ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་བསྒྱུར།
ལོ་ངོ་འདི་དག་གི་རིང་ལ། རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ཚོའི་བརྗོད་ཚིག་ལ་ཉན་ན། བཤད་སྟངས་ཤིག་ནི། ཧ་ལམ་ཀུན་སྤྱོད་ཀྱི་ཚད་མཐོ་སར་སླེབས་པ་ཡིན་ན། དྲག་པོའི་གསར་བརྗེར་ངོ་རྒོལ་ཡོད་རབས་ཟེར། བཤད་སྟངས་དེ་ཁ་སངས་ན་རྒྱ་དམར་གཞུང་དྲག་ཤུགས་ཀྱིས་མགོ་རྟིང་སློག་རྒྱུར་ངོ་རྒོལ་དང་། འཚེ་བའི་བྱ་སྤྱོད་མཐའ་དག་ལ་ངོ་རྒོལ་ཡོད་ཟེར་བའི་དོན་ཡིན། ཁྱད་པར་དཔལ་ཡོན་དུས་རབས་འདི་ནས་བཤད་ན། ཞི་བདེ་དང་། ཕུགས་བསམ། འཚེ་བ་མེད་པ་སོགས་ལ་ཡོངས་ཁྱབ་ངོས་འཛིན་ཐོན་ཡོད་པའི་ཁུལ་ཡིན་ན། སྐད་ཆ་དེ་ཚོར་ཉན་མ་ཐག་ཆབ་སྲིད་ཀྱི་བཀའ་མོལ་ཡང་དག་པ་ཞིག་ལ་གོ་ལོས་སྲིད། ད་དུང་གྷན་དྷེ་དང་། མཱ་དེན་ལོ་ཏི་ཁན། ཏཱ་ལའི་བླ་མ་བཅས་བའང་བཞེངས་ཕྱོགས་འདིར་བསྐྱོད་མཁན་གྱི་དཔེ་མཚོན་མི་སྣ་རྐྱང་རེད། དེ་ག་ནང་བཞིན་རྒྱ་ནག་གི་དམངས་གཙོ་དོན་གཉེར་བའི་ཁྲོད་དུའང་ “སྤྱོད་བཟང་གི་དར་ཆ་” དེ་ཉིད་མཐོན་པོར་སྒྲེངས་ནས་དྲག་པོའི་གསར་བརྗེ་ལ་ངོ་རྒོལ་ཡོད་ཟེར་མཁན་གང་ཙམ་ཞིག་ཐོན་བསྡད་ཡོད།
ཡིན་མོད། ཤེས་དཀའ་བ་ནི་མི་སུ་ཞིག་གིས་དྲིལ་བསྒྲགས་ཀྱི་སྐད་ཆ་དེ་དག་གི་སྔོན་འགྲོའི་ཆ་རྐྱེན་ལ་བསམ་བློ་གཏོང་གི་ཡོད་མེད་དེ་རེད། དཔེར་ན། ༡། དྲག་པོའི་གསར་བརྗེ་ལབ་ན་ངོ་བོ་གང་འདྲ་ཞིག་རེད། ༢། རྒྱ་ནག་ནང་དྲག་པོའི་གསར་བརྗེ་འབྱུང་རྒྱུའི་རྒྱུ་ཚོགས་འདུག་གམ་མི་འདུག ༣། ཡང་ན་སྐྱེས་བོ་ག་གས་མོས་རྒྱ་དམར་གཞུང་གི་དཔན་རིགས་རྣམས་དམར་གསོད་གཏོང་རྒྱུའི་འདོད་ཚུལ་བཟུང་ཡོད་པས་རེད་དམ།
༡༽ དྲག་པོའི་གསར་བརྗེ་ཟེར་ན་ངོ་བོ་ག་འདྲ་ཞིག་རེད། མི་སྡེ་སྤྱི་ཚོགས་ཀྱི་ཉེ་རབས་ལོ་རྒྱུས་ནང་། ཚབ་མཚོན་རང་བཞིན་གྱི་དྲག་པོའི་གསར་བརྗེ་ནི་ཧྥ་རན་སིའི་གསར་བརྗེ་ཆེན་མོ་དང་། ངན་ཤུགས་འཛམ་གླིང་ལ་ཁྱབ་མྱོང་པའི་དམར་ཤོག་གི་གསར་བརྗེ་ཁག་རེད། ལས་འགུལ་དེ་དག་གི་ཁྲོད་དུ། “དྲག་པོའི་གསར་བརྗེ་” ཡི་མཚོན་དོན་ནི། ངོ་བོའི་ཆ་ནས་“དྲག་ཤུགས་ལ་བརྟེན་ནས་སྲིད་དབང་འཕྲོག་རྒྱུ་ཙམ་མ་ཡིན” པར། མི་སེར་དམར་གསོད་དང་གཞུང་སྔོན་མར་དགྲ་ཤ་ལེན་རྒྱུའི་མཚོན། མཐར་དྲག་ཤུགས་ལ་བརྟེན་པའི་སྒེར་གཅོད་གཞུང་ཞིག་སླར་ཡང་འཛུགས་རྒྱུ་དེ་རེད།
དེ་ནས་ད་གཟོད་རྒྱ་ནག་ནང་དྲག་པོའི་གསར་བརྗེ་འབྱུང་རྒྱུའི་ཉེན་ཁ་འདུག་གམ་བརྗོད་ན།དམར་ཤོག་གི་དྲག་ཤུགས་ཀྱིས་སྲིད་དབང་འཕྲོག་རྗེས། ལོ་ངོ་༦༠ ལྷག་གི་རིང་ལ་དྲག་སྤྱོད་ཀྱི་ཐབས་སྣ་ཚོགས་ལ་བརྟེན་ནས་དབང་ཆ་བཟུང་བསྡད་ཡོད་ཁར། མི་སེར་རྣམས་དྲག་ཤུགས་ཀྱི་འདུལ་སྦྱོང་འོག་གནས་ཡོད་པ་མཁྱེན་གསལ་རེད། དམག་སྲིད་དབང་བསྒྱུར་འོགསྒེར་གཅོད་པ་ཚོའི་དྲག་ཤུགས་ཀྱིས་ཚུར་སྙད་བཙུགས་ནས་བསྡོད་བཟོ་མེད་པའི་ཁ་ཐུག་ལ། མང་ཚོགས་ཀྱིས་“རང་སྲུང་དབང་ཆ་”སྤྱོད་དགོས་མིན་གྱི་སྐད་ཆ་ཕར་གཡུག་ཞོགམང་ཚོགས་ངོས་ནས་བྱ་བ་སྣ་གཅིག་སྒྲུབ་ཐུབ་པ་ནི་ཕ་རོལ་པོར་ངོ་རྒོལ་མ་བྱས་པར་བཟོད་སྒོམ་ངང་བསྡོད་རྒྱུ་དེ་རེད། དམག་སྲིད་ཀྱི་འདུལ་སྦྱོང་འོག་གི་མི་མང་གིས་དྲག་པོའི་གསར་བརྗེ་བྱ་རྒྱུ་དང་། དྲག་ཤུགས་ཅན་གྱི་གཞུང་ལ་དྲག་ཤུགས་ཀྱིས་ཁ་གཏད་གཅོག་རྒྱུའི་གོ་སྐབས་ཡོད་མེད་ནི་ (གཞུང་ལུགས་ཀྱིས་སྒྲུབ་ཐུབ་ཁར། རྣམ་པའི་ཆ་ནས་མེད་པ་དང་། སྟོབས་ཤུགས་ཀྱིས་ཡོང་ཐབས་མེད་པ་ཞིག་རེད།)
༢༽ སྐབས་འདིར། མི་རྣམས་ཀྱིས་རང་སྲུང་ཆེད་“འཚེ་བར་ངོ་རྒོལ་བྱས་ན”དེར་འཚེ་བ་བྱས་འདུག་ལབ་ནས། ཁྱོད་ཚོས་ད་དུང་སྙོན་འཛུག་བྱ་རྒྱུ་ཡིན་ནམ། དཔེར་ན་འཚེ་བའི་བྱ་སྤྱོད་ལ་ངོ་རྒོལ་བྱེད་མཁན་ལ་འཚེ་བ་བྱས་སོང་ལབ་ནས་སྙོན་འཛུགས་བྱས་ཚེ། ཆ་བཞག་ན་འཚེ་བའི་ལམ་ཁར་མ་ཞུགས་རང་ཞུགས་ཆགས་སོང་བའི་མི་ཞིག་ལ། ང་ཚོས་ད་དུང་ཕར་ལ“འཚེ་བ་བརྒྱུད་སྤེལ་བཏང་བར་བསྙོན་འཛུགས་བྱས་བསྡད་པ་”ཡིན་ན། བཤད་སྟངས་དེར་མཇུག་འབྲས་ངན་པ་གཉིས་འབྱུང་རྒྱུ་གདོན་མི་ཟ། དེ་ལྟར་བྱས་ན་གཅིག་ནས་འཚེ་བའི་བྱ་སྤྱོད་དངོས་གནས་སྤེལ་མཁན་ཚོར་དངས་འཚབ་སྤྲོད་མི་ཐུབ་པ་དང་། གཉིས་ཐད་ནས་འཚེ་བར་ངོ་རྒོལ་བྱེད་མཁན་གྱི་སེམས་ཤུགས་ཀྱང་ངང་གིས་བཅག་པ་ཞིག་རེད། རྒྱུ་མཚན་འཚེ་བས་མནར་གཅོད་མྱོང་མཁན་ཚོར་ཕྱོགས་གཉིས་ནས་གནོན་ཤུགས་ཡོད་པ་ནི། འཚེ་བའི་མནར་གཅོད་མྱོང་མཁན་རྣམས་ལ་ཕ་རོལ་བས་ (མུ་མཐུད་དུ་དྲག་གནོན་བྱ་རྒྱུ)མ་ཟད། ཟུར་གནས་པ་དག་གིས་ཀྱང་ཁོ་ཚོར་ཁ་རྡུང་གཏོང་སྲིད་པས་གནོན་ཤུགས་ཉིས་བརྩེགས་སླེབས་ཡོད་ལ། དེ་ལས་ཐབས་སྐྱོ་བ་ཞིག་ནི། དོན་དངོས་འཚེ་བ་བྱེད་མཁན་ལ་ངོ་རྒོལ་རྒྱབ་མ་ཡོང་ཟེར་མཁན་གྱི་གཞུང་འཛིན་པ་ཚོར་ལར་ནས་དྲག་ཤུགས་སྤྱོད་རྒྱུའི་གོ་སྐབས་འཕར་མ་སྤྲད་པ་དེ་རེད།
༣༽ སུ་ཞིག་ལ་རྒྱ་དམར་གཞུང་གི་སྲིད་དབང་མགོ་རྟིང་སློགས་རྗེས། ད་ཡོད་ཀྱི་དཔོན་རིགས་ཚང་མ་དམར་གསོད་གཏོང་དགོས་པའི་བསམ་ཚུལ་འདུག ཡང་ན་དགྲ་ཤ་ཡིད་ཚིམས་པ་ཞིག་ལེན་ཆེད་ཚང་མ་བཙོན་འཇུག་དང་འབྲེལ། ཡང་བསྐྱར་སྒེར་གཅོད་གཞུང་ཞིག་འཛུགས་དགོས་རེད་ཟེར་མཁན་ང་མཐོང་སོང་ངམ།
མི་རེ་འགས། དམངས་གཙོའི་འབོད་ཚིག་ཁ་ལ་གྱེར་ཡང་རྗེས་སུ་དྲག་སྤྱོད་སྲིད་གཞུང་ཡོང་སྲིད་པ་བརྗོད་ཀྱིན་ཡོད། ཡིན་དང་ཡིན། རྒྱ་ནག་དམར་ཤོག་ཚོགས་པ་ནི་དེ་འདྲ་རང་རེད། འོན་ཏེ་བརྗེད་མི་རུང་བ་ཞིག་ལ། དམར་ཤོགས་པ་ཚོས་དམངས་གཙོའི་ཁ་གཡང་མཐོན་པོར་བསྒྲོག་ཞོར། ཁོ་ཚོས་ཐོག་མཐའ་བར་གསུམ་དུ་“འབྱོར་མེད་གྲལ་རིམ་ཀྱི་སྲིད་དབང་སྒེར་གཅོད་གཞུང་ཞིག་འཛུགས་རྒྱུ”ཡིན་པའི་སྐོར་གསལ་ཐང་ཐང་ངང་བརྗོད་བསྡད་ཡོད།
