བཅར་འདྲི་ཞུ་ཡུལ། དགེ་འདུན་རབ་གསལ།
བཅར་འདྲི་ཞུ་མཁན། རིག་འབྱུང་དོན་གྲུབ་བཀྲ་ཤིས།
དྲི་བ། ཁྱེད་རང་ཨིན་ཌི་ཡ་ན་ཆེས་མཐོའི་གཙུག་ལག་སློབ་ཁང་དུ་བོད་ཀྱི་སྐད་ཡིག་གི་དགེ་རྒན་ཞིག་ཡིན་པའི་ཆ་ནས། བོད་ཀྱི་སྐད་ཡིག་སློབ་འཁྲིད་བྱེད་དུས་དཀའ་ངལ་གཙོ་བོ་དེ་གང་འཕྲད་ཀྱི་འདུག་གམ།
ལན། བོད་ཀྱི་སྐད་ཡིག་འདི་སྐད་ཡིག་གཉིས་པ་ཞིག་གི་ཚུལ་དུ་སློབ་འཁྲིད་བྱེད་སྐབས་དཀའ་ངལ་མང་པོ་འདུག འདྲ་མི་འདྲ་འདུག དཀའ་ངལ་གཅིག་ནི་ཀློག་དེབ་ཀྱི་དཀའ་ངལ་རེད། དེང་སང་གི་སྐད་ཡིག་ཕལ་ཆེ་བ་ལ། རང་རང་གི་སྐད་ཡིག་དེ་སྐད་ཡིག་གཉིས་པ་ཞིག་གི་ཚུལ་དུ་སློབ་འཁྲིད་བྱེད་པའི་ཀློག་དེབ་ཚད་དང་ལྡན་པ་ཡོད་པ་རེད། དེ་ཡང་། བརྗོད་གཞི་སྡེ་ཁག་དཔེར་ན་འཚམས་འདྲི། འཛིན་ཁང་། ཟས་ཀྱི་སྡེ་ཚན་སོགས་རེ་རེ་བཞིན་སློབ་སྐབས་ཀྱི་དུས་ཡུན་ལ་ཆ་བགོས་བྱས་ནས། དེ་དང་ལྷན་དུ་འགྲོ་ཐུབ་པའི་བརྡ་སྤྲོད་ཕྲད་ཀྱི་འགྲོ་ལུགས། སྦྱོང་བརྡར་གྱི་རིམ་པ། དེ་ཡང་བཤད་རྒྱུ་དང་འབྲི་རྒྱུ། ཀློག་རྒྱུ་དང་ཉན་རྒྱུ་བཅས་རིགས་བཞིར་བགོས་ནས། སློབ་སྐབས་གཅིག་ལ་སྐད་ཡིག་སློབ་སྦྱོང་བྱས་རྗེས་ སྐད་དེ་ཉན་བཤད་འབྲི་ཀློག་གི་ཆུ་ཚད་ཀྱང་དམའ་ས་ནས་མཐོ་ས་ལ་འགྲོ་བ་ཞིག་བཟོས་འདུག བོད་སྐད་དེ་ཡོད་མ་རེད། ཀློག་དེབ་ཡོད་པ་དེ་ཚོ་ཡང་ཕན་ཚུན་མི་མཚུངས་པ་དང་གོ་རིམ་མེད་པ་དེ་འདྲ་རེད། འདི་ང་ལ་མཚོན་ན་དཀའ་ངལ་ཞིག་རེད།
དྲི་བ། བོད་ཀྱི་བརྡ་སྤྲོད་པར་འཕྲད་བཞིན་པའི་དཀའ་ངལ་འདི་དག་གི་འབྱུང་རྩ་་གང་རེད་བསམ་གྱི་འདུག
ལན། ཁ་སྐད་དང་ཡིག་སྐད་གཉིས་ཀྱི་བར་ཐག་རིང་འདུག་ཟེར་ཡག་དེ་དགེ་འདུན་ཆོས་འཕེལ་གྱི་དུས་ནས་བཤད་ཡོད་པ་རེད། ད་སྔོན་ཆད་བོད་ཀྱི་སྐད་ཡིག་གི་ཐད་ནས་འབྲི་ཀློག་གི་ཕྱོགས་དེ་ཤུགས་ཆེན་པོར་ཆོས་ཀྱི་ཐོག་བཀོལ་ཡོད་པ་རེད། ད་ལྟ་དེ་འདྲ་མ་རེད། སྐད་ཡིག་འདི་བཀོལ་ས་དང་བཀོལ་མཁན་གཉིས་ཀ་འགྱུར་ཚར་བ་རེད། ད་ང་ཚོའི་མདུན་ན་ཡོད་པའི་བརྗོད་བྱ་ཡོད་ཚད་ལ་ བོད་ཡིག་ཏུ་འབྲི་གི་ཡིན་ཟེར་ཡོང་དུས། སྐད་ནང་ལ་ཡོད་པ། ཡི་གེར་འབྲི་ལུགས་མེད་པ་དེ་འདྲ་མང་པོ་ཐོན་ཡོང་པ་རེད། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་ཀྱང་རྩོམ་ཡིག་ཅིག་ཏུ་ལྷ་སའི་ཁ་སྐད་འབྲི་མཁན་ཚོར་བཀའ་བཀྱོན་ཚ་ཐག་ཆོད་ཅིག་བཏང་འདུག ལྷ་སའི་ཁ་སྐད་འབྲི་མཁན་ཚོས་ ཡོའོ་རས། ཡོའོ་མ་རས་འདྲ་པོ་བྲིས་ཡོང་གི་ཡོད་པ་རེད། ཁག་ཡོད་མ་རེད། རྗོད་པའི་དུས་གསུམ་གྱི་འགྲོ་ལུགས་དང་། དེ་བཞིན་ཁྱད་ཆོས་ཀྱི་རིམ་པ་བསྡུར་ཚུལ་དཔེར་ན། གསར་པ། གསར་ར། གསར་ཤོས། ཇེ་གསར་སོགས་ཀྱི་འགྲོ་ཚུལ་དེ་གཞུང་ནང་ན་མེད་པ་རེད། བྱས་ཙང་། རང་རང་གི་བསམ་ཚུལ་རེ་བྲིས་ནས་འཁྱེར་ཡོང་གི་ཡོད་པ་རེད། དེ་འདྲ་སོང་ཙང་། དཀའ་ངལ་གྱི་འབྱུང་རྩ་དེ་ སྐད་དང་མཐུན་པའི་བརྡ་སྤྲོད་ཀྱི་རྣམ་གཞག་ཆ་ཚང་བ་ཞིག་མེད་སོང་བ་དེ་རེད་བསམས་གི་འདུག
དྲི་བ། དེ་དག་ལ་ལེགས་བཅོས་གཏོང་སའི་ལམ་ཁ་མཐོང་གི་འདུག་གམ།
ལན། ལེགས་བཅོས་གཏོང་སའི་ལམ་ཁ་ལོས་ཡོད། ཨ་ཁུ་དམུ་དགེ་ཚང་གི་གསུང་ཞིག་ན་ཕྲད་ཀྱི་རིམ་པ་གསར་པ་སྐོར་ཞིག་གི་ངོ་བོ་མཚན་གཞི་དང་བཅས་པ་བཞག་འདུག དེ་བཞིན་ཨ་ཁུ་བསམ་གཏན་ཞུ་བ་དག་ཡིག་གསར་བསྒྲིགས་རྩོམ་མཁན་དེ་བ་ཚང་གིས་བྱ་ཚིག་རྗེས་མཐུན་པ་དང་དེ་བཞིན་རྒྱན་ཚིག་ཟེར་བ་སོགས་ཐོག་མར་ངོས་འཛིན་གནང་བ་རེད་ཟེར། ད་དེ་ཚོ་ལ་སྣོན་པ་དང་དབྱེ་ཞིབ་བྱས་ནས། ཁ་ཇེ་ཚང་ལ་གཏོང་དགོས་པ་རེད་དྲན་གི་འདུག
དྲི་བ། གལ་སྲིད་ལེགས་གཅོས་གཏོང་བ་ཡིན་ན། ལེགས་བཅོས་ཀྱི་འགོ་གང་ནས་འཛུགས་དགོས་རེད་བསམ་གྱི་འདུག
ལན། ལེགས་བཅོས་ཀྱི་མགོ་དེ་གོང་དུ་ཞུས་པ་བཞིན་བཙུགས་ཡོད་རེད། ད་དེ་དག་ལ་སྣོན་པ་རྒྱག་དགོས་པ་རེད་དྲན། ང་ཚོ་ལ་འབྲེལ་སྒྲ་ཡོད་རེད། འབྲེལ་སྒྲ་དེ་ཕྲད་ལྔ་དེ་ཇི་ལྟར་སྦྱོར་ཚུལ་དེ་རེད། ད་འབྲེལ་བ་ཅན་གྱི་རྗོད་པ་ཟེར་བ་ཞིག་ཡོད་དགོས་པ་རེད་དྲན། དཔེར་ན། “དགེ་རྒན་འདིས་ཡི་གེ་བྲིས་པ་རེད། ཡི་གེ་དེ་ང་ལ་སྤྲད་པ་རེད།”ཅེས་བཤད་ན་རྗོད་པ་དུམ་བུ་གཉིས་རེད། ད་ “དགེ་རྒན་གྱིས་བྲིས་པའི་ཡི་གེ་དེ་ང་ལ་སྤྲད་པ་རེད།”ཅེས་བྲིས་ན་འབྲེལ་བ་ཅན་གྱི་རྗོད་དུམ་གཉིས་གཅིག་ཏུ་བསྡུས་པ་རེད། ད་དེ་འདྲ་ཞིག་རེད།
དྲི་བ། དཀའ་ངལ་ཡོད་པ་དང་དེ་ལ་ལེགས་བཅོས་གཏོང་དགོས་བའི་བསམ་ཚུལ་འདི་མཁས་པ་སྔ་མ་དག་ལ་མེད་པ་དེ་འདྲ་རེད་དམ།
ལན། ཁྱོན་ནས་མ་རེད་དྲན། ད་དུང་ད་བར་དུ་ལེགས་བཅོས་གནང་གིན་གནང་གིན་ཕེབས་ཡོད་པ་རེད་དྲན། ཡོངས་གྲགས་སྐད་གསར་བཅད་ཀྱི་རིམ་པ་དེ་ཚོ་རེད། དེ་ནས་སུམ་རྟགས་ཀྱི་འགྲེལ་བཤད་དང་རྩོད་ཡིག་དེ་ཚོ་རེད། མུ་མཐུད་ནས་ཡོང་ཡོད་པ་རེད། ཡིན་ན་ཡང་། བོད་མི་ཚོས་སྐད་ཡིག་གཞན་ལ་ཉམས་མྱོང་བསགས་པ་དང་། ཕྱི་རྒྱལ་གྱི་མི་ལ་འབྲེལ་འདྲིས་བྱས་པ་ད་ལྟ་ནང་བཞིན་བྱུང་མེད་སྟབས་ད་ལྟའི་ཁ་ཚ་དགོས་གཏུགས་འདི་འདྲ་སྔོན་གྱི་མཁས་པ་ཚོ་ལ་བྱུང་ཡོད་མ་རེད་དྲན།
