྙིང་ན་བ་དང་། སྟོད་རླུང་འཚངས་བ་ཁོ་ན་ཡིན་ན། བོད་དོན་ལ་དངོས་གནས་འགྱུར་བ་གཏོང་ནུས་པའི་བློ་དང་རིག་པ་འདོན་རོགས་ཞུ། དེ་མིན་སྐུ་ཚབ་དེར་ང་དོགས་པ་དེ་འདྲ་ཡོད། བོད་དོན་ལས་ཁུངས་དེ་ཡི་ལས་ཀ་དེ་ལ་སྐྱག་དོང་སྔོག་ས་ཡོད་པ་འདུག་ཟེར་བ་སོགས་བྱས་ནས། ཕྲག་དོག་གིས་བློ་ཁ་བསྒྱུར་ནས་དོགས་གཞི་ཁོ་ན་བཏོན་ནས་མ་བཞུགས། དངོས་གནས་གནས་ཚུལ་ཡོད་པ་ཡིན་ན། ཁྱེད་རང་ཕེབས་ནས་བརྟག་དཔྱད་ཡག་པོ་ཞིག་གནང་ནས་ཁྲིམས་གཏུག་བསྐྱོན་ན་ཆོག་གི་རེད། ཨ་རི་དང་རྒྱ་གར། ངེད་བོད་གཞུང་ཚང་མར་ཁྲིམས་ཁང་ཡོད་ལ་ཁྲིམས་ཀྱང་གྱ་ནོམ་པ་ཡོད། འཇོན་ན་དེ་འདྲ་གནང་ནས་བོད་མི་ཚོ་ཧ་ལས་པ་བཟོས་ཤིག དེ་མིན་ཕུ་དཀྲུག་མདའ་དཀྲུག་གི་དཀྲོག་གཏམ་བཤད་ནས་བོད་མི་མགོ་ཉོག་ཏུ་མ་བཅུག་རོགས།
རིག་འབྱུང་དོན་འགྲུབ་བཀྲ་ཤིས་ལགས། གསལ་བཤད་དང་སྦྲག་བསམ་ཚུལ་འདིའི་འབྱུང་ཁུངས་དང་བསམ་ཚུལ་འདིའི་རྒྱབ་ལྗོངས་བཅས་ལ་ཞིབ་འཇུག་གི་ཁུངས་སྣེ་ཡོད་ཚུལ་གསུངས་པའི་ཚིག་འདིར་དགའ་ནས་ཡོད། མུ་མཐུད་ང་ཚོས་ཞིབ་འཇུག་དང་ཁུངས་སྣེ་ཡོད་པའི་བསམ་ཚུལ་སྤེལ།
འདི་ལྟར་དགོངས་ཚུལ་གནང་ན་ཡག་པོ་འདུག་་་་་ཡིན་ནའང་འུ་ཚང་གི་རྣ་བ་ལ་སྐྱོན་ཡོད་པས་གོ་དཀའ་་་་་་ད་དུང་ཀི་རིང་དེ་ལས་ལྷག་ཅིག་མ་བཏབ་ན་གོ་རྒྱུ་ཁག་ཡ། ཡིན་ནའང་ང་ཚོས་འདི་ལྟར་དགོངས་ཚུལ་སྤེལ་རེས་བྱས་ནས་མ་འོངས་པའི་གཞོན་སྐྱེས་ཚོའི་བློ་ངོར་ཡང་དག་པའི་ལྟ་བ་ཞིག་འཇགས་ཐབས་ལ་འབད་དགོས་པ་དེ་ང་ཚོར་འཁྲི་བའི་འགན་ཞིག་ཡིན་པས་རང་དགར་འཇོག་གཏད་ནས་མི་རུང་། དེར་བརྟེན་དྲ་གྲོགས་ཚོས་རང་ཉིད་ཀྱི་ལྟ་བ་དང་འབྲེལ་ནས་མ་འོངས་པའི་བྱེད་ཕྱོགས་སྐོར་ལ་དགོངས་ཚུལ་ཅི་ཡོད་ཕན་ཚུན་གླེང་མོལ་གྱི་ཚུལ་དུ་གསུང་རྒྱུའི་རེ་བ་ཡོད།
ངེད་ཀྱི་རྨོངས་འཆར་འདི་ལ། ཞིབ་འཇུག་གི་རྒྱབ་རྩ་ཆུང་ཆུང་ཞིག་ཡོད། དུས་ཚོད་དང་བསམ་བློའི་འགྲོ་སོང་ཡང་གང་འཚམས་བཏང་ཡོད།