དེ་བཞིན་དེང་སྐབས་རྒྱ་ནག་གི་དམངས་གཙོ་དོན་གཉེར་པ་ཚོའི་ནང་གི་ཆེས་རྩུབ་སྤྱོད་ཅན་ཚོར་མཚོན་ནའང་། དམར་ཤོག་གི་དཔོན་རིགས་ཚང་མ་དམར་གསོད་བཏང་རྗེས། དམངས་གཙོའི་སྒེར་གཅོད་གཞུང་ཞིག་འཛུག་རྒྱུ་ཡིན་རབས་བརྗོད་མཁན་མི་འདུག་ལ། དེ་བས་ཀྱང་བསམ་བློའི་དཔལ་ཡོན་འཕེལ་རྒྱས་སོང་ནས་ཚད་འདིར་སླེབས་བསྡད་ཡོད་པའི་དུས་ལ། དམར་ཤོག་རྒྱལ་ཁབ་འཐོར་ཞུགས་སོང་བའི་ནང་དཔེ་མཚོན་འདི་འདྲ་གཅིག་ཀྱང་མེད། དེ་བས་ན་རྒྱ་མི་རྣམས་རྒྱུ་མཚན་ཅི་ཞིག་གིས་གཞན་དང་མ་འདྲ་བར་“སྤྱོད་ངན་ཅན་”ཤ་སྟགས་སུ་གྱུར་ནས། དྲག་པོའི་གསར་བརྗེ་སློངས་དགོས་པ་རེད།
ཨུ་རུ་སུ་དང་། ཤར་ཡོ་རོབ་ནང་དམར་ཤོག་གི་སྲིད་དབང་མཇུག་སྒྲིལ་སྐབས་ཡིན་ན་འདྲ། ལོ་མ་ཉིའི་ཡའི་སྲིད་འཛིན་ཅཱའི་ཝོ་སེ་ཁོ་གཅིག་པུ་བསད་པ་ཙམ་ལས། རྒྱལ་ཁབ་གཞན་པའི་ནང་འགོ་འཁྲིད་གསོད་མྱོང་མེད་ཁར། རྒྱལ་ཁོངས་དེ་དག་གི་ནང་ཁྲིམས་ཐོག་ནས་དེ་སྔའི་དམར་ཤོག་འགོ་འཁྲིད་རྣམས་ལ་བརྡ་འདེད་ཙམ་ཡང་མ་བཏང་བར། རཱོ་མན་ཉིས་ཡའི་མཚོན་ཚང་མ་ཞི་བའི་རིམ་འགྱུར་བྱུང་འདུག་པ་ལས་སུ་གང་གིས་དྲག་སྤྱོད་འུར་དཀྲོགས་ཀྱི་བྱ་བ་བྱས་མི་འདུག་གཱདེ་རིང་རྒྱ་དམར་གཞུང་མགོ་རྟིང་སློགས་རྗེས་ཕ་རན་སིའི་གསར་བརྗེ་ནང་བཞིན། དམར་ཤོག་གི་དཔོན་རིགས་ཚང་མ་ཁྲིད་ནས་སྐེས་ལེན་དགོས་པ་རེད་བརྗོད་མཁན་འདྲ་ཡོད་ན། དེ་འདྲ་ཞིག་མེད་པཱ།
གོང་ནས་བཤད་པ་ལྟར། དང་པོ། རྒྱ་ནག་ལ་གཞིགས་ན། མང་ཚོགས་ཀྱིས་དྲག་པོའི་གསར་བརྗེ་བརྒྱུད་གཞུང་མགོ་རྟིང་སློགས་རྒྱུའི་གནས་སྟངས་ཞིག་ཤར་རྒྱུ་ཧ་ཅང་དཀོན་པོ་རེད།(མཚོན་ཆ་གང་ན་ཡོང་)གལ་སྲིད་བྱུང་བ་ཡིན་ནའང་དེ་ནི་ངན་ཕྱོགས་ཀྱི་དྲག་པོའི་གསར་བརྗེ་མ་ཡིན་པར། རང་སྲུང་གི་རྒོལ་ལན་འབའ་ཞིག་རེད། གཉིས་པ།དམར་ཤོག་གཞུང་མགོ་རྟིང་སློགས་པའི་རྗེས་ནས་ཀྱང་། གཞུང་སྔ་མའི་དཔོན་རིགས་རྣམས་རྩ་མེད་བཏང་སྟེ་སྒེར་གཅོད་གཞུང་ཞིག་འཛུག་རྒྱུའི་ཉེན་ཁ་དེ་བས་ཆུང་ཆུང་རེད། དེ་ལྟར་བཤད་ན།དེང་སྐབས་རྒྱ་ནག་ནང་དྲག་པོའི་གསར་བརྗེ་འབྱུང་རྒྱུའི་གནད་དོན་ཞིག་རྩ་བ་ནས་ལྷགས་མེད།
ཁ་ཅིག་གིས། ཡཱང་ཅའི་1གྱོད་གཞི་དྲག་ཕྱོགས་སུ་ཁ་དཀྱོག་འདུག་པས་ན། རྒྱ་ནག་ནང་ཧ་ལམ་དྲག་པོའི་གསར་བརྗེ་ལངས་རྒྱུའི་ཉེན་ཁ་ཡོད་ཚོད་བཤད་མཁན་འདུག་མོད། དོན་དངོས། ཡཱང་ཅས་མི་བསད་གྱོད་གཞི་ནི་གནས་ཚུལ་ཁྱད་པར་བ་ཞིག་སྟེ།དེ་ནི་ཁྲིམས་སྒྲིག་འཐུས་མི་ཚང་བའི་རྒྱལ་ཁོངས་ནང་ནས་སྐྱེས་བོ་སྒེར་གྱིས་ཤ་འཁོན་རྩོད་སྟངས་དེ་ལྟར་ཡིན་པ་ལས། སུ་ཞིག་གིས་དྲག་པོའི་གསར་བརྗེར་བརྟེན་ནས་གཞུང་ཞིག་མགོ་རྟིང་སློགས་རྒྱུར་འབྲེལ་བ་གཏན་ནས་མེད། ད་དུང་གྱོད་གཞི་དེ་གཞུང་གིས་ནག་ཁུངས་ནས་ཡར་སྣོག་མར་སྣོག་བྱེད་སྟངས་ལ་ལྟས་ན། ཁྲིམས་མེད་ལུགས་མེད་ཀྱི་རྒྱལ་ཁོངས་ནང་སྐྱེས་བོ་སྒེར་གྱི་རང་དབང་ལ་བརྩི་འཇོག་ཉག་ཅིག་མེད་པའི་དཔེ་མཚོན་གསོན་པོ་ཞིག་ཀྱང་རེད།