དྲི་བ། དེང་སང་ནུབ་ཕྱོགས་སུ་འཚར་ལོངས་བྱུང་བའི་བོད་རིགས་གཞོན་སྐྱེས་ཚོའི་ཁྲོད་ན། བོད་ཡིག་ལ་གཅོད་མཚམས་འཇོག་དགོས་རེད་ཟེར་བའི་བསམ་ཚུལ་ཞིག་ཡོད་པ་དེ་དཀའ་ངལ་རེད་དམ།
ལན། ད་སྐད་ཆ་འདི་ལ་ངས་བསམ་ཚུལ་མང་པོ་ཞིག་བཤད་པ་ཡིན། ད་མི་ཤེས། ཚིག་མཚམས་བཅད་ནས་བར་སྟོང་བཞག་པའི་ཉིན་མོ་དེ་ནས་བོད་ཡིག་འདི་ཤེས་རྒྱུའི་དཀའ་ངལ་བརྒྱ་ཆ་བཅུ་ ཉུང་དུ་འགྲོ་གི་འདུག་ཅེས་དཔང་རྟགས་ཚན་རིག་དང་མཐུན་པ་ཞིག་སྟོན་རྒྱུ་ཡོད་ན། ང་ཡང་དེའི་གྲས་ལ་འགྲོ་གི་ཡིན། བོད་ཡིག་གི་དཀའ་ངལ་དེ་དཀའ་ངལ་གཅིག་མ་རེད། མི་འདྲ་བོ་ཞིག་ཡིན་ན། ནད་པ་རེད། ན་ཚ་གཅིག་མ་རེད། ན་ཚ་མང་པོ་ཡོད་རེད། ཀློག་དཀའ་བ་དེ་ན་ཚ་གཅིག་ཡིན་སྲིད། ད་དེ་ལས་ན་ཚ་མང་ང་ཡོད་པ་རེད། དེ་ཚོ་གོང་ནས་ཞུས་ཟིན་པ་ལྟར་ཡིན།
དྲི་བ། ལེགས་བཅོས་མ་བཏང་ན་མི་འགྲིག་པའི་དཀའ་ངལ་དེ་འདྲ་ཞིག་རེད་དམ།
ལན། ལེགས་བཅོས་ཏན་ཏན་གཏོང་དགོས་རེད། ལེགས་བཅོས་གཏོང་བཞིན་ཡོད་པ་རེད། མིང་ཚིག་ཇེ་མང་ལ་འགྲོ་བཞིན་ཡོད་པ་རེད། ཕྲད་ཀྱི་རྣམ་གཞག་དེ་ཚོ་ཡང་ཇེ་མང་ལ་འགྲོ་བཞིན་ཡོད་པ་རེད།
དྲི་བ། གལ་སྲིད་བོད་ཡིག་ལ་གཅོད་མཚམས་བཞག་ནས་ལེགས་བཅོས་བཏང་བ་ཡིན་ན། དེས་ཕུགས་རྒྱང་རིང་པོར་ཕན་ཐོགས་ཀྱི་་རེད་དགོངས་ཀྱི་འདུག་གམ།
ལན། ད་འདི་ཐག་མི་ཆོད་པའི་སྐད་ཆ་ཞིག་རེད། ང་ཚོ་སྐད་ཡིག་རིག་པ་བ་དེ་འདྲ་ཡང་མ་རེད། ལེགས་བཅོས་བཏང་ན་སྐད་འདི་ལོ་ ༢༠༠ ལ་གནས་ཐུབ། མ་བཏང་ན་ ལོ་ ༡༠༠ ལས་འདུག་ཐུབ་གི་མ་རེད་ཟེར་བ་ལྟ་བུའི་ཉེན་ཁ་ཡང་མེད། ད་མི་ཤེས།
དྲི་བ། ཡང་ཁག་ཅིག་གིས། གཅོད་མཚམས་བཞག་མ་བཞག་དེ་དཀའ་ངལ་མ་རེད། དཀའ་ངལ་གཙོ་བོ་བོད་ཡིག་གི་ཡིག་སྐད་དང་ཁ་སྐད་ཀྱི་བར་ན་བར་སྟོང་ཞིག་ལྷག་བཞིན་པ་དེ་རེད་ཟེར། འདིའི་ཐོག་ལ་དགོངས་ཚུལ་ཅི་ཡོད།
ལན། འདི་ཡང་གོང་དུ་ཞུས་པ་བཞིན་རེད། ཡིག་སྐད་ཟེར་བ་འདི་ལ་ཡང་མཚམས་རེར་མཚམས་དང་ཚོད་ཅིག་འཛིན་དགོས་ཀྱི་འདུག ཏུན་ཧོང་དང་། དེ་ནས་ས་སྐྱའི་མཁས་པ་ཚོའི་གསུང་ནའང་འགའ་རེ་འདུག གྲུབ་ཆེན་ཚོའི་མགུར་དེ་འདྲ་ན་སྐད་ཆ་ཡིག་ཐོག་ན་ཡོད་པ་དེ་ཚོ། འབྲོག་རྒན་ཞིག་གིས་ད་སོ་མ་བཤད་པ་འདྲ་བ་དེ་འདྲ་འདུག ད་ཁྱབ་ཆེ་བ་དེ་ཆོས་ཀྱི་བསྟན་བཅོས་དེ་ཚོའི་འབྲི་ཚུལ་དེ་རེད། དེ་དང་ཡུལ་སྐད་བར་ན་སྟོང་ཆ་ཡོད་པ་རེད། སྟོང་ཆ་དེ་ཚོ་མཚམས་རེར་ལན་རེར་རྐང་བཙུགས་ནས་བཟོས་པ་དེ་འདྲ་ཡང་འདུག མཁས་གྲུབ་རྗེས་ཁ་སྐད་བྲིས་ན་ བུད་མེད་མཛེས་མ་ཞིག་ལ་སྣ་མེད་པ་བཞིན་རེད་གསུངས་ཡོད་དྲན།