དེར་བརྟེན། ངེད་ཀྱིས་རང་གི་རྨོངས་འཆར་འདི་བཀའ་བློན་ཁྲི་བའི་གཞུང་འབྲེལ་གློག་འཕྲིན་(katri-pa@gov.tibet.net)ཐོག་ལ་ཡང་གཅིག་བཏང་བ་ཡིན། འདི་ལྟར་བྱེད་རྒྱུ་དེ་གལ་ཆེར་མཐོང་།
མ་འོངས་པར་བོད་རིགས་རྩོམ་འབྲི་བ་ཚོས། རང་གིས་བྲིས་བའི་བསམ་ཚུལ་དེ་དག་འབྲེལ་ཡོད་ཚན་པ་ཁག་ལ་ངེས་པར་དུ་གཏོང་དགོས་ཀྱི་འདུག དྲ་ཐོག་ལ་འཇོག་རྒྱུ་དང་དེ་ལ་ྐློག་མཁན་འགའ་ཡོང་རྒྱུ་གཅིག་པོ་མ་རེད་དྲན། འདི་ཡང་ངེད་རང་སྒེར་གྱི་བསམ་ཚུལ་ཡིན།
བཀྲ་ཤིས་སྒྲོལ་མ་ལགས།
ངེད་ཀྱིས་འདི་རུ་རྒྱ་ནག་ལ་ཕར་ཆ་རྐྱེན་འདོན་དགོས་རེད་ལབ་ཡོད། འོན་ཀྱང་། ཆ་རྐྱེན་དེ་ལོ་ཟླ་དུས་བཀག་བྱས་ནས་འདོན་དགོས་རེད་ལབ་ཡོད། དེ་གནད་འགག་རེད་དྲན།
གཞན། ཁྱེད་ཀྱིས་གསུངས་བ་ནང་བཞིན་། བོད་རིགས་ཚོས་རྒྱའི་སྤྱི་ཚོགས་དང་སྲིད་གཞུང་། དེའི་འགྱུར་བ་བཅས་ལ་དོ་སྣང་སྤྲོད་རྒྱུ་གལ་ཆེར་མཐོང་།
ད་དུང་། རང་གི་གཞུང་དང་དེའི་འཛིན་སྐྱོང་ལ་དོ་སྣང་སྤྲོད་རྒྱུ་ཡང་གལ་ཆེར་མཐོང་།
གྲོས་མོལ་གྱི་ནང་དོན་ལ་བོད་ནང་གི་བོད་མི་ཚོའི་འབོད་ཚིག་རྣམས་དངོས་སུ་འགོད་དགོས་པ་རེད།
སྤྱིར་ཕྲུ་གུ་ཁ་གྲགས་ཤེས་པ་ཚུན་ཆད་ཀྱིས་བོད་རྒྱ་གྲོས་མོལ་སྐོར་གླེང་ན་མི་འོས་ཀྱང་། འདིར་བསམ་ཚུལ་ཞུ་འདོད། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོའི་བསམ་ཚུལ་ཤེས་ཆེད་བོད་ནང་གི་གཞི་རིམ་མང་ཚོགས་དང་གྲོས་མོལ་བྱེད་དགོས་ཞེས་ནན་བསྐུལ་བྱེད་རྒྱུ་དེ་གལ་ཆེན་པོ་རེད། གཞི་ལུས་མི་དམངས་དང་པེ་ཅན་བར་ལ་གྲོས་མོལ་མགོ་འཛུགས་འཇུག་དགོས་པ་རེད། བོད་ནང་ཆབ་སྲིད་བཙོན་པ་ཞི་མོལ་བྱེད་དགོས་པའི་ནན་བསྐུལ་བྱེད་དགོས་པ་རེད།
འདས་བོ་ཟླ་བ་ནོར་བུས་སྔུན་ཟིག་ཀི་འུ་ཚོ་ལུང་བསྟན་གནང་འདུག
འོན་ཀྱང་སྐབས་དེར་ཁོང་ལ་…………….
རྩོམ་འདི་ཀློག་གི་ཀློག་གི་འགན་བདག་ཁ་བདེ་དེ་མིག་ལམ་ལ་ཤར་ཡོང་ཀི་
འདས་བོ་ཟླ་བ་ནོར་བུས་སྔུན་ཟིག་ཀི་འུ་ཚོ་ལུང་བསྟན་གནང་འདུག
འོན་ཀྱང་སྐབས་དེར་ཁོང་ལ་…………….
