བསྟན་འཛིན་ཉིན་བྱེད།
ཉེ་བའི་ཆར་བ༷ཙན་བྱོལ་སྤྱི་ཚོགས་ནང་འཚར་ལོངས་་བྱུང་བའི་གཞོན་སྐྱེས་ཤེས་ཡོན་ཅན་ཁྲོད་བོད་ཡིག་ཐོག་དོ་སྣང་གསར་པ་ཞིག་སླེབས་བཞིན་འདུག དེ་ནི་གནས་ཚུལ་བཟང་པོ་ཞིག་ཏུ་ངོས་འཛིན་བྱེད་ཆོག ལྷག་པར་དུ་ཕ་ཡུལ་དྲ་རྒྱའི་ནང་གནད་དོན་འདིའི་ཐད་རྩོམ་རིག་སྤེལ་མཁན་གཅིག་བྱུང་འདུག་ཅིང་། དཔྱད་རྩོམ་འདིའི་ནང་བོད་ཡིག་འབྲི་ཀློག་ཁག་པོ་ཡོད་པའི་རྐྱེན་གྱིས་བོད་རིགས་ གཞོན་སྐྱེས་རྣམས་དོ་དབྱིངས་དེ་ཙམ་བྱེད་ཐུབ་ཀྱི་མེད་པ་དང་། དེ་བཞིན་བཙན་བྱོལ་སྤྱི་ཚོགས་ནང་འཚོ་གནས་ཡོང་བར་ཕྱིའི་སྐད་རིགས་ལ་དམིགས་བསལ་ དོ་སྣང་དང་ཤུགས་མ་རྒྱག་ཀ་མེད་ཆགས་ཀྱི་ཡོད་སྟབས་བོད་ཡིག་ལ་འཐུས་ཤོར་འགྲོ་གི་ ཡོད་པའི་དངོས་ཡོད་ཀྱི་དཀའ་ངལ་འགྲེལ་བརྗོད་གནང་འདུག བོད་མི་རིགས་ཀྱི་ངོ་བོའི་བླ་སྲོག་ཏུ་ཐུག་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ ཡོང་ཆེད། རྩོམ་པ་པོས་ལྷག་བསམ་རྣམ་དག་གིས་དགོངས་འཆར་ལྷུག་པོ་འདི་འདྲ་ཞིག་གནང་འདུག་ སྟེ། བོད་ཡིག་གི་དཔེ་དེབ་སོགས་ཀློག་སྐབས་ཚིག་ཕན་༷ཚུན་དབར་དབྱེ་བ་ཕྱེའམ་བར་སྟོང་ འཇོག་སྟེ་ཀློག་ན་དགེ་མཚན་ཡོད་སྐོར་དངོས་ཡོད་ཀྱི་ཉམས་མྱོང་ཐོག་ནས་གསུངས་གནང་ འདུག གསར་བརྗེའི་བསམ་ཚུལ་འདིའི་ཐད་རྒྱ་ཆེའི་ཀློག་པ་པོ་མང་པོ་ཞིག་གིས་ཀྱང་རང་རང་སོ་ སོའི་བསམ་ཚུལ་སྒྲོག་སྦྱང་གིས་རྒྱབ་སྐྱོར་གནང་འདུག
བོད་ཡིག་ལ་ཤེས་མྱོང་དེ་ཙམ་མེད་པ་ཚོས་ཚིག་རེ་རེ་དབར་བར་སྟོང་བཞག་སྟེ་བོད་ཡིག་ཀློག་རྒྱུའི་འབད་བརྩོན་བྱེད་པས་གང་ལ་གང་འཚམ་གྱིས་ཕན་ཐོགས་ཡོང་གི་ཡོད་པ་འདི་སྨྲོས་མི་དགོས་སྟབས་གུས་པས་ཀྱང་བསམ་ཚུལ་འདིར་དགག་བྱ་ཞུས་མེད་པ་ཟད་ད་ཐེངས་རྩོམ་འདི་བརྒྱུད་སྙིང་དབུས་ནས་བཀྲིན་ཆེ་ཞུ་རྒྱུ་ཡིན། འོན་ཀྱང་གུས་པར་རྩོམ་འདི་བཀླགས་མ་ཐག་བློ་འཚབ་གཉིས་སྐྱེས་བྱུང་སྟེ། དང་པོ། ཚིག་རེ་རེ་དབར་བར་སྟོང་འཇོག་སྟེ་བོད་ཡིག་འབྲི་ན། མིག་མདུན་དུ་མི་མཛེས་པའི་རྣམ་པ་ཞིག་མཐོང་རྒྱུ་ཡིན་མོད། གནད་དོན་འདིའི་ཐད་ཞིབ་མོར་དཔྱད་པས་དེ་ཙམ་གྱི་བློ་འཚབ་བྱེད་མི་དགོས་པ་ཞིག་རེད་འདུག་སྙམ། གང་ལགས་ཤེ་ན། ཚིག་རེར་དབར་བར་སྟོང་བཞག་སྟེ་བྲིས་ན་ཉིན་ཞིག་གོམས་པ་མ་ཟད། ཡོངས་གྲགས་སུ་གྱུར་ཏེ་མིག་མདུན་དུ་མི་མཛེས་པ་དང་། མི་བདེ་བ་མཐོང་རྒྱུ་དེ་ཡང་བརླག་འགྲོ་རྒྱུ་ཡིན་པ་གཏན་འཁེལ་རེད། གཉིས་པ། གལ་ཏེ་བར་སྟོང་བཞག་སྟེ་བོད་ཡིག་འབྲི་ན་ཤོག་བུ་མང་པོ་བཟོ་རྒྱུ་ཡིན་ལ། ཇི་སྲིད་ཤོག་བུ་མང་པོ་བཟོས་པ་དེ་སྲིད་དུ་ཤིང་མང་དུ་གཅོད་འབྲེག་བྱེད་དགོས་ ཀྱི་ཡོད། ཤིང་ཇི་ཙམ་མང་བ་གཅོད་པ་འདིས་ཁོར་ཡུག་ལ་གཏོར་སྐྱོན་དེ་ཙམ་མང་དུ་གཏོང་གི་ཡོད་པས་བཟང་སྤྱོད་ཀྱི་རྣམ་པ་དང་མཐུན་གྱི་མེད་པ་ལྟ་བུར་མཐོང་། ཡིན་ནའང་སེམས་འཚབ་ཀྱི་གནད་དོན་གཉིས་པ་འདིའི་ཐད་ཡུན་རིང་བསམ་བློ་ཞིག་བཏང་བས་དཀའ་ངལ་དེ་༷ཙམ་ཞིག་མིན་པ་ཚོར། ང་ཚོས་ཚིག་བར་སྟོང་བཞག་སྟེ་བོད་ཡིག་འབྲི་ཀློག་བྱེད་པ་འདིས་ཤོག་བུ་མང་དུ་རྫོགས་པ་དང་ཞོར་དུ་ཤིང་གཅོད་འབྲེག་མང་དུ་བྱེད་ཀྱི་ཡོད་པའི་ཉེས་དམིགས་འདི་དང་། འཐབ་བྱུས་གསར་པ་འདི་བེད་སྤྱོད་གཏོང་སྟེ་བོད་རིགས་གཞོན་སྐྱེས་ཚོར་བོད་ཡིག་ སྦྱོང་རྒྱུའི་སེམས་འཁུར་གྱིས་བོད་ཀྱི་སྐད་ཡིག་ཉམས་གསོ་ཡོང་རྒྱུའི་དགེ་མཚན་ གཉིས་ཞིབ་བསྡུར་བྱེད་ན། རྗེས་མ་དེ་ཕན་ཐོགས་ཆེ་བ་འདུག་པས་༷ཚིག་རེ་དབར་བར་སྟོང་འཇོག་སྟེ་བོད་ཡིག་ འབྲི་ཀློག་གི་ལམ་སྲོལ་གསར་པ་ཞིག་གཏོད་ན་སྐྱོན་མེད་པ་མ་ཟད་དངོས་ཡོད་ཕན་རླབས་ ཡོང་རྒྱུ་རེད་འདུག