སྤྱིར་མི་གསོད་ཁྲག་སྦྱོར་གྱི་གྱོད་གཞི་རེ་གཉིས་འཛམ་གླིང་གང་སར་ཡོང་བསྡད་ཡོད་ཁར། དེ་དག་ཅི་འདྲའི་ཡ་ང་སྙིང་མེད་པ་ཞིག་ཡིན་རུང་། ཁྲིམས་མཐུན་ལུགས་མཐུན་ཡིན་ལུགས་བརྗོད་ནས་སྐྱེས་བོ་སྒེར་གྱི་རང་དབང་བརྩི་མེད་རྡོག་རོལ་གཏོང་བཞིན་པ་གཉིས་གདན་གྲལ་གཅིག་ལ་བཞགས་ནས་གླེང་མི་རུང་ལ།དེ་ནི་རྩ་བའི་ཆ་ནས་ངོ་བོ་མི་འདྲ་བའི་གནད་དོན་ཞིག་རེད།
ད་སྐབས་རྒྱ་མི་རྣམས་ཀྱི་བླ་འཁུམ་ཏེ། རྩ་བ་ཉིད་ནས་དྲག་རྩུབ་ལ་རྒོལ་ལན་སློག་ཐུབ་ཀྱི་མེད་པའི་ཁ་ཐིག་ལ། དྲག་པོའི་གསར་བརྗེ་ཞིག་བྱུང་རྒྱུའི་གྲིབ་མ་ཙམ་ཡང་མེད་པའི་གནས་སྟངས་འདིའི་འོགཤེས་ཡོད་ཅན་མང་ཆེས་བས་མི་སྨྲ་བའི་རྟུལ་ཞུགས་བཟུང་བ་དང་། ཡང་ན་ཀྲང་ཡིས་མུའུ་དང་། ཝང་མིན།ཞས་ཆིག་ཡས་སོགས་ཀྱིས་ལོག་སྤྱོད་དབང་བསྒྱུར་གྱི་གདོང་པར་དཀར་རྩི་ཞུགས་ཏེ། དྲག་པོའི་གསར་བརྗེ་འབྱུང་ས་རེད་ལབ་ནས། གཏན་ནས་མེད་པའི་ལྕགས་ཚན་ཞིག་གིས་མང་ཚོགས་ལ་གཞུ་ཀྱིན་ཡོད་ལ། དེ་ལ་ཕན་འབྲས་ཤིག་སྨིན་རྒྱུ་ཡོད་པ་ཡིན་ན། མི་མང་ཆེ་བ་ཞིག་མུ་མཐུད་དུ་བླུན་པོ་ཆུ་སྣ་གར་ཁྲིད་ཀྱི་ཕྱོགས་སུ་ལྷུང་རྒྱུར་གཤོགས་འདེགས་དང་། ཤེས་ཡོན་ཅན་ལ་ཁས་འཆས་མཁན་རྣམས་ནུས་མེད་བླུན་རྒུད་ཆགས་ཏེ། ལོག་སྤྱོད་དབང་བསྒྱུར་ལ་ངོ་རྒོལ་བརྒྱག་རྒྱུའི་སྤོབས་པ་ཉམས་བསྡད་མཁན་ཚོར། གཞུང་ལུགས་ལ་ཁག་དཀྲིས་སའི་འབོད་ཚིག་སྐམ་པོ་ཞིག་འུར་དཀྲོགས་བྱ་བཅུག་པ་དེ་ཙམ་མོ།
ཡང་གཅིག་བཤད་ན། དམར་ཤོག་གཞུང་གིས་ (འཚེ་བ་མེད་པ་དང་། ཞི་བདེ། ཕུགས་བསམ་ཅན)ཟེར་བ་སོགས་ལ་ཆེ་མཐོང་ཞིག་སྤྲོད་ཀྱིན་འདུག་གམ། ཁ་ནས་འཚེ་མེད་ཞི་བ་མ་ཎི་བགྲེང་བགྲེང་བྱེད་མཁན་གྱི་ཡཱང་ཅན་ལི་ལགས་ལ་ལོ་ལྔའི་བཙོན་ཐག་བཅད་པ་དང་། ད་དུང་ལོ་ངོ་༣༠་རིང་རྒྱ་དམར་གཞུང་གི་སྲིད་དབང་འཛིན་དགོས་སྐོར་རྩོམ་བྲིས་ནས་བསམ་ཚུལ་འདོན་མཁན་སྐུ་ཞབས་ཝང་ཚེག་ལའང་ལོ་གསུམ་ཀྱི་བགག་སྐྱེད་བཙོན་འཇུག་བྱས་ཡོད་ལ། ཉེ་ཆར་ཞི་དུལ་བག་ཡོད་ངང་རྒྱ་དམར་གཞུང་ལ་རྩ་ཁྲིམས་བཟོ་བཅོས་བརྒྱག་རྒྱུར་གྲོས་འཆོར་འདོན་མཁན་དང་། དྲག་ཤུགས་ཁྱབ་སྤེལ་ལ་སྡིག་དམོལ་མཐའ་གཅིག་ཏུ་བྱེད་མཁན་སྐུ་ཞབས་ལེའི་ཞོ་པོ་ལགས་ལ་ལོ་ ༡༡ གི་བཙོན་ཐག་བཅད་འདུག་པ་སོགས་ལ་གཞིགས་ན། གནས་སྟངས་འདིའི་འོག་ནས། མི་རྣམས་ཀྱིས་“དྲག་པོའི་གསར་བརྗེ་”ཟེར་བ་དོན་དངོས་ག་འདྲ་ཞིག་ཡིན་པ་ངོ་ཅིག་འཕྲོད་པའི་རྗེས་སུ། ད་གཟོད་“དྲག་པོའི་གསར་བརྗེ་”ལ་ངོ་རྒོལ་བྱས་ན་ག་འདྲ་འདུག
དབྱིན་ཡིག་གཞིར་བཞགས་ན། ཨ་རིའི་རང་བཙན་“གསར་བརྗེ་” REVLUTION ཟེར་ཞིང་། ཁ་ཤས་ཀྱིས་དེར་ “དྲག་པོའི་གསར་བརྗེ་” violent revolution བརྗོད་ཀྱིན་ཡོད།ཡིན་ནའང་། དཔེ་འདི་དང་རྒྱ་མིའི་སེམས་ངོར་ཤར་བའི་དྲག་པོའི་གསར་བརྗེ་(ཧྥ་རིན་སིའི་གསར་བརྗེ་ཆེན་མོའི་བྱེད་ཐབས་དང་། ལའེ་ཉིན་གྱི་གསར་བརྗེ་) བཅས་ནི་མངོན་གསལ་གྱིས་ཐ་དད་རེད།
