མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ད་ག་རེ་བྱེད་དགོས་རེད། བསྟན་འཛིན་ཉིན་བྱེད།

བོད་ཀྱི་དུས་བབ།
༢༠༡༠/༠༤/༡༡
Share on FacebookShare on TwitterShare on EmailShare on Whatsapp

བསྟན་ འཛིན་ཉིན་བྱེད།

ད་ག་རེ་བྱེད་དགོས་རེད། བོད་ཀྱི་རང་དབང་འཐབ་རྩོད་ཐོག་བསམ་བློ་གཏོང་སྐབས་འདི་དྲན་ཡོང་གི་འདུག སྐད་འབོད་ནི་རྒྱག་གི་ཡོད་པ་རེད། དམག་ནི་བརྒྱབས་ཡོད་པ་རེད། སློབ་སྦྱོང་ནི་བྱེད་ཀྱི་ཡོད་པ་རེད། ཞི་མོལ་ནི་བྱས་ཡོད། ཕྱི་རྒྱལ་རང་དབང་ཡུལ་གྲུ་ཁག་ཏུ་བོད་དོན་དྲིལ་བསྒྲགས་ནི་བྱས་ཡོད། ལུས་སྲོག་ནི་མང་པོ་ཤོར་ཡོད།

ད་བྱེད་རྒྱུ་མེད་ན་མ་གཏོགས་ཚང་མ་བྱས་ ཚར་འདུག ཡིན་ནའི་བོད་ཀྱི་གནས་བབ་འདི་ཛ་དྲག་ཏུ་དྲག་ཏུ་འགྲོ་གི་འདུག བོད་ནང་རྒྱ་མི་མང་དུ་མང་དུ་འགྲོ་གི་འདུག བཙན་བྱོལ་ནང་བོད་རིགས་མང་དུ་མང་དུ་འགྲོ་གི་འདུག གཞིས་ལུས་དང་བཙན་བྱོལ་གཉིས་ཀའི་ནང་ར་མ་ལུག་མང་དུ་མང་དུ་འགྲོ་གི་འདུག

གཞིས་ཆགས་ནང་ལའང་སེམས་པ་མ་ཆགས། བཙན་བྱོལ་གྱི་རྒྱལ་ས་རྡ་རམ་ས་ལར་ཡང་སེམས་པ་མ་ཆགས། ཨ་རི་བདེ་བ་ཅན་གྱི་ཞིང་ཁམས་སུ་སླེབས་ཀྱང་སེམས་པ་མ་ཆགས། རྒྱ་གུང་བྲན་ཏང་གི་བཙན་རྒྱལ་རིང་ལུགས་འོག་གནས་པའི་བོད་གངས་ཅན་ལྗོངས་སུ་ འགྲོ་འདོད་མེད་ལ། འགྲོ་ཀྱང་མི་ཐུབ།

སྐྱེས་ས་རྒྱ་གར་ལ་སྐྱེས། ཕ་མ་བོད་ནས་ཡོང་། ད་ལྟ་ཨ་རིར་སྡོད། སང་ཉིན་གར་ཡོད་མི་ཤེས། སྐབས་རེར་བསམ་བློ་ཞིབ་མོར་གཏོང་སྐབས་བླ་སྲོག་མེད་པ་ལྟ་བུར་ཚོར།

དེ་ ཡང་བཙན་བྱོལ་གྱི་ངོ་བོའི་རང་བཞིན་ནི་དབང་ཤུགས་མེད་པ་དང་། བྱེད་ཐབས་མེད་པ་དེ་རེད། ངོ་བོའི་དཀའ་ངལ་ནི་དུས་རྟག་ཏུ་འཕྲད། འཛམ་གླིང་གི་མཁས་དབང་དང་རྩོམ་པ་པོ། དབུ་འཁྲིད་སུ་འདྲ་ཞིག་དང་མཉམ་དུ་མགྲོ་གླེང་བྱེད་རྒྱུའི་ཁེངས་པ་ཡོད་ནའང་། གཞུང་ལམ་དུ་འཕྲད་པའི་མི་དཀྱུས་མ་ཞིག་གིས་ཁྱེད་ག་ནས་འོང་ཞེས་པའི་དྲི་བ་སླ་ པོ་འདིར་ལན་ཚད་དང་ལྡན་པ་ཞིག་རྒྱག་མི་ཐུབ། དྲི་བ་འདིས་བོད་མི་རིགས་ཀྱི་ལོ་རྒྱུས་དང་བོད་མི་རིགས་ཀྱི་རིག་གཞུང་གི་བྱས་ཤུལ། ལོ་ངོ་མང་པོའི་རིང་སློབ་སྦྱོང་བྱས་ཏེ་བསྒྲུབས་པའི་གདེང་སྤོབས་དེ་སྐར་ཆ་ཁ་ ཤས་ནང་རྩ་མེད་དུ་བཏང་།

