༧གོང་ས་མཆོག་གིས་ཆི་ལིའི་སྲིད་འཛིན་གྱི་མཚན་ཐོག་ཏུ་ཐུགས་གསོའི་འཚམས་འཕྲིན་ཞིག་བསྐུར་ཡོད་འདུག
ཕྱི་ཚེས་ ༡ ཉིན་བོད་གཞུང་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཚེས་ ༢༧ ཉིན་ཆི་ལིར་ས་ཡོམ་གྱི་གོད་ཆག་བྱུང་སྟེ་མི་མང་པོ་ཞིག་ལ་སྲོག་སྐྱོན་བྱུང་ཡོད་པ་མ་ཟད། ལམ་ཁ་དང་ཟམ་པ་། ཁང་པ་སོགས་ལའང་གཏོར་བཤིག་ཚད་མེད་ཐེབས་ཡོད་སྟབས་ཁ་སང་༧གོང་ས་མཆོག་གིས་ཆི་ལིའི་སྲིད་འཛིན་ལྕམ་བྷ་ཆེ་ལེ་ཊི་ཡི་མཚན་ཐོག་ཏུ་ཐུགས་གསོའི་འཚམས་འཕྲིན་ཞིག་བསྐུར་ཡོད་པ་དང་། འཚམས་འཕྲིན་དེའི་ནང་༧གོང་ས་མཆོག་ནས་ཁོང་གིས་ཐེངས་འདིའི་གོད་ཆག་ནང་རྐྱེན་འདས་སུ་སོང་བར་གདུང་སེམས་མཉམ་བསྐྱེད་དང་མྱ་ངན་ཐུགས་གསོ་བྱེད་བཞིན་ཡོད་ཅེས་བཀོད་ཡོད་འདུག
ཆི་ལིར་ས་ཡོམ་རིམ་པ་ ༨།༨ ཅན་ཞིག་བྱུང་བ་དེས་མི་ ༧༠༨ ལ་ཤི་སྐྱོན་བྱུང་ཡོད་པ་དང་ཁྱིམ་ཚང་ ༥༠༠༠༠༠ ཙམ་ལ་གཏོར་བཤིག་ཚབས་ཆེན་ཐེབས་ཡོད་ཚུལ་ཡུལ་དེའི་གསར་འགྱུར་བརྒྱུད་ལམ་དུ་ཐོན་ཡོད་འདུག ས་ཡོམ་ནང་ Maule མོ་ལེ་ས་ཁུལ་དུ་ མི་ ༥༤༢ ལ་ཤི་སྐྱོན་བྱུང་འདུག་ལ་དེ་ནི་རྒྱལ་ས་ Santiago སེན་ཊི་ཡ་གོ་ནས་བར་ཐག་སྤྱི་ལེ་ ༣༠༠ ཙམ་གྱི་སར་ཡོད་འདུག
༸འཕགས་མཆོག་ཕྱག་ན་པདྨོའི་མཉེས་ཤིང་རྗེས་སུ་བཟུང་སྟེ། སྐུ་བཞིའི་བདག་ཉིད་ཀྱི་གོ་འཕང་མངོན་དུ་འགྱུར་བར་བྱིན་གྱིས་རླབས་ཏུ་གསོལ།།
༸གངས་ཅན་མགོན་པོའི་ཐུགས་རྗེའི་བྱིན་རླབས་ཀྱིས།།
ཆི་ལིར་གནས་སྡོད་འདས་སོན་སྐྱེ་འགྲོ་ཀུན།།
གནས་སྐབས་བདེ་ཞིང་མཐར་ཐུག་མངོན་མཐོའི་སར།།
མྱུར་འཁོད་གཏན་གྱི་བདེ་བ་ཐོབ་པར་ཤོག།
ཨོྃམཎིཔདྨེཧཱུཾ། ཨོྃམཎིཔདྨེཧཱུཾ། ཨོྃམཎིཔདྨེཧཱུཾ།
ཨོྃམཎིཔདྨེཧཱུཾ། ཨོྃམཎིཔདྨེཧཱུཾ། ཨོྃམཎིཔདྨེཧཱུཾ།
མ་ཎི་ཡིག་དྲུག་ལན་དྲུག་བཏོན་པ་འདི་བོད་མི་ས་ཡ་དྲུག་གི་ཚབ་མཚོན་སྨོན་ལམ་ཡིན།
འབྱུང་བཞིའི་གནོད་པ་དང་། ནད་མུག་འཁྲུག་རྩོད་སོགས་མི་མཐུན་རྒུད་ཚོགས་མྱུར་བར་ཞི་བར་བྱིན་གྱིས་རློབས་ཤིག་འཕགས་མཆོག་སྙིང་རྗེའི་གཏེར་ཆེན་ཀྱེ།