བསམ་བློ་བ་གྲགས་ཅན་ཐཱའོ་མ་སི༌ཕན་ལགས་ཀྱིས། ཨ་རིའི་རང་བཙན་དམག་འཁྲིགས་སྐབས་བརྩམས་པའི་<<རྒྱུན་ཤེས་>>ཞེས་པའི་དེབ་ནང་།སྲིད་དབང་སྒེར་གཅོད་ལ་ངོ་རྒོལ་བྱེད་སྐབས། དྲག་པའི་གྱེན་ལོག་བྱ་ཆོག་པ་ནི་མིའི་རིགས་ཀྱི་གཞི་རིམ་ཐོབ་ཐང་ཡིན་ལ། འདི་ནི་འཚོ་བའི་<<རྒྱུན་ཤེས་>>ཡིན་པ་ཁོང་གིས་སྔ་ས་ནས་གསུངས་ཡོད། དེ་བཞིན་ཨ་རིའི་རང་བཙན་དམག་འཁྲིགས་ནི་དྲག་པའི་གྱེན་ལོག་དངོས་འབྲེལ་ཡིན་མོད། དེ་ལ་བརྟེན་ནས་ཐ་མར་རང་དབང་རང་བཙན་གྱི་རླབས་ཆེན་བའི་ཨ་རིའི་རྒྱལ་ཁབ་དེ་ས་སྒང་འདིའི་ཐོག་དབུ་རྙེས་པ་ལོས་ཡིན། ཨ་རིའི་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་ ༢༠༠ ལྷག་ཕྱིན་པའི་རིང་ཆེས་རྩ་ཆེན་དུ་བརྩི་བའི་<<རང་བཙན་བསྒྲགས་གཏམ>>ནང་“ སྲིད་གཞུང་ཞིག་གིས་མི་རྣམས་དྲག་ཤུགས་འོག་མནན་ནས་མགོ་འགྱོག་མ་བཅུག་ན། མི་སེར་རྣམས་ལ་གཞུང་དེ་འདྲ་ཞིག་མགོ་རྟིང་སློག་རྒྱུའི་འོས་འགན་ཡོད་”ཅེས་གསལ་བོ་བཀོད་ཡོད་ལ། ཨ་རིའི་རང་བཙན་བསྒྲགས་གཏམ་ནང་གི་བརྗོད་སྙིང་གལ་ཆེན་ཞིག་ནི། མི་ཞིག་ལ་གཞན་གྱིས་ཁ་བསྒྱུར་ཐབས་མེད་པ་དང་། བསླུ་ཐབས་མེད་པ། འཕྲོག་ཐབས་མེད་པ་བཅས་ཀྱི་ཐོབ་ཐང་ཆེན་པོ་གསུམ་ཡོད་པ་ནི། འཚོ་གནས་ཀྱི་ཐོབ་ཐང་དང་། རང་དབང་གི་ཐོབ་ཐང་། བདེ་སྐྱིད་འཚོལ་བསྙེག་གི་ཐོབ་ཐང་བཅས་ཡིན་ལ། “རྣམ་པ་ཅི་རིགས་ཀྱི་གཞུང་ཞིག་གིས་གོང་གི་གཞི་རྩའི་ཐོབ་ཐང་འདི་གསུལ་པོ་མངོན་དུ་མི་འགྱུར་བའི་གཏོར་རྒོལ་བརྩམས་པ་ཡིན་ན། འབངས་མི་རྣམས་ལ་གཞུང་དེ་གཏོར་ནས་གསར་བ་འཛུགས་རྒྱུའི་ཐོབ་ཐང་ཡོད་”ཞེས་འཁོད་ཡོད། དེའི་དབང་གིས། ཨ་རིས་ཡུལ་མི་ཚང་མར་མདའ་གྲི་མདུང་གསུམ་ཉར་ཆོག་པ། རྩ་ཁྲིམས་ནང་ནན་ཏན་ངང་བཀོད་ཡོད་པ་དང་། མི་ཚང་མས་མཁྱེན་གསལ་ལྟར།
ཨ་རིའི་རྩ་ཁྲིམས་ཀྱི་གྲོས་འཆམ་ཚིག་སྦྱོར་དང་པོར། གཏམ་བརྗོད་རང་དབང་དང་། གསར་འགྱུར་རང་དབང་། ཆོས་དད་རང་དབང་བཅས་གཞི་རྩའི་ཐོང་ཐང་གསུམ་པོ་འདི་ཁག་ཐེག་བྱས་ཡོད་ལ། གྲོས་འཆམ་ཚིག་སྦྱོར་གཉིས་པར། འབངས་མིས་དྲག་ཆས་སྤྲས་ཆོག་པའི་ཐོང་ཐང་ཡོད་པའང་ཁག་ཐེག་བྱས་ཡོད་ན། དྲག་ཆས་མི་སེར་ཀྱིས་སྤྲས་ཆོག་པ་དེས། དགོས་གལ་བྱུང་ཚེ“གསར་བརྗེ”སམ་“དྲག་པོའི་གསར་བརྗེ”ལ་བརྟེན་ནས་ལོག་སྤྱོད་དབང་བསྒྱུར་གྱི་གཞུང་གང་དེ་མགོ་རྟིང་སློགས་རྒྱུའི་མཐུན་རྐྱེན་སྤྱར་བ་ཞིག་ཡིན། སོང་ཙང་ཨ་རིར་མེ་མདའ་བརྒྱབ་ནས་མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་ཅི་འདྲའི་ཚབ་ཆེན་བྱུང་རུང་། ཨ་རི་བ་རྣམས་ཀྱིས་ག་དུས་ཡིན་ཡང་རྩ་ཁྲིམས་ཀྱི་བརྗོད་ཚིག་བཟོ་བཅོས་བརྒྱབ་ཏེ། འབངས་མིས་གོ་མཚོན་ཉར་ཆོག་པའི་ཐོང་ཐང་འཕྲོག་རྒྱུར་མོས་མཐུན་བྱ་མི་སྲིད་པ་གང་ཞིག་ལ། དེང་སང་ཨ་རིར་མི་གྲངས་དུང་ཕྱུར་གསུམ་ཡོད་པའི་ནང་། དམངས་ཁྲོད་ན་མེ་མདའ་དུང་ཕྱུར་གཉིས་དང་ཁྲི་སྟོང་ཕྲག་ལྔ་ཡོད་ཙང་། མདོར་ན་མེ་རེ་ལག་ན་མེ་མདའ་རེ་ཡོད།