བོད་རེ་བས་ཕོངས། རྒྱ་དོགས་པས་ཕོངས་ཞེས་བསླབ་བྱ་གཏིང་ཟབ་ཡོད་ནའང་། བཙན་བྱོལ་ནང་སྡོད་སྐབས་རེ་བ་ཞིག་མ་རྒྱག་ཀ་མེད་ཆགས། རེ་བ་དེ་གཏོང་ཟད་དུ་འགྱུར་རྒྱུ་ཡིན་ནའང་རེ་བ་མ་རྒྱག་ཀ་མེད་ཆགས། ཨ་རིས་བོད་རང་བཙན་བསྐྲུན་པའི་རེ་བ་བརྒྱབ། རྒྱ་གར་གྱིས་བོད་རང་བཙན་བསྐྲུན་པའི་རེ་བ་བརྒྱབ། རྒྱ་ནག་ཐོར་གཞིགས་སུ་འགྲོ་བའི་རེ་བ་བརྒྱབ། རྒྱ་ནག་དམངས་གཙོར་འགྱུར་བའི་རེ་བ་བརྒྱབ།

སྒེར་ལ་མཚོན་ན། གོ་གནས་ཞིག་རེག་རྒྱུའི་རེ་བ་བརྒྱབ། ཚོང་ཞིག་རྒྱག་སྟེ་དཔལ་འབྱོར་ཞིག་གསོག་རྒྱུའི་རེ་བ་བརྒྱབ། ཨ་རིར་སོང་སྟེ་ཨ་སྒོར་གསོག་སྟེ་ཨ་རིའི་མི་སེར་ཆགས་རྒྱུའི་རེ་བ་བརྒྱབ། དཀའ་ལས་རྒྱག་མཁན་དང་བསོད་ནམས་ཅན་འགའ་ཤས་ལ་རེ་བ་དེ་རིགས་བསྒྲུབ་དང་སྒྲུབ་ བཞིན་ཡོད་ནའང་། གཞུང་ལམ་དུ་ཕྱི་མི་དཀྱུས་མ་ཞིག་གིས་ཁྱོད་ག་ནས་རེད་ཅེས་པའི་དྲི་བ་འདིར་ སྤོབས་པ་ལྡན་པའི་ཐོག་ནས་ལན་རྒྱག་ཐུབ་པ་ཞིག་ཨེ་བྱུང་། གལ་ཏེ་ལན་ཞིག་བརྒྱབ་ཀྱང་གང་ཟག་དེ་བོད་ག་པར་ཡོད་རེད། ངས་གོ་མ་མྱོང་ཞེས་བརྗོད་སྐབས་ཚོར་བ་གང་འདྲ་ཞིག་འདུག

གང་ ལྟར་བོད་ཀྱི་དབུ་འཁྲིད་རྣམས་རྒྱལ་སྤྱིའི་དབུ་འཁྲིད་མཉམ་འདྲ་མཉམ་གྱིས་ བསྐྱོད་མི་ཐུབ། བོད་ཀྱི་རྩོམ་པ་པོ་རྣམས་རྒྱལ་སྤྱིའི་རྩོམ་པ་པོ་མཉམ་འདྲ་མཉམ་གྱིས་འགྲན་མི་ ཐུབ། བོད་པའི་ཚོང་པ་རྣམས་རྒྱལ་སྤྱིའི་ཚོང་པ་མཉམ་འགྲན་མི་ཐུབ། བོད་པའི་མཛངས་མ་རྣམས་རྒྱལ་སྤྱིའི་མཛངས་མ་མཉམ་འགྲན་མི་ཐུབ། བོད་ཀྱི་རྒྱལ་དར་རྒྱལ་ཁབ་གཞན་གྱི་རྒྱལ་དར་དང་མཉམ་དུ་འཕྱར་མི་ཐུབ། བོད་མི་དཀྱུས་མ་ཞིག་རྒྱལ་ཁབ་ཚད་ལྡན་གྱི་མི་སེར་དཀྱུས་མ་ཞིག་དང་མཉམ་དུ་འགྲན་ མི་ཐུབ།