དྲི་བ། བོད་ཀྱི་སྐད་ཡིག་ལ་ཁོར་ཡུག་མེད་པ་དང་བེད་སྤྱོད་ཀྱི་ཁྱབ་རྒྱ་ཆུང་བ། འཚོ་བ་མཁོ་སྒྲུབ་ཀྱི་ལག་ཆ་མི་ཉན་པ་སོགས་ཀྱི་བསམ་ཚུལ་འཛིན་མཁན་རིགས་ཀྱང་ཡོང་གི་འདུག འདིའི་ཐོག་ལ་དགོངས་ཚུལ་ཅི་ཡོད།
ལན། ད་འདི་དངོས་གནས་རེད། གཙོ་བོ་དེ་ལུང་པ་རང་གི་ལག་པ་ན་མེད་པ་དེ་རེད། དཔེ་མཚོན་ཐག་རིང་པོ་ལ་བཙལ་དགོས་པ་མི་འདུག འབྲུལ་ཡུལ་གཅིག་པུ་ལ་གཟིགས་ན་ཤེས་ཐུབ་པ་ཞིག་རེད།
བཅར་འདྲི་དང་ལེན་གནང་བར་ཐུགས་རྗེ་ཆེ།
བླང་དོར་བྱ་དགོས་གལ་ཡིན་པ་ཚང་མས་མཁྱེན་གསལ་རེད། འོན་ཀྱང་བར་སྟོང་དང་ཉིས་ཚེག་གཉིས་ཀ་བཀོད་ན། དཀའ་ངལ་ཡོད་ཚུལ་བཤད་པའི་དཀའ་ངལ་འགྲོལ་བར་ཕན་མི་ཐོགས། ཡང་ན་ཉིས་ཚེག་འགོད་རྒྱུ་རེད། ཡང་ན་བར་སྟོང་འཇོག་དགོས།
མ་གཞི་ནས་གལ་སྲིད་དཀའ་ངལ་དེ་སེལ་བར་ཐབས་ལམ་དེ་གཉིས་ནས་བར་སྟོང་འཇོག་པ་ལེགས། ཉིས་ཚེག་བྲིས་ལུས་པ་ཡོང་ངེས་ལ། དེ་འདྲའི་སྐབས་སུ་ཡང་དཀའ་ངལ་གསར་པ་ཞིག་འཁྲུངས་ངེས་རེད། གོང་དུ་ཀར་རྡོར་ལགས་ཀྱིས་དཔེར་བརྗོད་ཞར་དུ་མཚོན་པའི་ནང་དུའང་ཉིས་ཚེག་བཀོད་ཐབས་གནང་ཡང་། དེའི་རིགས་ཆད་པ་བྱུང་ཡོད་པ་མཐོང་གསལ་རེད། མདོར་ན། འདོད་ཚུལ་དེ་ལ་མཐའ་གཅིག་ཏུ་མོས་མཐུན་ཡོད་མཁན་རྣམས་ནས་འགྱུར་བ་དེ་ལྟ་བུ་བཏང་བས་ཕན་གནོད་ག་རེ་ཆེ་བ་སྟེར་མིན་ཐོག་ལ་ཞིབ་འཇུག་མཐིལ་ཕྱིན་གནང་གལ་ཆེ་བས། རེ་སྐུལ་ཞུ་ཡི་ཡོད། ངས་ད་ལྟ་བརྒྱ་ཆ་བརྒྱ་ཐག་བཅད་ནས་བཤད་དཀའ་བས། ཞིབ་འཇུག་ཕྲན་བུ་བྱེད་ཁུལ་ཡིན། སོང་ཙང་ཐུགས་རྗེས་གཟིགས།
གནའ་བཟང་་དེང་སྤྱོད་དང་། སྙིགས་དོར་་བཅུད་ལེན་་དགོས་ན། ཀླད་རྙིང་་འཁྲེགས་བཟུང་་དང་། གསར་གཏོད་་ལམ་བུ་་འགོག་མི་་ཉན། ཚིག་ཁྱིམ་་གཅོད་སྟངས་ལ་་འཚམས་རེས་་མཁས་པས་་ཀློག་ནོར་་ཐེབས་བགྱིད་་ཡོད་ན། གསར་བུ་བས་་སྨོས་ཅི་་དགོས། གཅོད་འཚམས་་རེས་ལ་་ཚེག་གཉིས་སམ། བར་སྟོང་ དགོས་བགྱིད ་ཡོད་པ་ བོད་ཀྱི་ སྐད་ཡིག་ མར་གྲིབ་ རང་གིས་ ཁ་བསྒྲགས་ ཡོང་བགྱིད་ ཡོད་རེད། དེ་དོན་ དགོངས་པ་ བཞེས་དགོས།
We need to translate English as a second language text books into Tibetan. In additional,Tibetan grammar need to improve as well as English grammar.