འོན་ཀྱང་གལ་ཆེར་བརྗོད་དགོས་པ་ཞིག་ལ་གོང་གསལ་གྱི་ཐབས་ལམ་དེ་ནི་བོད་ཡིག་ ལ་དོ་དབྱིང་གིས་བོད་ཡིག་མི་ཉམས་གོང་འཕེལ་གཏོང་རྒྱུའི་ཐབས་བརྒྱ་བྱུས་སྟོང་ནང་ནས་གཅིག་ཡིན་ལ། ང་ཚོས་ཐབས་ལམ་གཞན་དག་ཀྱང་དེ་མཉམ་བེད་སྤྱོད་གཏོང་དགོས། དེ་རིང་རྩོམ་ཐུང་འདི་བརྒྱུད་གུས་པས་འབྱུང་འགྱུར་བོད་རིགས་བ༷ཙན་བྱོལ་ན་གཞོན་ ཁྲོད་བོད་ཡིག་ལ་དོ་དབྱིངས་ཇི་ལྟར་བསྐྲུན་ཐུབ་པ་བྱེད་རྒྱུའི་བསམ་འཆར་འགའ་ བསྙན་སྒྲོན་ཞུ་རྒྱུ་ཡིན། གཤམ་བཀོད་བསམ་འཆར་དེ་རིགས་གུས་པའི་སྒེར་གྱི་བོད་ཡིག་སྦྱོང་བརྡར་ཉམས་མྱོང་ལ་ བརྟེན་ནས་བཀོད་པ་ཞིག་ཡིན་པས་འབྲེལ་ཡོད་ཀློག་པ་པོས་རང་རང་སོ་སོའི་མི་ཚེའི་ ནང་ལག་ལེན་བསྟར་ཚེ་ངེས་པར་དུ་དགེ་མཚན་ཡོང་རྒྱུའི་གདེང་སྤོབས་ཡོད།
བསམ་འཆར་དང་པོ། གཞོན་སྐྱེས་མང་པོ་ཞིག་གི་སེམས་ཀློང་ནང་བོད་ཡིག་ནི་ཧ་ཅང་གི་ཁག་པོ་ཡིན་པ་དང་། ལྷག་པར་དུ་ཡིག་སྐད་དང་ཁ་སྐད་དབར་བར་ཁྱད་ཆེན་པོ་ཡོད་པ། དེ་བཞིན་བོད་ཡིག་གི་སུམ་རྟགས་དག་གསུམ་ཤིན་ཏུ་མགོ་རྙོག་ཡོད་པ་སོགས་བསམ་ཚུལ་ ནོར་འཁྲུལ་ཅན་ཞིག་ཁྱབ་སྡད་ཡོད། དེ་ནི་དངོས་གནས་ཐུགས་ཁག་མེད། བཙན་བྱོལ་སྤྱི་ཚོགས་ཁྲོད་འཚོ་གནས་ཡོང་ཆེད་ཕྱིའི་སྐད་ཡིག་ལ་དོ་སྣང་ཤུགས་ཆེ་ དགོས་ཤིང་བོད་ཡིག་ལ་རིམ་བཞིན་འཐུས་ཤོར་གྱིས་བེད་སྤྱོད་ནམ་ཡང་མ་བྱས་སྟབས་ བོད་ཡིག་ལ་ཕྱིས་སུ་གློ་བུར་དུ་བལྟས་ཚེ་ཁག་པོ་ཞེ་དྲག་མཐོང་གི་ཡོད་པ་རེད། ངོས་ནས་ཀྱང་ཐོག་མར་བསམ་ཚུལ་དེ་འདྲ་ཞིག་ཟིན་ཡོད་པས། ཕྱིས་སུ་སཱ་ར་རིག་གནས་སློབ་གཉེར་ཁང་དུ་ལོ་གསུམ་རིང་མ་སྐུལ་དྭངས་བླང་གིས་ བོད་ཡིག་སྦྱངས་པས་བོད་ཀྱི་བརྡ་སྤྲོད་རིག་གནས་ནི་དབྱིན་ཇི་ལས་སླ་བ་ཞིག་ཡོད་ པའི་ཉམས་མྱོང་བྱུང་། དེར་བརྟེན་བོད་ཡིག་ལ་དོ་དབྱིངས་སླེབས་དགོས་ན། ཐོག་མར་བོད་ཡིག་ཞེ་དྲག་ཁག་པོ་ཡིན་པ་མ་ཟད། སྐད་ཡིག་གཞན་དག་ལས་དཀའ་བ་རེད་བསམ་པའི་ནོར་འཁྲུལ་ཅན་གྱི་བསམ་བློ་དེ་དོར་དགོས། མ་གཞི་ནས་ཞིབ་མོར་དཔྱད་ན། བསམ་བློ་འདི་ནི་བཙན་རྒྱལ་རིང་ལུགས་བྱེད་མཁན་ཞིག་ཡིན་སྟབས། ཕལ་ཆེར་རྒྱ་རོ་ཚང་ངམ་དབྱིན་ཇིའི་དྲིལ་བསྒྲགས་བཙན་ཤུགས་ནས་བྱུང་བ་ཞིག་མིན་ ནམ་དོགས། གནད་དོན་འདི་ཐད་ང་ཚོས་རྗེས་སོར་ཞིབ་མོར་དཔྱད་དགོས་པ་ཞིག་རེད།
བསམ་འཆར་གཉིས་པ། བོད་པའི་ཕ་མ་ཚོས་རང་ཉིད་ཀྱི་ཕྲུ་གུ་ཚོར་ཆུང་དུས་ནས་བོད་ཡིག་ལ་དོ་དབྱིངས་ སླེབས་ཐུབ་པ་བཟོ་དགོས། དཔེར་ན། ཨ་རིར་གནས་བཞུགས་བོད་རིགས་བཙན་བྱོལ་བ་ལྟ་བུར་མཚོན་ན། ཉུང་ཐར་ཁྱིམ་དུ་ཡོད་སྐབས་ཕ་མ་གཉིས་ནས་ཕྲུ་གུའི་མཉམ་བོད་སྐད་རྒྱག་དགོས་ལ། རབ་བྱུང་ན། བདུན་ཕྲག་རེར་ཐེངས་རེ་སྟེ་རེས་གཟའ་ཉི་མའི་ཉིན་མོར་སོ་སོའི་ཕྲུ་གུར་ཀ་ཁ་ནས་དབུ་འཛུགས་ཀྱིས་བོད་ཡིག་སློབ་དགོས། དེ་ལྟར་བྱུང་ཚེ་ཕྲུ་གུའི་སེམས་ནང་ཆུང་དུས་ནས་བོད་ཡིག་སྦྱོང་རྒྱུའི་བག་ཆགས་ ཤིག་འཇོག་ལ་གནས་སྐབས་ཕན་ཐོགས་དེ་ཙམ་མ་བྱུང་ནའང་། རྗེས་སོར་ཕྲུ་གུ་རྣམས་འཚར་ལོངས་བྱུང་སྟེ་སླར་ཡང་བོད་ཀྱི་སྐད་ཡིག་སྦྱོང་ རྒྱུའི་དོ་དབྱིངས་དང་སྤོབས་པ་ཞིག་སྐྱེས་ཐུབ་ངེས་རེད།