ཨ་རིའི་རྒྱལ་ས་ཝ་ཞིན་ཊོན་གྱི་ཇི་ཁི་ཞོན་འགྲེམ་སྟོན་ཁང་ལ་གཟིགས་སྐོར་བྱེད་མྱོང་མཁན་གྱི་མི་ཞིག་ཡིན་ན། འགྲེམ་སྟོན་ཁང་དེའི་ལྡེབ་ངོར་<<རང་བཙན་བསྒྲགས་གཏམ>>ཀྱི་མ་ཟིན་བྲིས་ཡོད་པ་ཧ་ལམ་དྲན་སྲིད། ལྡེབ་རིས་དེའི་ནང་ཨ་རིའི་སྲིད་འཛིན་ལས་ཐོག་གསུམ་པས་“ངས་ལྷ་ཁང་ནང་དཀོན་མཆོག་གི་མདུན་ནས། རྣམ་པ་ཅི་རིགས་ཀྱིས་འགྲོ་བ་མིའི་རིགས་ཀྱི་མངོན་འདོད་རྡོག་རོལ་གཏོང་མཁན་གྱི་ལོག་སྤྱོད་སྲིད་གཞུང་རྣམས་ལ།དུས་ནམ་ཡང་རྒོལ་ལན་རྩོམ་རྒྱུ་ཡིན་པ་དམ་བཅས་པ་ཡིན་”ཞེས་ཀྱང་གསུངས་ཡོད།
དེ་ལྟ་ན། ལོག་སྤྱོད་དབང་བསྒྱུར་འོག མི་སེར་རྣམས་ལ་རང་སྲུང་གི་དབང་ཆ་དང་། གྱེན་ལོག་གི་དབང་ཆ།ཐ་ན་དྲག་ཤུགས་ཀྱིས་གྱེན་འོག་བརྒྱབ་ཆོག་པའི་དབང་ཆ་ཡོད་པ་གང་ཞིག་ལ། བྱུང་ན་ཨ་རིའི་སྔོན་གཤེགས་དམ་པ་ཚོ་ནང་བཞིན། དྲག་པའི་གསར་བརྗེ་ལམ་ཁར་བསྐྱོད་ནས་ལོག་སྤྱོད་སྲིད་དབང་མགོ་རྟེང་སློགས་རྒྱུའི་དབང་ཆ་ཡོད་ཡོད་པ་རེད། དཔེར་ན། མང་ཚོགས་ལ་དྲག་པོའི་སྟོབས་ཤུགས་འདེངས་ངེས་ཤིག་ཡོད་ན། རྒྱ་ནག་མི་མང་གི་མགོ་ཐོག་ནས་ནག་ཉེས་ནམ་མཁར་མི་ཤོངས་བ་བསག་མཁན་གྱི་དམར་ཤོག་གཞུང་གན་མགོ་རྟིང་སློགས་པ་ཡིན་ན། དེ་ནི་རྦད་དེ་ཁྲིམས་མཐུན་རང་ཡིན།
འོན་ཀྱང་། བློ་ཕམ་པ་ཞིག་ལ་རྒྱ་ནག་གི་རིག་གནས་པ་ཚོའི་ཁྲོད་དུའང་ཆེས་རྒྱུན་འབྱམས་སུ་གྱུར་བའི་འབོད་ཚིག་ཅིག་ནི། དམར་ཤོག་གི་སྒེར་གཅོད་སྒྲིག་འཛུགས་རྩ་གཏོར་བཏང་བ་ཡིན་ན། དེ་ནི་དྲག་སྤྱོད་ཀྱི་གསར་བརྗེ་ལ་མཚུངས་བསྡུར་བྱེད་པ་དང་། དེ་ག་ནང་བཞིན་རྒྱ་དམར་གཞུང་ཕྱོགས་ནས་ཀྱང་ཁོ་པ་ཚོའི་སྒེར་གཅོད་ལམ་ལུགས་དེ་མཇུག་སྒྲིམ་པ་ཡིན་ན། དེ་ནི་རྒྱལ་ཁབ་མགོ་རྟིང་སློགས་པ་ཞིག་ལ་མཚུངས་བསྡུར་བྱེད་ཀྱིན་ཡོད་ལ།བཤད་སྟངས་འདི་གཉིས་འབབ་སྟེགས་གཅིག་གི་ཐོག་ཟག་སོང་བས་ན།རྐྱེན་དེས་ཇི་ལྟར་བྱས་ཀྱང་ད་བར་དམར་ཤོག་གཞུང་གན་རྩ་རྫོགས་མ་ཐུབ་རྟོགས་ཆོག
ད་ལྟའི་རྒྱ་ནག་གི་གནས་སྟངས་ལ་གཞིགས་ནས་སྐད་ཆ་དྲང་མོར་བཤད་ན།མི་གྲངས་དུང་ཕྱུར་གསུམ་ཡོད་པའི་ནང་གི་མང་ཆེས་པ་ཡཱང་ཅ་འདྲ་འདྲ་རྐྱང་ཡིན་རྒྱུ་ན། མི་གསོད་ཁྲག་སྤྱོར་གྱི་རྙོག་འཛིངས་ལངས་བསྡད་ཡོད་པའི་ཁ་ཐུག་ལ་དཀྲོགས་མགོ་ཅུང་ཞིག་སླངས་ཚེ། གཅིག་བྱས་ན་དམིགས་འབེན་ཡོད་པའི་ཕྱོགས་སུ་འཕེལ་སྲིད་ཀྱང་། དེང་གི་རྒྱ་ནག་ནང་སྤོབས་པ་ཆེན་པོའི་ལོག་སྤྱོད་གཞུང་ལ་རྒོལ་བ་རྩོམ་ཐུབ་མཁན་གྱི་མི་ཧ་ཅང་ཉུང་ཞིང་། རྫ་རྫུའི་ངང་བྲན་གཡོག་བྱས་ནས་འདུག་རྒྱུ་ལས་ཅི་གང་མི་འཇོན་མཁན་ཧ་ཅང་མང་། དེ་བས་ཁ་རྒྱ་ནག་ལ་འཁོར་ནས་“འཚེ་མིད་ཞི་བ”དྲིལ་བསྒྲགས་ཀྱིན་པ་དེ་ནི། མེད་པ་ཞིག་ཡོད་མདོག་མདོག་གི་ཟོལ་རྫུ་ཙམ་ལས་ཅི།