ཀརྨ་རྡོ་རྗེ་ལགས། ཀློག་བདེ་བའི་ཆེད་དུ་གཅོད་མཚམས་ཐད་དུ་ཚེག་གཉིས་འཇོག་པ་དང་། བར་སྟོང་འཇོག་པ་སོགས་ཀྱི་དགེ་སྐྱོན་གང་ཆེ་བ་ཡོད་མེད་ཞིབ་འཇུག་མཐིལ་ཕྱིན་པར་བྱས་ནས་ལག་བསྟར་ལ་འཇུག་དགོས་པ་རེད་མ་གཏོགས། སོ་སོ་ལ་བོད་ཡིག་སྦྱང་འདོད་ཀྱི་དང་བ་ཁྱོན་ནས་མེད་པས་དེ་ལྟར་དགོས་ཚུལ་འདོན་མཁན་རིགས་ལ་བརྒྱ་ཆ་བརྒྱ་ཐམ་པ་ཆ་འཇོག་བྱ་འོས་མིན། འོན་ཀྱང་ཁྱེད་ལྟར་བསམ་ཚུལ་འདོན་མཁན་བྱུང་བ་འགའ་ཤས་མཆིས།
ཡང་ཕྲད་མང་པོའི་ཚབ་ཏུ་ཕྲད་གཅིག་དགོས་ཚུལ་ཤོད་མཁན་རིགས་ལ་དེ་ཙམ་དགའ་སྣང་ཡོང་གི་མི་འདུག དེ་ལྟར་བརྒྱད་ཅུ་གྱ་གྲངས་ནང་རྒྱ་མིས་བོད་དུ་ལག་བསྟར་བྱས་པ་རེད། དེས་བོད་ཡིག་གཏོར་བཤིག་གཏོང་བ་མ་གཏོགས་ཕན་གཅིག་ཀྱང་ཐོགས་ཀྱི་མ་རེད། གཙོ་བོ་སྐད་ཡིག་གང་སྦྱོང་ཡང་། དེ་ལ་སྤྲོ་བ་མི་ཆུང་བ་དགོས། སྤྲོ་བ་དེ་ཡོད་ན་ལས་སླ་པོ་བྱས་ནས་ཤེས་ཀྱི་རེད།
དབྱིན་སྐད་དུ་ཡང་མགོ་རྙོག་པ་དེ་འདྲ་མི་ཉུང་བ་ཡོད། འོན་ཀྱང་ང་ཚོའི་ད་ལྟའི་སྤྱི་ཚོགས་སུ་ཕ་མ་རྣམས་ཀྱིས་ཕྱི་རྒྱལ་ལ་ཁ་ཕྱོགས་ནས་སོ་སོའི་བུ་ཕྲུག་ཚོར་སྐད་ཡིག་དེ་ལ་ཤུགས་སྣོན་བརྒྱབ་པ་མ་ཟད། ཕྲུ་གུ་ཚོས་ཀྱང་དང་སྣང་ཆེན་པོ་ཡོད་པར་བརྟེན། སྐད་ཡིག་དེ་ལ་རྒྱུན་ལྡན་སྒྲིག་གཞི་ལྟར་འགྲོ་དགོས་པ་གང་ཞིག སྐབས་འགར་དམིགས་བསལ་ཡིན་ཁུལ་བོད་ཡིག་ལས་མང་བ་ཡོད། འོན་ཀྱང་དེའི་རིགས་ལ་དཀའ་ངལ་མི་ཚོར་བ་ཅི་ཡིན། ང་ཚོས་འཕྲལ་གྱི་དཀའ་ངལ་ཆུང་ལ་བལྟས་ནས་འགྱུར་བ་ལམ་སང་བཏང་ན་ཅུང་མི་འཚམ་མོད། འགྱུར་བ་རྩ་བ་ནས་གཏང་ཆོག་གི་མེད་པའི་བསམ་ཚུལ་ཡང་མེད། སོང་ཙང་ཕུགས་རིང་གི་ཕན་གནོད་ཅི་ཆེ་མིན་ཐོག་ལ་དགོངས་བཞེས་གནང་དགོས་གལ་ཆེ།
ཀློག་་བདེ་བའི་་ཆེད་ དུ། གཅོད་མཚམས་་རེར་ལ་་ཚེག་གཉིས་་འཇོག་ནས་་མ་ཕན་ན། བར་སྟོང ་དགོས་རེད་ སྙམ།
ཤེས་བདེ་བའི་ཆེད་དུ། ལ་དོན་གྱི་ཕྲད་བདུན་གྱི་ཚབ་ལ། ལ་གཅིག་རྐྱང་གིས་འཐུས་པ་དང་། འབྲེལ་ཕྲད་རྙིང་པ་ལྔ་ཡི་ཚབ་ལ་་ཁྱི་་དང་། བྱེད་ཕྲད་ལྔ་ཡི་ཚབ་ལ་་ཀིས་་དང་། ལྷག་ཕྲད་གསུམ་གྱི་ཚབ་ལ་གསར་པ་་ཐེ་་བྱུང་ན་ཅི་མ་རུང་།
དགེ་འདུན་རབ་གསལ་ལགས། ཁྱེད་ཀྱིས་གསུངས་པ་བཞིན་ཕྲད་ཇེ་མང་དུ་འགྲོ་བཞིན་ཡོད་པར་མོས་མཐུན་ཞུས་ན་མ་འགྲིག་པ་མེད་དེ། ཁྱེད་ཉིད་ཀྱི་འབྲེལ་བ་ཅན་གྱི་བརྗོད་པ་དུམ་བུ་ལྟ་བུ་མཚོན་ན། “དགེ་རྒན་འདིས་ཡི་གེ་བྲིས་པ་རེད། ཡི་གེ་དེ་ང་ལ་སྤྲད་པ་རེད།”ཅེས་པ་བསྡུས་ན། “དགེ་རྒན་གྱིས་བྲིས་པའི་ཡི་གེ་དེ་ང་ལ་སྤྲད་པ་རེད།” ཅེས་པ་ལྟ་བུའི་བརྗོད་པ་སྲོལ་རྒྱུན་གྱི་ལག་ལེན་དུ་ཡོད་ཀྱང་དེའི་རིགས་ཀྱི་ཕྲད་ངོས་འཛིན་དམིགས་བསལ་མེད་པས། ཕྲད་གསར་པ་ཞིག་ཏུ་དབྱེ་འབྱེད་གནང་ཡང་འཐུས། འོན་ཀྱང་ཕྲད་ཇེ་མང་དུ་འགྲོ་བའི་དཔེ་མཚོན་དུ། ‘’དཔེ་ཆ་འདི་དཔེ་ཆ་དེ་ལས་རྙིང་ང་རེད།’’ ཅེས་པའི་དཔེར་བརྗོད་ལ་རྒྱབ་སྐྱོར་ཞུ་ཐབས་མེད་དེ། ལས་སྒྲ་ཕྲད་གསར་པར་ངོས་འཛིན་ཞུས་ན། དེ་ནི་ནོར་བ་ཡིན་ཏེ། ལས་སྒྲ་འབྱུང་ཁུངས་ནང་གསེས་དགར་བའི་ཁྲོད་ཀྱི་དགར་ཚུལ་གཅིག་ཡིན། ཡང་རྙིང་ང་ཞེས་པའི་ང་སྒྲ་ཕྲད་གསར་པར་འདོད་ཚེ། དེ་ཡང་མ་འགྲིགས་ཏེ། ང་སྒྲ་ཕལ་སྐད་ཚུལ་དུ་བཀོད་པ་ཙམ་ལས་ཡིག་སྐད་ལྟར་བཀོད་ན། རྙིང་བ་ཞེས་བྲིས་ན་བརྗོད་པ་ལ་སྐྱོན་མི་ཞུགས་པས། དཔེར་བརྗོད་གསར་པ་གཞན་ཞིག་འགོད་གལ་ཆེ།
ཡིན་ནའང་སྔོན་འགྲོ་འཛིན་གྲྭར་བོད་ཡིག་ཀློག་སྟངས་སྦྱོང་སྐབས་བར་སྟོང་བཞག་ན་ལྟ་རྒྱུ་ཞིག་ཨེ་ཡོད།
བོད་ཡིག་ལ་གོམས་འདྲིས་ཆུང་བའི་སྐྱོན་ལས་གཞན་མ་འདས།
༈ རང་སྡེ་རིགས་ལ་ཞེན་པ་དཀར་པོའི་མདངས།།
རང་བྱུང་སྙིང་གི་དབུས་ན་གནས་པ་འདིས།།
རང་ཡུལ་ཁ་བ་ཅན་ཅན་གྱི་རྗེ་འབངས་ལ།།
རང་གི་ནུས་པས་སྲིད་ཞུ་ཅུང་ཟད་བསྒྲུབས།།
མཁས་དབང་དགེ་འདུན་ཆོས་འཕེལ་ནས།
འབྲོག་རུ་ཆོས་གྲོགས་གསུང་པའི་རྒྱུ་མཚན་འདུག། གང་ཡིན་ཞེས་ན། ང་ཚོའི་སྐད་ཡིག་བེད་སྤྱོད་བྱེད་སའི་ཡུལ་ལམ་འཚོ་བའི་འདོད་ལམ་ལ་ཕན་པ་བསྐྲོན་མ་ཐུབ་ཙམ་ད་ལྟས་ནང་བཞེན་ར་མ་ལུག་གི་སྐད་འདི་ཆག་པ་རེད། ད་དུང་ཡང་གནད་འགལ་དེ་ལས་ཆེ། བསམ་ཞིབ་བྱོས།
དགོངས་འགལ་མེད་པ་ཞུ།
འབྲོག་རུ་ཆོས་གྲགས་ལགས་དང་རྭ་རྒྱ་བློ་དབང་ལགས་ཟུང་གིས་ཕྲན་ལ་དྲི་བ་བྱུང་བ་དེའི་ཐད། ཕྲད་ཇེ་མང་ལ་འགྲོ་བཞིན་ཡོད་སྐོར་བཤད་པའི་དོན་དེ་འདི་ལྟར་ཡིན། དཔེར་ན། སུམ་ཅུ་བ་དང་རྟགས་འཇུག་གི་ནང་དུ་དངོས་སུ་བསྟན་པའམ་ཡང་ན་དཔེར་བརྗོད་ཀྱི་ལག་ལེན་མེད་པ་དེ་ཚོ་ དེང་སང་གི་སྐད་ཡིག་སློབ་པའི་ཀློག་དེབ་ཁག་ཏུ་སླེབས་ཡོང་གི་འདུག་ཅེས་བཤད་པ་ཡིན། དཔེ་ཆ་འདི་དཔེ་ཆ་དེ་ལས་རྙིང་ང་རེད། ཅེས་པའི་རྗོད་པ་ལྟ་བུ་ཡིན། དེ་བཞིན་བློ་དབང་གིས་དག་གསར་ལས་ཟུར་འདོན་ཞུས་པ་དེ་དག་ལ་ཡང་བཤད་པ་ཡིན། ཐུགས་རྗེ་ཆེའོ།
དགེ་འདུན་རབ་གསལ་ལགས་ཀྱིས་་་ཕྲད་ཀྱི་རྣམ་གཞག་དེ་ཚོ་ཡང་ཇེ་མང་ལ་འགྲོ་བཞིན་ཡོད་པ་རེད། ཅེས་པ་འདིའི་གོ་དོན་ག་རེ་ཡིན་ནམ། མིང་ཚིག་ཇེ་མང་ལ་སོང་ན་ཕྲད་ཀྱི་རྣམ་གཞག་དེ་ཚོ་ཡང་ཇེ་མང་ལ་འགྲོ་བཞིན་ཡོད་པ་རེད་ཟེར། ཕྲད་ཀྱི་རྣམ་གཞག་གང་ཇེ་མང་ལ་སོང་ཡོད་པ་རེད་དམ།