བསམ་འཆར་གསུམ་པ། བོད་ཀྱི་སྐད་ཡིག་སྦྱོང་རྒྱུ་དེ་ནི་སྤྱིར་བཏང་ཁྲལ་ཞིག་མ་ཡིན་པར་དངོས་ནས་དཔལ་ འབྱོར་སོགས་ཀྱི་ཁ་ཡོད་ལག་ཡོད་ཀྱི་ཁེ་ཕན་ཡོང་གི་ཡོད་པ་དེ་ཤེས་རྟོགས་ཐུབ་ དགོས། ཡོངས་གྲགས་ཀྱི་བསམ་ཚུལ་ལྟར་ན། བོད་ཡིག་སྦྱོང་ན་དཔལ་འབྱོར་གྱི་ཁེ་ཕན་ནམ་མི་ཚེའི་མདུན་ལམ་དང་འབྲེལ་བའི་ལས་ ཀ་ཡག་པོ་ཞིག་རྩ་ནས་ཐོབ་ཀྱི་མེད་པར་དགོངས་ཀྱི་ཡོད། དེ་ནི་བདེན་པ་མིན་ལ། དཔེར་ན། བ༷ཙན་བྱོལ་གྱི་རྒྱལ་ས་རྡ་རམ་ས་ལ་ལྟ་བུར་མཚོན་ན། གལ་ཏེ་བོད་རིགས་གཞོན་སྐྱེས་ཞིག་གིས་དབྱིན་ཡིག་ཤེས་བཞིན་དུ་དེའི་སྟེང་བོད་ ཡིག་ཤེས་ན། བོད་གཞུང་དང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ནང་ལས་ཀ་རེག་རྒྱུའི་གོ་སྐབས་བཟང་བ་ཡོད་ལ། དེ་བཞིན་ཞོར་དུ་ཕབ་སྒྱུར་སོགས་བྱས་ཏེ་དངུལ་སྣོན་མ་མང་པོ་བཟོ་རྒྱུའི་ཁེ་ཕན་ ཡོད་པ་ནི་རང་ཉིད་སྒེར་གྱི་ཉམས་མྱོང་ནས་བརྗོད་ཐུབ་པ་ཞིག་ཡིན། དེ་ནི་འཇིག་རྟེན་དཀྱུས་མའི་ཁ་ཚ་དགོས་གཏུགས་ཀྱི་ཁེ་ཕན་ཐོགས་ནས་བརྗོད་པ་ཞིག་རེད།
བསམ་འཆར་བཞི་པ། འདི་ནི་ཧ་ཅང་གི་གལ་ཆེ་ཞིག་རེད། བོད་ཀྱི་སྐད་ཡིག་ནི་བོད་ཀྱི་རིག་གཞུང་གི་བླ་སྲོག་ཡིན་ལ། བོད་ཀྱི་རིག་གཞུང་སྟེ། བོད་མི་རིགས་ཀྱི་སེམས་ཁམས་རིག་པའམ་བསམ་བློ་གཏོང་ཕྱོགས། གཤིས་ཀ གོམས་འདྲིས་སོགས་ངེས་དགོས་ན། བོད་ཀྱི་ལོ་རྒྱུས་དང་། ཆོས་ལུགས། གླུ་གར། སྙན་ངག་སོགས་ཤེས་དགོས་ཀྱི་ཡོད་ལ། དེ་དག་ཤེས་པར་བོད་ཡིག་ཐོག་བྲིས་པའི་དཔེ་དེབ་ཁག་ངེས་པར་དུ་ཀློག་དགོས་ཀྱི་ ཡོད། དེ་ལྟར་བྱེད་པར་བོད་ཡིག་གི་ཆུ་༷༷ཚད་ཡག་པོ་ལོན་དགོས། ལྷག་པར་དུ་རྒྱལ་སྤྱིའི་ཁྲོད་རྩོམ་རིག་དང་གླུ་གར་སོགས་ཀྱི་ཐད་གཟི་བརྗིད་ཅིག་འཇོག་དགོས་ན་རྩོམ་པ་པོ་དང་གླུ་གར་བའི་རྩོམ་ཡིག་དང་གླུའི་ནང་བོད་ཀྱི་ཐུན་མོང་མིན་པའི་རིག་གཞུང་གི་ཁྱད་ཆོས་དང་རྣམ་པ་དེ་ངེས་པར་དུ་མཚོན་ཐུབ་པ་བྱེད་ དགོས། དེ་ལྟར་བྱུང་ཚེ་གཞི་ནས་ང་ཚོར་འཛམ་གླིང་ནང་སྙན་གྲགས་ཡོད་པའི་ནོ་སྦེལ་རྩོམ་རིག་ གཟེངས་རྟགས་དང་། གེ་རི་མི་གླུ་གཞས་གཟེངས་རྟགས། དེ་བཞིན་ཨོ་སོ་ཀར་གློག་བརྙན་གཟེངས་བསྟོད་སོགས་ཐོབ་སྲིད་པ་རེད། གཅིག་བྱས་ན་འདིའི་ཐད་འདྲ་གི་ཡོད་སྲིད། ཡིན་ནའང་ད་ལྟའི་ཆར་བ༷ཙན་བྱོལ་ནང་གི་ཕྱི་རྒྱལ་སྐད་ཡིག་ལམ་ནས་བསྐྲུན་བཞིན་ པའི་སྒྱུ་རྩལ་བ་ཕལ་མོ་ཆེ་ཡང་ན་རྒྱ་གར་དང་དེ་མིན་དབྱིན་ཇིའི་བཙན་འཛུལ་ནས་ མཐའ་གཅིག་ཏུ་བཙོན་གྲོལ་ཐོབ་མི་འདུག་སྙམ། དེའི་རྒྱུ་མཚན་གཙོ་བོ་ནི་བོད་ཀྱི་སྐད་ཡིག་གིས་མཚོན་པའི་བོད་ཀྱི་རིག་གནས་ལ་བྱང་ ཆུབ་མེད་པའི་རྐྱེན་གྱིས་རེད་ཅེས་བརྗོད་ཆོག
བསམ་འཆར་ལྔ་པ། འདི་གལ་ཆེ་ཤོས་སུ་འཛིན་ཆོག ད་ལྟའི་རྒྱ་ནག་གི་དཔལ་འབྱོར་གོང་འཕེལ་འགྲོ་བཞིན་པ་དང་བོད་རྒྱའི་འབྲེལ་མོལ་ གྱི་གནས་བབ་ལ་དཔྱད་ན་ཕལ་ཆེར་ང་ཚོ་ཡུལ་གྱར་བ་བྱས་ཏེ་ད་དུང་ཡུན་རིང་གནས་རྒྱུ་རེད་བསམ། དེར་བརྟེན་འབྱུང་འགྱུར་གྱི་བཙན་བྱོལ་བོད་རིགས་གཞོན་སྐྱེས་ཚོ་རང་གི་ས་སྐྱེས་ རྡོ་རྐྱེས་ཀྱི་ཕ་ཡུལ་གངས་ཅན་བོད་ནས་ཆེས་རྒྱང་ཐག་རིང་དུ་སོང་བ་དང་། ཕྱི་རྒྱལ་གྱི་རིག་གཞུང་འདྲ་མིན་ནང་སིམ་བསྡད་པ་འདིས་བོད་རིགས་བཙན་ བྱོལ་གཞོན་སྐྱེས་ཚོའི་སེམས་ནང་རང་ཉིད་ངོ་མི་འཁྲོད་པའི་དཀའ་ངལ་ Identity Crisis ཚབས་ཆེ་ཞིག་འཕྲད་རྒྱུ་ནི་ཐེ་ཚོམ་མེད། ཕྱི་རྒྱལ་ཨ་རི་སོགས་སུ་ཆུང་དུས་ནས་འཚར་ལོངས་བྱུང་བའམ་སྐྱེས་པ་རྣམས་ད་ལྟའི་ཆར་དཀའ་སྡུག་འདི་ཤུགས་ཆེ་བར་འཕྲད་ཀྱི་ཡོད་པ་ནི་ཚང་མས་མཐོང་ཐུབ། གོང་གསལ་བོད་ཡིག་བལྟ་ཀློག་བདེ་རུ་གཏོང་རྒྱུའི་དབྱིན་ཡིག་ཐོག་ཕ་ཡུལ་དྲྭ་ རྒྱའི་ནང་སྤེལ་བའི་རྩོམ་ཡིག་འདི་ཡང་དཀའ་ངལ་འདིའི་མཚོན་རྟགས་ཤིག་རེད་སྙམ། གང་ལྟར་ཇི་སྲིད་བཙན་བྱོལ་དུ་གནས་རིང་ངོ་བོའི་དཀའ་ངལ་འདི་འཕྲད་ཐག་ཆོད་རེད། དཀའ་ངལ་འདི་སེལ་བར་བ༷ཙན་བྱོལ་དུ་སྡོད་རིང་ཐབས་ལམ་གཅིག་ལས་མེད། དེ་ནི་བོད་ཡིག་ཡག་པོ་ཞིག་སྦྱང་སྟེ་བོད་ཀྱི་དམངས་ཁྲོད་རིག་གནས་སོགས་ལ་རོལ་བ་དང་། བོད་ཡིག་ཐོག་འབྲི་རྩོམ་བྱས་པའི་བོད་ཀྱི་ལོ་རྒྱུས་དཔེ་དེབ་ཀློག་རྒྱུ་དེ་རེད། དེ་ལྟར་བྱས་༷ཚེ་ལུས་བཙན་བྱོལ་དུ་གནས་ཀྱང་སེམས་ག་དུས་ཡིན་ཡང་བོད་དུ་ཡོད་པ་ ཞིག་ཚོར་རྒྱུ་ཡིན་པས་ངོ་བོའི་དཀའ་སྡུག་དེ་སེལ་ཐུབ།
མཐའ་དོན། རང་རེ་བཙན་བྱོལ་དུ་གནས་པའི་རྒན་བྱིས་གཞོན་སྐྱེས་ཚང་མས་བོད་ཡིག་སྦྱོང་རྒྱུ་འདི་ཁྲལ་ཞིག་མིན་པར་ཁ་ཚ་དགོས་གཏུགས་ཀྱི་ཁེ་ཕན་དང་། བོད་མི་རིགས་ཀྱི་ལས་དབང་དང་འབྲེལ་བའི་ཕུགས་རྒྱང་རིང་པོའི་དགེ་མཚན་ཡོད་པ་ ཤེས་རྟོགས་ཐུབ་པ་བྱེད་དགོས། དེ་ལྟར་ངེས་པ་རྙེད་པ་ཞིག་བྱུང་ན་ད་གཟོད་བོད་ཀྱི་སྐད་ཡིག་འདི་བཞིན་ཉམས་པ་ སླར་གསོ་ཡོང་བ་དང་བོད་མི་རིགས་ཀྱི་རང་དབང་རང་བཙན་གྱི་ཉིན་མོ་དེ་ཡང་གོམ་སྟབས་འགའ་རེ་ཐག་ཉེ་བར་འགྲོ་རྒྱུ་ཡིན་པར་ཐེ་ཚོམ་མེད། དེར་བརྟེན་རང་རེ་བཙན་བྱོལ་དུ་ཡོད་པའི་གཞོན་སྐྱེས་ཡོངས་ནས་ཕྱིའི་སྐད་རིགས་ སྦྱོང་བཞིན་དུ་བོད་ཀྱི་སྐད་ཡིག་ལའང་དེ་མཚུངས་དོ་སྣང་ཡོང་བའི་སྨོན་འདུན་ཞུ།།
ཚིག་གཉིས་་བར་ལ་་ཚེག་གཉིས་བྲིས་ན་་བོད་ཡིག་་ཀློ་བདེ་རུ་་འགྲོ་བགྱིད་་ཡོད་མེད་་རང་གི་་ཉམས་མྱོང་ལ་་ལྟོས་དང་།
དེ་རིང་ངས་འདི་ནས་སྐྱུག་མེར་བའི་ངོ་གདོང་ཞིག་མཐོང་བྱུང་ལ་ངོ་ཚ་བའི་གནད་དོན་ཞིག་ཀྱང་མངོན་བྱུང་། གལ་སྲིད་རྩོམ་ཡིག་འདི་བོད་ནང་གི་བོད་མི་ཚོས་གཅིག་མཐོང་ཚེ་ཁོང་ཚོས་ཅི་ཞིག་འདོད་སྲིད་དམ། དེ་རིང་གནས་འདི་ནས་ངོ་མ་ཅན་དུ་ཡ་མ་བརླ་རུ་འགྱུར་བཞིན་པའི་གཞིས་ཆགས་ཚོའི་གཤིས་ཀ་ངོ་མ་དེ་མཐོང་བྱུང་། ཉིན་འདི་ཚོར་བསྡད་ཀྱིན་བསྡད་ཀྱིན་ང་རང་གནས་འདི་དག་ཏུ་ཡོང་མི་འདོད་པའི་ཚོར་ཤུགས་ཆེ་རུ་འགྲོ་བཞིན་འདུག་ལ་གཞན་དག་ཚོར་ཡང་གཅིག་མཚུངས་ལོས་ཡིན་སྙམ། ཆེས་ཡི་རངས་བྱེད་འོས་པ་ནི་ཉིད་ཀྱི་སེམས་ཤུགས་དང་རྩོམ་རྩལ་དེ་ཡིན།
སྤྱིར་རང་གི་སྐད་ཡིག་གི་ལས་དབང་ལ་ཐུགས་ཁུར་གནང་བར་ཡི་རངས་ཡོད། འོན་ཀྱང་བར་སྟོང་ཞིག་གི་བོད་ཡིག་ཡར་རྒྱས་གཏོང་མི་ཐུབ། ཅིའི་ཕྱིར་ཞེ་ན། དེ་ནི་ཀློག་བདེ་བོ་ཡོང་བའི་ཆེད་ཡིན་མོད། བོད་རིགས་གཞོན་སྐྱེས་མང་པོ་ཞིག་གིས་བོད་ཡིག་གི་དོན་མ་གོ་བ་ལས་ཀློག་མ་ཐུབ་པ་མ་རེད། བོད་ཡིག་གི་ནང་དོན་གོ་བ་ལ་བོད་ཡིག་སློབ་སྦྱོང་བྱེད་དགོས་པ་ལས་བར་སྟོང་བཞག་པས་ཅི་ཕན། ཀློག་བདེ་བར་ཅུང་ཕན་སྲིད་ཀྱང་ནང་དོན་མ་གོ་བར་ནེ་ཙོ་མ་ནི་ལྟ་བུའི་བོད་ཡིག་ཀློག་ཤེས་པ་ཙམ་གྱིས་རང་གཞན་གཉིས་ཀར་མི་ཕན། དེ་ལས་གཏོར་བཤིག་མ་བཏང་ན་ལེགས། ཁྱེད་ཀྱི་བསམ་ཚུལ་གྱི་དོན་ཚན་ཁག་ལ་རྒྱབ་སྐྱོར་ཡོད།
བོད་ཡིག་བྱུང་སྟེ་ལོ་ངོ་ཆིག་སྟོང་སུམ་བརྒྱ་ཙམ་གྱི་རིང་དཀའ་ངལ་འདི་འདྲ་གླེང་མཁན་ཕལ་ཆེར་བྱུང་མེད་པ་འདྲ། སྐད་གསར་བཅད་ཐེངས་གསུམ་བྱས་པའི་སྐབས་ལའང་མཁས་དབང་རྣམ་པས་བར་སྟོང་འཇོག་དགོས་པའི་དཀའ་ངལ་ཞིག་མཐོང་མེད་པ་འདྲ།