རྩོམ་འདི་ཀློག་གི་ཀློག་གི་འགན་བདག་ཁ་བདེ་དེ་མིག་ལམ་ལ་ཤར་ཡོང་ཀི་
རྩ་བའི་པཱེ་མ་ཟད་པའི་ཡག་པོ་བྲིས་བཞག་འདུག འདི་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དེ་ནས་ང་རང་གི་བསམ་ཚུལ་ཚིག་ཁ་ཤས་བཤད་རྒྱུ་ཡིན། ད་ཡོད་ཀྱི་སྐུ་ཚབ་དང་འབྲེལ་་མོལ་གྱི་བརྒྱུད་ལམ་ལ་འགྱུར་བ་གཏོང་དགོས་པ་མངོན་གསལ་རེད་ལ་བདེན་པ་རེད། དེར་ང་ལ་ཡང་མོས་མཐུན་ཡོད། འོན་ཀྱང་བརྒྱུད་ལམ་འདི་ལ་འགྱུར་བ་བཏང་ཟེར་དུས་རྒྱ་ནག་ལ་ཆ་རྐྱེན་བཏོན་པ་ཙམ་ལ་ཟེར་བཞིན་ཡོད་དམ། དེ་འདྲ་ཡིན་ན་རྒྱ་ནག་གིས་ཆ་རྐྱེན་དེ་ཁས་ལེན་གྱི་རེད་དམ། རྒྱ་ནག་གི་དེང་གི་ང་རྒྱལ་དང་སྟོབས་ཤུགས་ལ་རྒྱུས་ལོན་བྱས་ཡོད་དམ། རྒྱ་ནག་གི་དེང་གི་རྒྱལ་སྤྱིའི་སྤྱི་ཚོགས་ནང་གི་ཆེ་མཐོང་དང་གོ་ཐོབ་ལ་རྒྱུས་ལོན་བྱས་ཡོད་དམ། ལྷག་པར་དུ་རྒྱ་ནག་གིས་བོད་ལ་བཟུང་བའི་སྲིད་བྱུས་འགྱུར་མེད་རྡོ་རྗེའི་ཀ་བ་ལྟ་བུ་དེའི་དམིགས་ཡུལ་ལ་རྒྱུས་ལོན་ཤེས་རྟོགས་ཐུབ་སོང་ངམ། དེ་ལས་ཀྱང་༼རྒྱ་ནག་གིས་༸གོང་ས་མཆོག་གི་སྐུ་ཚེ་ཕྱི་རྒྱལ་ཡུལ་གྲུ་ཞིག་ནས་འཕེན་པ་རྫོགས་མ་དགོས་པའི་རེ་བ་བྱེད་ཀྱི་ཡོད་༽ཅེས་པའི་ཚིག་ཟུར་གྱི་ལམ་ནས་བོད་དང་མི་དེ་བཞིན་མགོན་པོ་གང་བཅས་ཚ་འདེད་བྱེད་ཀྱི་ཡོད་པ་མ་ཚོར་རམ། འདི་ལྟར་བསམ་བློ་ཡང་གཏོང་བསྐྱར་གཏོང་བྱེད་སྐབས་ཁྱོད་ཀྱིས་བཏངས་པའི་འགྱུར་བ་འདིས་རྒྱ་ནག་ལན་ཁ་གང་འདྲ་ཞིག་ཏུ་འདེད་ཐུབ་ས་རེད། ཁྱོད་ཀྱིས་བཏོན་པའི་ཆ་རྐྱེན་དེས་རྒྱ་ནག་གང་འདྲ་ཞིག་ཏུ་སྐྱེས་ས་རེད། ད་དུང་ཞིབ་དགོས་པ་མང་པོ་ཡོད་པ་འདྲ། མང་པོ་ཞིག་གིས་འདི་ལྟར་བསམ་བསྡད་པ་དེ་ཅུང་འགྲིག་གི་མེད་པའི་བསམ་ཚོར་རྟག་ཏུ་སྐྱེ་བཞིན་འདུག ང་ཚོའི་མགོ་སྲིད་གཞུང་ནས་བཟུང་གཤམ་གྱི་མི་དཀྱུས་མ་ཡན་ཆ་ལ་རྒྱ་ནག་གི་སྲིད་བྱུས་དང་རྒྱ་ནག་ཁྱོན་ཡོངས་ལ་རྒྱུས་ལོན་དང་ཤེས་རྟོགས་མེད་པ་འདི་བཙན་བྱོལ་བོད་མི་སྤྱི་ཡོངས་ཀྱི་ཞན་ཆ་ཆེ་ཤིག་ཏུ་འཁུམས།
ངའི་འདོད་ཐག་ཐུང་དྲགས་པའམ་ཡང་ན་བློ་རིག་རྨོངས་དྲགས་པའི་རྐྱེན་ལས།
ངས་བལྟས་ན། ངའི་མི་ཚེ་འདི་ད་དུང་ལོ་ལྔ་བཅུ་དྲུག་ཅུ་འཚོ་གནས་ཐུབ་ཀྱི་ཡོད་མེད་མི་ཤེས། འོན་ཀྱང་། བོད་རྒྱ་ཕྱོགས་གཉིས་ཀྱི་གོམ་སྟབས་སྤོ་སྟངས་འདི་ལ་བལྟས་ན། མི་ལོ་ལྔ་བཅུ་དྲུག་ཅུའི་རྗེས་སུ་ཡང་ང་ཚོ་འདི་ལྟར་གཞིས་བྱེས་གཉིས་སུ་ཁ་གྱེས་ཏེ་གནས་དགོས་པའི་གནས་སྟངས་ཤིག་ཏུ་ལྷག་ངེས། འདི་ནི་ངའི་སེམས་ཀྱི་འཆར་སྒོ་ཙམ་རེད།