ངའི་བསམ་ཚུལ་ལ། བོད་ཡིག་གི་ངལ་དཀའ་ངལ་གཙོ་བོ་དེ། བར་སྟོང་བཞག་མ་བཞག་གི་ཁྱད་པར་མ་རེད། གཙོ་བོ་བོད་སྐད་ཡིག་ལ་བེད་སྤྱོད་བྱ་སའི་ཁོར་ཡུག་མེད་སོང་བ་རེད། དཔེར་ན། ཅ་དངོས་མང་བོ་ཞིག་གི་གསལ་བཤད་བོད་ཡིག་ཐོག་ཡོད་པ་དང་། བོད་ཡིག་གིས་མི་རྣམས་ཀྱི་འཚོ་བའི་མཁོ་སྒྲུབ་བསྒྲུབ་ཐུབ་པ་ཡིན་ན། དཀའ་ངལ་དེ་ཁྱོན་ནས་འཕྲད་ཀྱི་མ་རེད། གང་ཡིན་ཟེར་ན། མི་སུ་ཞིག་ཡིན་རུང་རང་རང་གི་འཚོ་བའི་མཁོ་སྒྲུབ་དེར་འབད་བརྩོན་བྱས་པས། བོད་ཡིག་མི་ཤེས་པའི་དཀའ་ངལ་དེ་རང་བཞིན་གྱིས་སེལ་འགྲོ་བ་རེད། དེ་བས་ང་ཚོ་མི་རེ་ངོ་རེ་ནས་བོད་སྐད་ཡིག་བེད་སྤྱོད་བྱ་སའི་ཁོར་ཡུག་ཅིག་བསྐྲུན་རྒྱུ་དེ་གལ་འགངས་ཆེན་པོ་ཡིན་པས། བོད་མི་སུ་ཞིག་ཡིན་རུང་། རང་རང་ས་ནས་བོད་ཡིག་གི་དཀའ་ངལ་སེལ་ཐབས་ཀྱི་ཁོར་ཡུག་སྟེ། བོད་སྐད་ཡིག་བེད་སྤྱོད་བྱ་སའི་ཁོར་ཡུག་བཟོ་རྒྱུ་དེ་ཧ་ཅང་གལ་ཆེན་ཡིན་པས་དེ་དོན་དགོངས་འཇགས་ཡོང་བར་ཞུ།
ཁ་བྱང་འདི་ངའི་བློ་ངོར་མ་བདེ་བར་འོ་ཙམ་ལྷག མཐའ་མ་དེར། ངས་ཁ་བྱང་འདི་ལ་ངོས་ལེན་བྱས་པ་ཡིན། བོད་ཀྱི་སྐད་ཡིག་གི་དཀའ་ངལ་ཡིན་པ་འདྲ། དངོས་གནས་ཡིན་པ་འདྲ། བོད་པ་ཚོས་དེང་སྐབས་སྐད་ཡིག་འདིའི་སྟེང་ནས་དཀའ་ངལ་འཚོལ་གྱིན་འདུག དཀའ་ངལ་རྙེད་ཀྱིན་འདུག
བོད་ཡིག་གི་གཅོད་མཚམས་ཡག་པོ་ཡོང་ཆེད་བར་སྟོང་དགོས་པའི་དགོངས་ཚུལ་དེ་ནི་རང་ཉིད་ཀྱི་བོད་ཡིག་ཡག་པོ་ཀློག་མི་ཤེས་པའི་རྐྱོན་ཡིན་པ་ལས་དེ་བོད་ཡིག་རྐྱོན་མིན། གལ་ཏེ་བོད་ཡིག་ལ་བར་སྟོང་བཞག་ན་ཚགས་ལ་དགོས་པ་མེད་པར་འགྲོ་བ་དང་དེ་མེད་ན་སྔོན་འཇུག་དང་རྗེས་འཇུག་གམ་ཡང་འཇུག་ནོར་བའི་རྐྱོན་དུ་འགྲོ། སྔོན་ནས་ད་བར་བོད་ཡིག་ལ་བར་སྟོང་མེད་པར་དཀའ་ངལ་འཕྲད་མེད་ དཀའ་ངལ་ངོ་མ་དེ་བོད་པ་རང་ཉིད་ཀྱི་རང་སྐད་བེད་སྤྱོད་མ་བྱས་པ་དེས་བྱུང་བ་ཞིག་ཡིན། དཔེར་ན་ཕྲན་རང་ཉིད་གནས་སའི་རྒྱལ་ཁབ་འདིའི་ནང་བོད་པའི་ཁྱིམ་ཚང་ཁག་ཅིག་ནང་ཕ་མ་རང་ཉིད་ཀྱི་དབྱིན་སྐད་ཡར་རྒྱས་འགྲོ་ཆེད་ཕྲུ་གུར་དབྱིན་སྐད་བེད་སྤྱོད་བྱེད་པ་ལས་རང་སྐད་བེད་སྤྱོད་བྱེད་པ་ཉུང་ཉུང་ཡིན། དེ་ལྟར་སོང་དཀའ་ངལ་དེ་འཕྲད་བཞིན་ཡོད།
རེད་ཡ་དྲ་གྲོགས་པའི་རྣམ་པའི་རེ་བར་རྒྱབ་སྐྱོར་ཡོད།
འོན་ཀྱང་ང་རང་ཚོན་ན་ངོ་མ་ཁ་དཔེ་ལ་ ༼ རྒྱལ་ཁབ་མེད་ན་ཁྱིམ་ཚང་སྐྱོང་འདོད་མེད། །
ཁྱིམ་ཚང་མེད་ན་རང་ཁ་གསོ་ཐབས་མེད་པའི་༽ དཔེ་ལྟར་ངོ་མ་དཀའ་ངལ་ཆེ།