བོད་རྒྱ་ནག་གི་འོག་ལ་ཤོར། བོད་མི་མང་པོ་ཞིག་བཙན་བྱོལ་དུ་འབྱོར། དེ་ནས་ཁ་འཐོར་དུ་ཕྱིན། ནུབ་ཕྱོགས་སུའང་མི་ཚང་ཁྲི་ཕྲག་རེའི་བར་ན་བོད་པའི་ཁྱིམ་ཚང་གཅིག་རེ་བྱས་ནས་བསྡད་ཡོད། དེའི་རྐྱེན་གྱིས་བོད་སྐད་དང་བོད་ཡིག་ནི་བུ་ཕྲུག་ཚོར་ཁ་ཐག་ཇེ་རིང་དུ་གྱུར། ཐག་རིང་དུ་གྱུར་བ་དང་མཉམ་དུ་ཁ་ཐག་ཇེ་ཉེར་གཏོང་ཐབས་ལ་འབད་སྐབས། ཁ་ཐག་ཇེ་ཉེར་གཏོང་ལ་བ་དཀའ་ངལ་ཇེ་ཆེར་གྱུར། བོད་ཡིག་ཇེ་ཁག་ལ་གྱུར། ཐབས་ཟད་པའི་མཐའ་མ་དེར་མིང་དང་ཕྲད་རྣམ་དབྱེ་རེ་རེའི་བར་དུ་བར་སྟོང་འཇོག་པའམ། ཡང་ན། མིང་ཚིག་གི་གཅོད་མཚམས་བར་དུ་བར་སྟོང་འཇོག་དགོས་པའི་བསམ་ཚུལ་ཞིག་བསླེབས་འདུག
སྤྱིར་བཏང་དཀའ་ངལ་འཕྲད་ས་ངོ་མ་དེ་འདི་ཡིན་ན་ནི་དཀའ་ངལ་སེལ་ཐབས་བྱ་ལོས་དགོས་ཀྱང་། དེ་མིན་ཚེ་དོན་མེད་ཀྱི་འགྱུར་བ་ཞིག་གཏོང་དགོས་དོན་ཨེ་ཡོད་འདོད།
ངས་བལྟས་ན། ཚིག་གི་བརྗོད་པ་ sentence རེ་རེ་ཇེ་ཐུང་ལ་བཏང་ན་འགྲིག་གི་འདུག་བསམ། ང་ཚོར་འདིའི་དཀའ་ངལ་སེལ་སྤྱད་ལ་ཤད་ཅེས་པ་ཞིག་ཡོད། ཤད་ལའང་ཆིག་ཤད་དང་ཉིས་ཤད་སོགས་ཡོད་པ་རེད། འདི་དག་བེད་སྤྱོད་གཏོང་ཕྱོགས་འདི་ཡིན་ངོ་མ་ནི་དཀའ་ངལ་འདི་དག་སེལ་སྤྱད་དུ་བཟོས་པ་རེད་འདོད། ད་ནི་བསམ་ཚུལ་ཡོད་ན་ཚང་མས་གླེང་རོགས།
དབྱངས་བུ་ལགས།
སྐུ་ཉིད་གསུངས་པར་ལྟར་གཞན་ལ་ལན་འདེབས་པའི་སྔོན་དུ་གཞན་གྱིས་ཅི་ཟེར་ཤེས་ཀྱི་གལ་ཆེ་བ་ནི་དངོས་གནས་ཞུ་མ་དགོས་པ་ཞིག་རེད་འདུག
ངས་ང་རང་སྒེར་གྱིས་བོད་དབྱིན་ཡིག་སྒྱུར་བྱེད་ནས་འཚོ་བ་སྒྲུབ་ཐུབ་མིན་བཤད་ཀྱིས་མེད། བོད་མི་རིགས་ཀྱིས་བོད་ཡིག་བརྟེན་ནས་འཚོ་བ་སྒྲུབ་ཐུབ་མིན་བཤད་ཀྱིན་ཡོད། བོད་དབྱིན་གཉིས་ཀ་ཤེས་ཚོད་ཡོད་པའི་མི་ཞིག་ཡིག་སྒྱུར་བྱས་འཚོ་བ་སྐྱེལ་ཐུབ་པ་ཙམ་གྱིས་བོད་མི་རིགས་ཀྱིས་བོད་ཡིག་ཐོག་ནས་འཚོ་བ་སྐྱེལ་ཐུབ་པའི་སྒྲུབ་བྱེད་དུ་མི་འགྲོ
མ་གཞི་ནས་ངས་དབྱིན་ཡིག་ཤེས་ཀྱང་མི་ཤེས་ངས་ཤེས་པ་ནི་བོད་ཡིག་རྐང་ཆག་འདི་ཡིན།
བསྟན འཛིན བདེ སྐྱིད དང བསྟན འཛིན ཉིན བྱེད ལགས་གཉིས་ཀྱི་གསར་གཏོད་རང་བཞིན་གྱི་རྩོམ་ཡིག་སྤེལ་བ་ཐུགས་རྗེ་ཆེ་།
གུས་ཀྱི་བསམ་ཚུལ་ནི་ཡི་གེ་ཀློག་མགྱོགས་པོ་ཡོང་ཡ་དེའང་གལ་ཆེན་པོ་ཡིན་དུས་ ཡིག་འབྲུ་དང་པོ་ཀློག་དུས་གཉིས་པ་དེའང་འཁྲིས་ལ་ཡོད་དུས་ཤར་ར་ར་ཀློག་ཐུབ་ཡའི་དགེ་མཚན་འདུག་། བར་སྟོང་འཇོག་ན་ཡིག་འབྲུ་དང་པོ་དེ་བཀླགས་ དེ་ནི་གཞི་ནས་ཡིག་འབྲུ་གཉིས་པ་དེ་མིག་རྒྱང་ཙམ་བྱེད་དེ་འཚལ་བ་འགྲོ་དགོས་དུས་རང་བཞིན་གྱིས་ཀློག་དལ་དུ་འགྲོ་བའི་སྣང་བ་ཞིག་སྟེར་གྱི་འདུག་། རེད་མ་རེད་ཨ་
དྲ་གྲོགས་ཅོ་རི་ཉི་མ་ལགས།
ཁྱེད་ཀྱི་མཆན་བུ་བཀླགས་པའི་རྗེས་ལ་བསམ་ཚུལ་ཞིག་ཞུ་འདོད་བྱུང་་བས་ཞུ་ཆོག་པ་ཞུ། དེ་ཡང་དྲ་གྲོགས་ཀྱི་ངོ་བོའི་ཐོག་ནསཞུ་རྒྱུ་ལས་་ཁ་གཏད་ཀྱི་རྣམ་པའི་ཐོག་ནས་མིན་པས་ངས་ཞུ་མི་ཤེས་ཀྱང་ཉན་ཤེས་པ་གནང་གལ་ཆེ།
བོད་ཀྱི་ཁ་དཔེར།
ཨ་མའི་བུ་ལ་ཡོན་ཏན་ཡོད་ན།།
དགེ་ལྡན་ཁྲི་ལ་བདག་པོ་མེད།།
ཟེར་སྲོལ་ཡོད་པས།ཉིད་ཀྱི་མཆན་བུའི་ནང་བོད་ཡིག་ལམ་ནས་དེང་དུས་ཀྱི་ཤེས་ཡོན་སྦྱོང་རྒྱུ་ཁག་ལ་ལྷག་པར་དུ་བོད་དབྱིན་ཕབ་བསྒྱུར་གྱི་ལས་ཀས་འཚོ་ཐབས་དཀའ་ཚུལ་གསུངས་འདུག་ཀྱང།
བསྟན་འཛིན་ཉིན་བྱེད་ལགས་ཀྱི་ཉམས་མྱོང་བཞིན།་གུས་རང་ལ་དེ་བཞིན་གྱི་ཉམས་མྱོང་ཡོད་པས།གལ་ཏེ་ཁྱེད་ལ་བོད་དབྱིན་གཉིས་ཀྱི་སྐད་ཡིག་རང་མགོ་ཐོན་པ་ཞིག་ཡོད་ན་སེམས་ཁྲལ་མེད་པར་བསྒྱུར་གྱི་ཕྱག་ལས་གནང་རྒྱུ་མེད་པ་ག་ལ་ཡིན།
གུས་རང་ལ་དབྱིན་བོད་ཤེས་ཚད་ཤིན་ཏུ་དམན་ཡང་བསྒྱུར་གྱི་ལས་ཀ་དངོས་སུ་བྱེད་རྒྱུ་བྱུང་ལ།་་་ད་ལྟ་སྐབས་འབྲེལ་ལས་ཀ་བསྒྱུར་གྱི་ཐོག་མ་ཡིན་ཀྱང་ལས་ཤོར་བསྒྱུར་གྱི་ལས་ཀ་མ་ཚར་ཤིག་ཤིག་བྱེད་རྒྱུ་འདུག་པས།ཉིད་རང་སེམས་ཁྲལ་རྩ་བ་ནས་གནང་མི་དགོས།།