འདི་ལྟར་བཤད་ན། མི་ཁ་ཤས་ཀྱིས་གྷན་དྷེ་དང་། མཱ་དེན་ལོ་ཏི་ཁན་སོགས་ལུང་དྲངས་ཏེ་ཁོ་བོ་ཅག་གི་“ཞི་བདེ་དང་། འཚེ་བ་མེད་པ”སོགས་ཀྱི་ལྟ་གྲུབ་ལམ་སློངས་བྱུང་ཡོད་པས། ང་ཚོ་ཅིས་ཕྱིར་ཁོང་ཚོའི་རྗེས་སུ་འབྲངས་མ་ཆོག་པ་རེད་ཟེར་སྲིད་མོད། རེད་དེ། འདི་ལྟར་བཤད་མཁན་ཚོས་གནད་དོན་གྱི་ཕྱོགས་གཞན་ཞིག་ལ་དོ་སྣང་མ་བྱུང་བའམ། ཡང་ན་རྐང་བཙུགས་ནས་གཡོལ་ཐབས་བྱས་ཡོད་པའི་དོན་དངོས་ཤིག་ནི། གྷན་དྷེ་སོགས་ཀྱིས་ཁ་གཏད་གཅོག་ས་དམངས་གཙོའི་གཞུང་ཡིན་ལ། གཙོ་བོ་བསམ་བློ་གཏོང་ཤེས་པའི་དམངས་གཙོའི་གཞུང་ཞིག་ལ་གདོང་གཏད་པ་ཡིན་སྟབས། ད་གཟོད་བྱེད་ཐབས་དེ་ལམ་འགྲོ་བྱུང་བ་ལས། ཁོ་ཚོར་བཟོད་བསྲན་གྱི་ནུས་ཤུགས་ཡན་གར་བ་ཞིག་ཡོད་པས་ག་ལ་ཡིན། སྒེར་གཅོད་གཞུང་གི་ལ་ཁ་གཏད་གཅོག་དགོས་ཕྱིན་གནས་སྟངས་རྦད་དེ་ཐ་དད་རེད། དཔེར་ན་དུས་རབས་ཕྱེད་ཀ་ཞིག་ལ་འཚེ་མེད་ཞི་བ་རྐྱང་གསུངས་མཁན་ཏཱ་ལའི་བླ་མ་མཆོག་གི་ཐུགས་རེ་ད་དུང་འགྲུབ་མི་འདུག་གཱ
དེ་རིང་རྒྱ་ནག་ནང་རང་སྲུང་ལས་འགུལ་གྱིས་མཚོན། ངོ་རྒོལ་གྱི་རྣམ་པའི་ལས་འགུལ་སྣ་ཚོགས་བྱུང་གི་ཡོད་ལ། དེ་དག་གིས་སྒེར་གཅོད་གཞུང་དེ་མགོ་རྟིང་སློགས་རྒྱུར་ཕན་ཐོག་ཡོད་པ་གོར་མ་ཆགས་མོད། མི་ཁ་ཤས་ཀྱིས་རང་སྲུང་གི་ལས་འགུལ་སྒང་ལ་“འཚེ་མེད་ཞི་བ”ཟེར་བའི་མིང་འདོག་བྱེད་ཀྱིན་པའི་ཁར། ལས་འགུལ་ཡོད་ཚད་“འཚེ་བ་དང་། འཚེ་བ་མེད་པ”གཉིས་ཀྱི་འདུ་ཤེས་ཀྱིས་བཅད་མཚམས་བཟོ་བཞིན་ཡོད་ལ། ཡང་ཁ་ཞོར་ཡན་པའི་སྐད་ཆ་བཤད་ནས། སྒྲིག་འཛུགས་ནང་ཁུལ་ནས་བཅོས་བསྒྱུར་བྱ་རྒྱུ་དང་། གཤིས་འཇམ་ངང་རང་སྲུང་བྱ་རྒྱུ་ནི་ད་གཟོད་“ཚད་མཐོ་བ”དང་“དཔལ་ཡོན་ལྡན་པ”ཞིག་ཡིན་པ་ལས། ངར་ཤུགས་ཀྱི་རྣམ་པའི་ཐོག་ངོ་རྒོལ་བྱེད་མཁན་ནི་དྲག་པོའི་གསར་བརྗེ་ཡིན་སྐད་དང་། དྲག་པོའི་གསར་བརྗེ་ནི་ཁྲིམས་མཐུན་མ་ཡིན་པ་ཞིག་ལ་སྒྲུབ་ཁུལ་བྱེད།
མདོར་ན། དེ་རིང་གི་རྒྱ་ཡུལ་ན་དྲག་པོའི་གསར་བརྗེ་ཟེར་བའི་གྲིབ་མ་ཙམ་ཡང་མེད་པའི་གནས་སྟངས་འོག མི་ཁ་ཤས་ཤིག་གིས་གྷན་དྷེ་སོགས་ཀྱི་ཟེར་རྗེས་ལ་འབྲངས་ནས་“འཚེ་མེད་ཞི་བའི”ལས་འགུལ་གྱི་འབོད་ཚིག་མཐོན་པོར་དཀྲོགས་ཀྱིན་པ་དེས།མི་རྣམས་ཀྱི་ངང་རྒྱུད་ནས་དམར་ཤོག་གཞུང་མགོ་རྟིང་སློགས་རྒྱུའི་སྤོབས་དང་། ངར་ཤུགས། ཆོད་བསམ་བཅས་པ་ཉམ་་དམས་སུ་གཏོང་བཞིན་པའི་ཁར། ད་དུང་བརྗོད་བབ་དེ་དག་ལོག་སྤྱོད་སྲིད་གཞུང་མཇུག་སྒྲིལ་རྒྱུའི་འགོག་རྐྱེན་ཀྱི་རྒྱུ་རུ་འཕེལ་བཞིན་ཡོད།།
ཚོ་ཁྲང་ཆིན་གྱིས། སྤྱི་ལོ༢༠༡༠ལོའི་ཟླ་༢ཚེས་༡༠ ལ་ཨ་རི་ནས།