དྲྭ་མགྲོན་རྣམ་པས་བགྲོ་གླེང་ཤུགས་ཆེ་གནང་འདུག ངས་ཀྱང་འདིར་བསམ་ཚུལ་ཞིག་བཤད་འདོད་བྱུང་། བོད་ཡིག་གི་གཅོད་མཚམས་ཡག་པོ་ཡོང་ཕྱིར་བར་སྟོང་དགོས་པ་དང་མི་དགོས་པར་ཤོད་མཁན་རིགས་གཉིས་འདུག་པ་ལས་ངའི་འདོད་ཕྱོགས་ནི་ཕྱི་མ་དེ་ཡིན། རྒྱུ་མཚན་གཙོ་བོ་ཞིག་ནི་གཅོད་མཚམས་བར་སྟོང་བཞག་ནས་བོད་ཡིག་ཀློག་དགོས་པའི་བོད་ཀྱི་མི་རབས་ཤིག་དར་ཕྱིན་རྒྱ་བོད་ཀྱི་ལོ་པན་བཀའ་དྲིན་ཅན་རྣམས་ཀྱིས་བཞག་པའི་འཛམ་གླིང་གི་ནོར་བུ་༧རྒྱལ་བའི་བཀའ་བསྟན་རིག་གནས་ཆེ་ཆུང་པོ་ཏི་རི་རབ་ཀྱི་གཏོས་དང་མཉམ་པ་རྣམས་འགྲེམས་སྟོན་ཁང་ནང་དུ་བཀྲམས་པའམ་ཕྱགས་དར་ཁྲོད་ཀྱི་ཕུང་པོར་དོར་རྒྱུ་ལས་གཞན་ཅང་འགྲོ་ས་ཞིག་མ་མཐོང་། སྐད་ཡིག་གང་ཡིན་ཡང་ཡུན་རིང་གོམས་བྱང་བསྟེན་ཞིང་བཀོལ་སྤྱོད་མང་ཙམ་བྱེད་ན་རིམ་པས་ཡར་རྒྱས་འགྲོ་རྒྱུ་ཡིན་པ་རང་གཞན་ཚང་མའི་ཉམས་མྱོང་ལས་ཤེས་ངེས། འདིར་ཕེབས་དྲྭ་མགྲོན་ཕལ་ཆེར་ཞིག་བོད་ཡིག་འབྲི་ཀློག་ལ་གོམས་ཆ་ཆེན་པོ་ཡོད་པས་ཚིག་གཅོད་མཚམས་ལ་དཀའ་ངལ་ཡོད་ཀྱི་མ་རེད་དྲན། དེ་བས་གཙོ་བོ་སོ་སོས་བརྩོན་པ་བསྟེན་ནས་དོན་རྩར་བསྙེགས་ཐུབ་མིན་བལྟ་དགོས་པ་ལས་མནོག་ཆུང་ལས་ལ་གཙིགས་ཆེར་འཛིན་ནས་མི་རབས་ཕྱི་མ་དག་གིས་འཕྱ་ཞིང་འཁང་བའི་མི་རབས་ཤིག་མི་མཛད་པ་ཞུ།།
དེ་མིན། དག་ཡིག་གསར་བསྒྲིགས་ཁྲོད་ཀྱི་རྒྱན་ཚིག་དང་། བསྣན་ཚིག ཚབ་ཚིག གྲོགས་ཚིག སྦྲེལ་ཚིག སྦྱོར་ཚིག་བཅས་ལ་དགོངས་ཚུལ་ཇི་འདྲ་ཡོད་དམ། དཔེར་ན། ཤིན་ཏུ་ལྟ་བུ་རྒྱན་ཚིག་དང་། ཀྱག་ཀྱོག་ལྟ་བུ་ཡང་རྒྱན་ཚིག་རེད། གསུངས་རོགས་ཞུ།
རྒན་རབ་གསལ་ལགས་ཀྱིས་༼ཕྲད་ཀྱི་རྣམ་གཞག་དེ་ཚོ་ཡང་ཇེ་མང་ལ་འགྲོ་བཞིན་ཡོད་པ་རེད། ༽ཅེས་གསུངས་འདུག་པ་གང་ལ་དགོངས་སམ། དཔེར་ན་ཡིག་ཐོག་ཏུ་བྲིས་པའི་ཕྲད་ཀྱི་རྣམ་གཞག་གསར་པ་གང་དག་ཡོད་དམ། ཡང་ན་ཁ་སྐད་ཁྲོད་ཕྲད་ཀྱི་རིགས་ཇེ་མང་དུ་འགྲོ་བཞིན་པ་ཨེ་རེད། འདི་ནི་དོགས་འདྲི་ཞིག་ཡིན། ངས་བསམས་ན་ཕྲད་ཀྱི་རྣམས་གྲངས་དེ་ཅུང་མང་དྲགས་པ་ལྟར་སྣང་གི་འདུག དཔེར་ན། དེ་སྟེ་ཏེ། གི་ཀྱི་འི་ཡི། གིས་ཀྱིས་འིས་ཡིས་སོགས་ལྟ་བུ་རེད། གང་ལྟར་ཡང་མང་འདུག་ཟེར་ན་མང་སྐྱོན་ཆེན་པོ་ཞིག་མཐོང་དཀའ་ཡང་། གདངས་དང་གོ་དོན་ལ་འགྱུར་ལྡོག་ཆེན་པོ་མེད་ན་སྟབས་བདེར་བཏང་ཡང་མི་ཆོག་པ་ག་ལ་ཡོད་སྙམ་པ་འདུག བརྗོད་པ་སྐོར་ཞིག་གསར་དུ་གཏན་འབེབས་བྱེད་དགོས་སྐོར་གསུངས་པ་ནི་ཤིན་ཏུ་མད་དེ། ད་ལྟའི་བར་ཨ་ལགས་དོར་ཞི་ཚང་དང་། དཔའ་རིས་སངས་རྒྱས་ལགས། ལྕགས་ཐར་རྒྱལ་བཅས་ཀྱིས་བརྗོད་པ་གསར་པའི་སྐོར་ལ་རིན་ཐང་ཧ་ཅང་ཆེ་བའི་ཕྱག་དཔེ་བརྩམས་ཡོད་པ་དང་། བཙན་བྱོལ་དུའང་འདིའི་སྐོར་ལ་སྒེར་ངོས་ནས་ཞིབ་འཇུག་དང་ཚོད་ལྟ་བྱེད་བཞིན་པ་སྐོར་ཞིག་འདུག་ལ། སྤྱིའི་ཆ་ནས་རིགས་པ་གསར་པ་དང་གཞུང་ལུགས་བརྟན་ཆགས་པའི་རྣམ་པར་འགྲུབ་ལ་ཉེ་བའི་ཚོད་དུ་འདུག