ཐུགས་རྗེ་ཆེ།།
དྲ་གྲོགས་ཅོ་རི་ཉི་མ་ལགས།
ཁྱེད་ཀྱི་མཆན་བུ་བཀླགས་པའི་རྗེས་ལ་བསམ་ཚུལ་ཞིག་ཞུ་འདོད་བྱུང་་བས་ཞུ་ཆོག་པ་ཞུ། དེ་ཡང་དྲ་གྲོགས་ཀྱི་ངོ་བོའི་ཐོག་ནསཞུ་རྒྱུ་ལས་་ཁ་གཏད་ཀྱི་རྣམ་པའི་ཐོག་ནས་མིན་པས་ངས་ཞུ་མི་ཤེས་ཀྱང་ཉན་ཤེས་པ་གནང་གལ་ཆེ།
བོད་ཀྱི་ཁ་དཔེར།
ཨ་མའི་བུ་ལ་ཡོན་ཏན་ཡོད་ན།།
དགེ་ལྡན་ཁྲི་ལ་བདག་པོ་མེད།།
ཟེར་སྲོལ་ཡོད་པས།ཉིད་ཀྱི་མཆན་བུའི་ནང་བོད་ཡིག་ལམ་ནས་དེང་དུས་ཀྱི་ཤེས་ཡོན་སྦྱོང་རྒྱུ་ཁག་ལ་ལྷག་པར་དུ་བོད་དབྱིན་ཕབ་བསྒྱུར་གྱི་ལས་ཀས་འཚོ་ཐབས་དཀའ་ཚུལ་གསུངས་འདུག་ཀྱང།
བསྟན་འཛིན་ཉིན་བྱེད་ལགས་ཀྱི་ཉམས་མྱོང་བཞིན།་གུས་རང་ལ་དེ་བཞིན་གྱི་ཉམས་མྱོང་ཡོད་པས།གལ་ཏེ་ཁྱེད་ལ་བོད་དབྱིན་གཉིས་ཀྱི་སྐད་ཡིག་རང་མགོ་ཐོན་པ་ཞིག་ཡོད་ན་སེམས་ཁྲལ་མེད་པར་བསྒྱུར་གྱི་ཕྱག་ལས་གནང་རྒྱུ་མེད་པ་ག་ལ་ཡིན།
གུས་རང་ལ་དབྱིན་བོད་ཤེས་ཚད་ཤིན་ཏུ་དམན་ཡང་བསྒྱུར་གྱི་ལས་ཀ་དངོས་སུ་བྱེད་རྒྱུ་བྱུང་ལ།་་་ད་ལྟ་སྐབས་འབྲེལ་ལས་ཀ་བསྒྱུར་གྱི་ཐོག་མ་ཡིན་ཀྱང་ལས་ཤོར་བསྒྱུར་གྱི་ལས་ཀ་མ་ཚར་ཤིག་ཤིག་བྱེད་རྒྱུ་འདུག་པས།ཉིད་རང་སེམས་ཁྲལ་རྩ་བ་ནས་གནང་མི་དགོས།།
ཐུགས་རྗེ་ཆེ།།
དྲ་གྲོགས་ཅོ་རི་ཉི་མ་ལགས།
ཁྱེད་ཀྱི་མཆན་བུ་བཀླགས་པའི་རྗེས་ལ་བསམ་ཚུལ་ཞིག་ཞུ་འདོད་བྱུང་་བས་ཞུ་ཆོག་པ་ཞུ། དེ་ཡང་དྲ་གྲོགས་ཀྱི་ངོ་བོའི་ཐོག་ནསཞུ་རྒྱུ་ལས་་ཁ་གཏད་ཀྱི་རྣམ་པའི་ཐོག་ནས་མིན་པས་ངས་ཞུ་མི་ཤེས་ཀྱང་ཉན་ཤེས་པ་གནང་གལ་ཆེ།
བོད་ཀྱི་ཁ་དཔེར།
ཨ་མའི་བུ་ལ་ཡོན་ཏན་ཡོད་ན།།
དགེ་ལྡན་ཁྲི་ལ་བདག་པོ་མེད།།
ཟེར་སྲོལ་ཡོད་པས།ཉིད་ཀྱི་མཆན་བུའི་ནང་བོད་ཡིག་ལམ་ནས་དེང་དུས་ཀྱི་ཤེས་ཡོན་སྦྱོང་རྒྱུ་ཁག་ལ་ལྷག་པར་དུ་བོད་དབྱིན་ཕབ་བསྒྱུར་གྱི་ལས་ཀས་འཚོ་ཐབས་དཀའ་ཚུལ་གསུངས་འདུག་ཀྱང།
བསྟན་འཛིན་ཉིན་བྱེད་ལགས་ཀྱི་ཉམས་མྱོང་བཞིན།་གུས་རང་ལ་དེ་བཞིན་གྱི་ཉམས་མྱོང་ཡོད་པས།གལ་ཏེ་ཁྱེད་ལ་བོད་དབྱིན་གཉིས་ཀྱི་སྐད་ཡིག་རང་མགོ་ཐོན་པ་ཞིག་ཡོད་ན་སེམས་ཁྲལ་མེད་པར་བསྒྱུར་གྱི་ཕྱག་ལས་གནང་རྒྱུ་མེད་པ་ག་ལ་ཡིན།
གུས་རང་ལ་དབྱིན་བོད་ཤེས་ཚད་ཤིན་ཏུ་དམན་ཡང་བསྒྱུར་གྱི་ལས་ཀ་དངོས་སུ་བྱེད་རྒྱུ་བྱུང་ལ།་་་ད་ལྟ་སྐབས་འབྲེལ་ལས་ཀ་བསྒྱུར་གྱི་ཐོག་མ་ཡིན་ཀྱང་ལས་ཤོར་བསྒྱུར་གྱི་ལས་ཀ་མ་ཚར་ཤིག་ཤིག་བྱེད་རྒྱུ་འདུག་པས།ཉིད་རང་སེམས་ཁྲལ་རྩ་བ་ནས་གནང་མི་དགོས།།
ཐུགས་རྗེ་ཆེ།།
བསྟན འཛིན བདེ སྐྱིད དང བསྟན འཛིན ཉིན བྱེད ལགས།
ངས་ལྟས་ན་བོད་ཀྱི་གཞོན་སྐྱེས་ཚོའི་བོད་ཡིག་ཤེས་ཐབས་ལ་བོད་འབྲི་སྐབས་སུ་བར་སྟོང་རེ་འཇོག་དགོས་པ་དང་བར་སྟོང་རེའི་ནང་དུ་སྒོར་མོ་བླུག་ནས་བཞག་པ་ཡིན་ན་གཞོན་སྐྱེས་ཚོ་མི་དགོས་རྒ་པོ་རྒ་མོ་ཚང་མས་མིག་ཤེལ་གྱོན་ནས་ཀློག་ཨེ་ཐུབ་ལྟ་གྱིན་རེད་ད།
སྒོར་མོ་ཡོང་འབབ་མེད་པར་འཚོ་བའི་མདུན་ལམ་ལ་ཕན་པའི་ལས་དོན་སློབ་སྦྱོང་སྐད་ཡིག་འདིའི་ཐོག་ནས་བྱེད་མི་ཐུབ་དུས་སྐད་ཡིག་འདིར་བར་སྟོང་ཁྲི་གང་བཞག་ནས་བྲིས་ན་ཡང་ཀློག་ཐུབ་པ་དང་ཀློག་མཁན་མང་རེ་འགྲོ་བ་ཁག་པོ་རེད།
མ་ཟད་སྐུ་ཉིད་ཀྱིས་བོད་ཡིག་སློབ་དགོས་སྟངས་དང་སློབ་ན་འཚོ་བའི་མདུན་ལམ་ཡག་པོ་ཡོད་སྟངས་གསུངས་འདུག་ཀྱང་དེ་ནི་བདེན་པ་དེ་ཙམ་མི་འདུག་སྙམ།