[བསྒྱུར་མཁན་མཆན: 1ཡཱང་ཅ་ནི་ཕོ་གསར་དར་མ་ཞིག་ཡིན་ལ། རུས་རྒྱ་རིགས་རེད། ཁོང་ལ་ཧྲིང་ཧེ་གྲོང་ཁྱེར་ཙ་པེ་ས་ཁུལ་ཡན་ལག་ཉེན་རྟོག་རུ་ཁག་གིས་ལྕགས་རྟ་ཞིག་རྐུས་པའི་མ་ཉེས་ཁ་གཡོག་ངང་ཉེས་རྡུང་བཏང་བར་བརྟེན། ཁོས་སྙིང་ནད་རྩོད་ཆེད་སྤྱི་ལོ་ ༢༠༠༨ ལོའི་ཟླ་ ༧ ཚེས་ ༡ ཉིན་ཉེན་རྟོག་རུ་ཁག་དེའི་ཐོག་ཁང་ནས་གསང་སྟབས་ཀྱིས་འཛུལ་བ་དང་། དེ་མུར་རྩེ་གྲི་བཏོན་ཏེ་ཉེན་རྟོག་པ་དྲུག་ཁ་ཐུག་རང་ནས་བསད་པ་མ་ཟད། ཉེན་རྟོག་པ་ལྔ་ལ་རྨས་སྐྱོན་ཚབས་ཆེན་བཏང་། རྗེས་སུ་ཁོང་གཞུང་གི་ལག་པར་ཐེབས་ནས་ ༢༠༠༨ ལོའི་ཟླ་ ༡༡ ཚེས་ ༢༦ ཉིན་སྲོག་ཐོག་ལ་བཏང་བ་རེད། གྱོད་གཞི་དེར་འཛམ་གླིང་གང་སར་སྐད་གྲགས་ཁྱབ་པ་དང་། གཞུང་གི་ལོག་སྤྱོད་དབང་བསྒྱུར་ལ་སུན་སྣང་སྐྱེས་ཡོད་པའི་མི་སེར་རྣམས་ཀྱིས། ཡཱང་ཅ་ལ་དུས་རབས་གསར་བའི་དཔའ་བོ་ཝུའུ་སོང་རེད་ཅེས་སྟོད་བསྔགས་འཐེན་བཞིན་ཡོད།
2རྩོམ་འདིའི་མགོ་བརྗོད་རྒྱ་ནག་ལ་“དྲག་པོའི་གསར་བརྗེ་”ཡོད་དམ། ཞེས་རྩོམ་པ་པོས་བཀོད་འདུག་ཀྱང་། ཕྲན་གྱིས་བོད་རིགས་ཀློག་བ་བོ་རྣམས་ལ་སྤྲོ་མཚར་རྒྱས་ཕྱིར་རྩོམ་་གྱི་ནང་དོན་གཞིར་བཞག་ཐོག་འགྱུར་རྩོམ་མགོ་བརྗོད་ལ་འཚེ་མེད་ཞི་བ་དཀྲོགས་པའི་ཉེས་པ་ཞེས་བཏགས་ཡོད་ན། དེ་ལུགས་ཐུགས་འཇག་འཚལ།
3མ་ཡིག་དགོས་ཚེ་དྲ་ཚིགས་ (http://caochangqing.com་http://twitter.com/caochangqing)འདི་གཉིས་ལ་ཕེབས་རོགས ]
ཁ་གདངས་མིག་གཅེར་ཞིག་ལ་མིར་ཅི་ཁག་འདྲེའང་རེ་བཞིན་པ་འདི་ཡག་རྟགས་ངན་རྟགས་གང་ཡིན་ཆ་མ་འཚལ་ལོ།
ཚིག་སྦྱོར་ལ་ལ་ཞིག་ལ་བལྟས་ན་་་ ལྕེ་མནར་ནས་སྟོད་སྒུར་བ་་་འི་རྣམ་པ་ཞིག་ཐོན་ཡོང་གིན་འདུག་ལགས། ཧ ཧ ཧ ཧ ཀུ་རེ་ཡིན།
རྩོམ་ཡིག་ཡག་པོ་རེད། བསམ་བློ་གསར་བ་རེད། སློབ་སྦྱོང་བྱེད་འོས་མཐོང་།
རྩོམ་འདི་སྒྱུར་བ་བོ་ཀླུང་མཁར་བྱམས་ལ་ཐུགས་རྗེ་ཆེ་ཞུ། གནད་གང་ཞིག་ལ་ཁ་གཏོད་པ་ཡིན་ན་རང་གི་འཇོན་ནུས་ལྷང་ལ་ཕུད་དགོས་པ་རེད། དམངས་གཙོ་དང་ལེན་བྱེད་པ་དང་དམར་བོར་དགག་པ་ཅི་ལྟར་བརྒྱགས་དགོས་པའི་ཤེས་འཇོན་གྱི་རིག་པ་བརྡར་སའི་གཞུང་ལུགས་དང་བསླབ་དེབ་ཅི་ཡང་མེད་པར། མིག་གིས་ཆོས་དཔེ་ལ་བལྟས། ཁ་ནས་མ་ཎི་བཟློས་པ་ཙམ་གྱིས་གར་ཡང་འཇོན་གི་མ་རེད། རིགས་གཅིག་རྐང་འཛིན་མེད་པའི་རྒྱུ་རྐྱེན་ཡང་ས་གནམ་ལ་ཕྱར་ན་རྡོ་ལྷང་ལ་ཕུད་པའི་ཚུལ་དུ་འོང་བ་དེ་རེད། ཆེད་ལས་གཅིག་གིས་ཆེད་ལས་ཡོངས་རྫོགས་ཀྱི་ཚབ་བྱ་ཐུབ་པར་འདོད་པའི་ད་སྔའི་བར་གྱི་བོད་ཀྱི་མཁས་པའི་འདུ་ཤེས་འཁྲུལ་བ་ཅན་དེ་ངོས་ལེན་པའི་དུས་ལ་བབ་ཡོད་འདུག
ང་ཚོས་མི་རིགས་གཞན་གྱི་རྩོམ་པ་པོ་དང། དཔྱད་བརྗོད་པ་ཚོས་བྲིས་པའི་ཆེད་རྩོམ་འདིའི་རིགས་གང་མང་ཀློག་དགོས་ཀྱི་འདུག ཁོང་ཚོར་བསམ་བློ་སྒོ་འབྱེད་ཀྱི་ནུས་པ་ཡོད་མེད་ཇི་ལྟར་ཡང་། ལྟ་ཚུལ་ཅུང་མི་འདྲ་བ་མང་ཙམ་གྱི་རྒྱུ་ཆ་གསོག་འཇོག་ཐུབ་ངེས་རེད།
སྐབས་འདིར་དོན་ནོར་ཐེབས་མི་མྱོང་ངམ་སྙམ་པ་ཞིག་སྟེ། མི་གྲངས་དུང་ཕྱུར་བཅུ་གསུམ་ཞེས་པར་དུང་ཕྱུར་གསུམ་ཞེས་དང་། མཇུག་མཐར་འབོད་ཚིག་མཐོན་པོར་སྒྲོག་གིན་པ་ཞེས་པར་དཀྲོགས་ཀྱིན་པ་ཞེས། རྟགས་ནོར་ཤོར་འདུག