བོད་ཡིག་ཐོག་ནས་དེང་རབས་གསར་པའི་རིག་གནས་དང་དེང་རབས་གསར་པའི་ལག་ཤེས་སོགས་སློབ་སྦྱོང་བྱེད་མི་ཐུབ་པ་ནི་མངོན་སུམ་རེད། དེང་སང་གི་གོ་ལའི་སྤྱི་ཚོགས་ནང་དུ་ལས་དོན་སློབ་སྦྱོང་མེད་པའི་མི་རྣམས་ནི་འཚོ་བའི་དགོས་མཁོ་མ་ཚང་བའི་མི་ཞིག་ཡིན་པ་བརྩི་བཞིན་པ་རེད། གཉིས་ནས་ཁྱེད་ཀྱི་རྒྱུ་མཚན་ནི་བོད་དབྱིན་གཉིས་ཀ་ཤེས་ན་རྡ་སར་ཡིག་སྒྱུར་གྱི་ལས་ཀ་རེག་ནས་དངུལ་བཟོ་ཐུབ་སོགས་རེད། ང་རང་ཚོའི་བཙན་བྱོལ་མི་དམངས་ཉུང་ཉུང་ལས་མེད་ཡང་དབྱིན་བོད་ཡིག་སྒྱུར་བྱེད་ནས་འཚོ་བ་སྒྲུབ་ཐུབ་ཐབས་མེད།
དེ་ལས་བོད་ཡིག་ལ་སེམས་ཤུགས་ཡོད་པའི་མི་བུ་ཁྱེད་ལ་ཐུགས་རྗེ་ཆེ་ཞུ་བ་དང་ཞོར་རུ་ཁྱེད་ཀྱིས་བྲིས་པའི་ཡིག་འབྲུ་ཁག་ཤས་ཤེས་མ་སོང་། དཔེར་ན། པཱོལ། སེནཇར།ཞཻས་པ་འདིའི་འབྲི་སྟངས་གཞུང་གང་ལ་བརྟེན་མིན་དང་སུམ་རྟགས་དག་གསུམ་གྱི་སྒྲིག་གཞི་དང་ཇི་ལྟར་མཐུན་མིན་སོགས་འགྲེལ་བཤད་ཤིག་གནང་རོགས་ཞུ།
བསྟན་འཛིན་ཉིན་བྱེད་ལགས།
བོད་ཡིག་ལ་སྐད་ཡིག་གཞན་ལ་མེད་པའི་དམིགས་བསལ་གྱི་ཁྱད་ཆོས་དུ་མ་ཡོད་པ་ལས་བོད་ཡིག་འབྲི་སྐབས་ཚེག་འབྲི་དགོས་པ་དེ་དམིགས་བསལ་གྱི་ཆ་ཤས་ཤིག་མ་ཡིན་ནམ།
ཚེག་མ་བྲིས་པར་བར་སྟོང་བཞག་དགོས་ཟེར་བ་དེ་ནི་ཉིད་རང་དབྱིན་སྐད་སོགས་ཤན་ཤུགས་ཆེ་བས་བོད་ཡིག་གཏོར་བཤིག་གཏོང་འདོད་པ་མ་ཡིན་ནམ
སྲུང་སྐྱོབ་ཁ་ལ་འཁྱེར་ནས་གཏོང་བཤིག་གི་ལས་མ་རྩོམ་རོགས་གནང།
ཐུགས་རྗེ་ཆེ།
བྱེས་སུ་བོད་ཡིག་མཁྲེགས་པོ་འདུག མཁྲེགས་པོ་འདུག་ཟེར་མཁན་མང་བ་ནི་ཡོངས་གྲགས་ལྟ་བུ་རེད། དེའི་རྐྱེན་གྱིས་དོན་གཉེར་ཅན་རེ་འགས་འདི་ལྟར་དེ་ཚོའི་དཀའ་ངལ་སེལ་ཆེད་དུ་དཀའ་ལས་རྒྱག་གི་མེད་འགྲོ ཡིན་ནའང་། ཐུགས་བསམ་བཞེས་དགོས་པ་ཞིག་འདུག དེ་ནི་གོང་གི་རྩོམ་ཡིག་དེ་འབྲི་མཁན་ལ་ཞུ་བ་ཡིན། ངས་དབྱིན་ཡིག་ཀློག་དུས་ཅ་ཧང་གི་ཁག་པོ་དང་ཚིག་མཁྲེགས་པོ་འདུག ཀློག་ཐུབ་ཀྱི་མི་འདུག་ལ་ཀློག་འདོད་ཀྱི་ཡི་ག་ཡང་རྙེད་ཀི་མི་འདུག
ང་ལ་དངོས་གནས་དྲང་གནས་དཀའ་ངལ་འདི་རྒྱུན་པར་འཕྲད་བསྡད་ཀྱིན་འདུག ཁྱེད་ཅག་ལ་སྐུ་ངལ་རེད་དེ། དབྱིན་ཡིག་ནང་དཔེར་ན། Losar belongs to Tibet. Losar belongs to the Tibetan people. No one can steal it from us. ཞེས་པ་འདི། ང་ལྟ་བུའི་དབྱིན་ཡིག་མི་ཤེས་མཁན་ཞིག་གིས་ཀློག་དུས་ཀློག་བདེ་བོ་ཁྱོན་མི་འདུག དུམ་ཚན་ཐུང་ངུ་འདིའི་ནང་གི་ Losar ཞེས་པ་དེ་ Lo ཞེས་བར་སྟོང་ཞིག་བཞག་མཐར་ Sar བྲིས། དེ་ནས་ belongs ཞེས་པའི་དང་ཐོག་ be དང་དེ་ནས་ long བྲིས། མཇུག་མཐར་ s བསྣན་ཏེ་བྲིས་ན་ཀློག་བདེ་བོ་མེད་འགྲོ འབྱུང་ན་ L O S A R ཞེས་པ་རྣམས་ A B C D རྣམས་ཀློག་སྐབས་རང་སོར་བཞག་ན་དགའ་བ་མེད་འགྲོ ད་དུང་ཚིག་མཁྲེགས་པོའི་རིགས་ཏེ་དཔེར་ན། understand དང་ undergraduate ཡང་ན་ administration ལྟ་བུའི་ལྕེ་རྩེ་ནས་མི་འཁྱོངས་པ་སྐོར་ཞིག་དུམ་ཚན་བཞི་དང་ལྔར་བཏང་ན་ཀློག་བདེ་བ་ཡོང་ས་རེད། དེ་ལྟར་ཀློག་བདེ་བའི་ཆེད་དུ་ཉུང་མཐར་ཡང་དབྱིན་ཚིག་སྟོང་ཕྲག་འགའ་གཤག་བཅོས་བྱེད་དགོས་པ་འདུག དེ་བཞིན་རྒྱ་ཡིག་ཡིན་ན་དེ་རེད། བོད་ཡིག་ལྟ་བུར་མཚོན་ན་ཀ་མེད་སུམ་ཅུའི་སྟེང་དུ་དབྱངས་བཞི་བོར་ངེས་རྗེས། སྦྱོར་འདོག་དང་ར་མགོ་ལ་མགོ་ས་མགོ་ཚོ་རེད། གང་ལྟར་གཅིག་ནས་བཅུའི་བར་གྱི་ཨང་གྲངས་རྣམས་ཡར་དཀྲུགས་མར་དཀྲུགས་བྱས་ཏེ་ཨང་གི་བརྒྱ་དང་ ༡༠༠ དང་སྟོང་ ༡༠༠༠ གི་བར་བསྒྲིགས་པ་ལྟ་བུ་རེད། ཡིན་ནའང་། རྒྱ་ཡིག་ཉུང་མཐར་ཡང་ཡི་གེ་མི་འདྲ་བ་ཁྲི་སྐོར་འགའ་སྦྱང་དགོས་པ་འདུག ད་དུང་ཏན་རིན་ཕང་དང་མིའུ་རན་ཕང་། སན་རིན་ཕང་ཡིན་ན་ཅིག་ཟེར་ནས་མགོ་ན་སྤྱད་རྐྱང་རྐྱང་ཡོད། ད་བྱས་དུས་བོད་མི་ས་ཡ་དྲུག་ཅི་ཡང་མ་རེད། རྒྱ་ནག་གི་མི་འབོར་དུང་ཕྱིར་ ༡༢ ལྷག་ལ་སློབ་བདེ་ཞིང་ཡི་གེ་ཉུང་བའི་རྒྱ་ཡིག་ཅིག་བཟོ་དགོས་ཀྱི་འདུག་ལ། འཛམ་གླིང་གི་མི་གྲངས་ས་ཡ་དུང་ཕྱིར་མང་བོར་བཀོལ་སྤྱོད་ཆེས་ཆེ་བ་དང་སྐད་ཡིག་ཨང་དང་བོར་གྱུར་བའི་དབྱིན་ཡིག་འདི་ཉིད་ཀྱང་གཤག་བཅོས་གཏོང་དགོས་ཐུག་འདུག དེ་ལྟར་བྱས་ན་སྐད་ཡིག་གི་རིན་ཐང་ལ་མི་ལྟ་བར་སྦྱང་མཁན་གྱི་འདོད་འདུན་གཙོར་བཟུང་བྱས་པ་ཞིག་ཡིན་ཐོག ནམ་ཞིག་ཁྱོན་ནས་སློབ་སྦྱོང་ལ་མི་དགའ་བ་སྐོར་ཞིག་གི་འཛམ་གླིང་གི་སྐད་ཡིག་སྣ་གཅིག་ཀྱང་མེད་པར་གདོད་མའི་སྤྱི་ཚོགས་ལྟར། གོས་སུ་ཤིང་ལོ་རེ་གྱོན། ཟས་སུ་རི་སྐྱེས་སྲོག་ཆགས་དང་གཅན་གཟན། ཤིང་ཏོག་སོགས་བཟའ་རྒྱུའི་གདམ་ག་བྱ་སྲིད་པ་འདུག་གོ་སྙམ།
བསྟན་འཛིན་ཉིན་བྱེད་ལགས་ཀྱི་དངོས་དོན་གྱི་རྩོམ་ཡིག་འདི་འདྲར་སྤེལ་བར་དགའ་བསུ་ཡོད། མ་འོངས་མུ་མཐུད་འདི་འདྲའི་རྩོམ་ཡིག་མང་དག་ཅིག་སྤེལ་རོགས་ཞུ་རྒྱུ་དང་། དེ་དང་ཆབས་ཅིག་ཨ་རིའི་གནས་སྡོད་གཞོན་སྐྱེས་ཚོར་སྐུལ་སློང་གིས་རང་གི་རིག་གཞུང་ཐོག་རྩོམ་ཡིག་གང་མང་སྤེལ་བར་འབོད་སྐུལ་གནང་རོགས་ཞུ་རྒྱུ་ཡིན།
བཀྲ་ཤིས་བདེ་ལེགས།
དུས བབ ཚང གིས རིག པ འདོན དགོས པ རེད ཟེར ནས བཤད འདུག ད ནི རིག པ འདོན དགོས པའི དུས རེད འདོད། རྩོམ པ པོ རྣམས ཀྱིས རིག པ བཏོན ནས རྩོམ ཡིག སྤེལ ཡོང ན། ཀློག པ པོ ཚོས ཀྱང ཁོང ཚོར ཕྱིར རིག པ འདོན རྒྱུ ནི གལ ཆེན རེད འདོད།
རྭ་ལོ། ཁྱོད་འདིར་དྲན་རིག་རྒོད་གི་ཡ།
ད དུང བཤད རྒྱུ ཞིག ལ། བསམ ཚུལ འདོན མཁན བསྟན འཛིན བདེ སྐྱིད དང བསྟན འཛིན ཉིན བྱེད གཉིས རེད། འོན ཀྱང བསམ ཚུལ འདི དངོས སུ ལག བསྟར ལ འདེབས མཁན ནི ང རྭ ལོ ཡིན། འདི ལོ རྒྱུས ཆགས ཚར བ རེད།
སྐུ ཉིད ཀྱིས བཤད པར རྒྱུ མཚན ངེས ཅན ཞིག འདུག དེར མ ཟད ངས བསྟན འཛིན བདེ སྐྱིད ཀྱི རྩོམ ཡིག དེའང བཀླགས པ ཡིན། མདོ དོན ལྟེ བ དེ གོ སོང་། ད ནི དངོས སུ ལག བསྟར བྱ རྒྱུ དེར ཐུག འདུག ང ལ བསམ ཚུལ གཅིག རང ཡོད། དེ ནི བར སྟོང འཇོག འོས ཀྱང མཐའ མ དེར ཤད ངེས པར དུ དགོས པ འདྲ། ཤད མེད ཚེ བརྗོད པ རེ རེའི གཅོད མཚམས ནོར འགྲོ གི འདུག དེ རིང འདི ཙམ ཡིན།
ངས་ ༢༠༠༧ ལོར་སྐུ་ཉིད་ལ་བཙན་བྱོལ་གྱི་འཛིན་སྐྱོང་བཀའ་ཤག་སྐོར་དང་གཞུང་ཞབས་ལས་བྱེད་སྐོར་ཞིག་བཅར་འདྲི་བྱེད་རྒྱུ་བྱུང་། དེ་དུས་ཁྱེད་རང་དཔེ་མཛོད་ཁང་གི་རྩོམ་སྒྲིག་པ་རེད་ལ། དྲིལ་བསྒྲགས་ལས་ཁུངས་ནས་ཕྱིར་བུད་པའི་རྗེས་ཙམ་ཡིན་ས་ཡོད།
གང་ལྟར་སྐབས་དེ་དུས་ངས་ཁྱེད་རང་དབྱིན་ཡིག་གི་རྩོམ་སྒྲིག་པ་ཞིག་ལས་བོད་ཡིག་ཐོག་འདི་ལྟ་བུའི་ཤ་ཞེན་དང་འབྲི་རྩལ་བཟང་བོ་ཡོད་པ་ཤེས་མེད། དེ་རིང་ཁྱེད་ཀྱི་མིང་དེ་མཐོང་བ་དང་རང་བཞིན་གྱིས་རྩོམ་ཡིག་དེ་ཀློག་རྒྱུའི་འདུན་པ་ཤུགས་ཆེར་སླེབས་སོང་། དེར་བརྟེན་གཅིག་གཅིག་གཉིས་གཉིས་བྱས་ནས་ཀློག་པ་ཡིན། ཡིག་ནོར་དང་བརྗོད་མི་བདེ་བ་རེ་ཟུང་འདུག་ནའང་། ངས་དེ་སྔོན་ཚོད་དཔག་བྱས་པ་ལས་རྦད་དེ་བརྒལ་འདུག་པས་དགའ་སྤྲོ་ཚད་མེད་བྱུང་། ང་གཞིས་ནས་སྐྱེས་ཤིང་བྱེས་སུ་འབྱོར་བའི་མི་ཞིག་ཡིན་ལ། འདས་པའི་ལོ་འགའི་ཉམས་མྱོང་ལྟར་བྱས་ན་བྱེས་སྐྱེས་ན་གཞོན་ཁྲོད་འདབས་གཤོག་གཉིས་ལྡན་མེད་པ་ཡིན་ནའང་། དཀོན་པོར་ཆགས་འདུག་པས་ཁྱེད་ལ་སེམས་སྟེང་ནས་སྨོན་བྱུང་། ཐུགས་རྗེ་ཆེ་ཟེར་བ་ཡིན།