རང་ ཉིད་རང་ལ་སྤོབས་པ་ཞིག་ཡོད་མདོག་བྱེད་ཀྱང་སྐབས་རེ་ངོ་རེ་ཚ། སྐབས་རེ་འཛམ་གླིང་བཙན་བྱོལ་བའི་གྲས་ནས་ལེགས་ཤོས་སུ་ཡིན་པའི་སྤོབས་པ་སྐྱེས། སྐབས་རེ་རང་ཉིད་ལུང་མེད་བཙན་བྱོལ་བ་ཞིག་ཆགས་པར་ངོ་རེ་ཚ། སྐབས་རེ་བཙན་བྱོལ་ཞིག་ཡིན་ཅིང་རིག་གཞུང་འདྲ་མིན་ནང་སིམ་འཛུལ་བྱུང་ཡོད་སྟབས་ འཛམ་གླིང་གི་མི་སེར་ཡིན་མདོག་གིས་རང་གིས་རང་ལ་སེམས་གསོ་བཏང་། ཡིན་ནའི་བོད་རིགས་མ་ཡིན་པ་ཞིག་གིས་ཁྱོད་ག་ནས་འོང་ཞེས་བརྗོད་སྐབས་བསམ་བློ་ འདི་བྱབས་ཆུང་ཞིག་ཏུ་མཐོང་།

ཡང་ སྐབས་རེ་བོད་བཙན་པོའི་གདུང་རྒྱུད་དེ་མདོང་དམར་ཤ་གཟན་གྱི་མི་རྒྱུད་ཡིན་མདོག་ གིས་སེམས་གསོ་བཏང་། ཡང་སྐབས་རེ་བོད་ཆོས་ལྡན་ཞིང་ཁམས་ཏེ་ཞི་བདེར་དགའ་ཕེབས་ཅན་ཞིག་ཡིན་མདོག་གིས་ སེམས་གསོ་བཏང་། ཁྱེད་རྒྱ་གུང་བྲན་ཏང་ལ་གཏིང་ནད་དང་འཁོན་སེམས་ཡོད་དམ་ཞེས་བརྗོད་སྐབས། དེ་འདྲ་མེད། ཁོང་ཚོ་ཡང་འགྲོ་བ་མི་ཞིག་རེད། ཉོན་མོངས་དུག་གསུམ་གྱིས་བླུས་པ་ཞིག་རེད། ཁོང་ཚོར་སྙིང་རེ་རྗེ་ཞེས་བརྗོད་དེ་བཟང་སྤྱོད་ཀྱི་ཡོན་ཏན་ཚད་མཐོ་པོ་ཡོད་ མདོག་བྱས། ཡང་ཕྱོགས་གཞན་ཞིག་ནས་གུང་བྲན་ཏང་གིས་བོད་བཙན་བཟུང་བྱས། བོད་རིགས་དམར་གསོད་བཏང་དང་གཏོང་བཞིན་པ། རང་ཉིད་བཙན་བྱོལ་དུ་གྱར་དགོས་བྱུང་བ་སོགས་བཟོས་ཡོད་ནའང་གཏིང་ནད་དང་མཁོན་ སེམས་མེད་པའམ་མེད་མདོག་བྱས་པ་འདིར་རང་ཉིད་རང་ལ་ངོ་རེ་ཚ།

ད་ བྱེད་ཡག་དམིགས་བསལ་ཞིག་འདུག་གས། དེབ་འདྲ་ཀློག གློག་བརྙན་འདྲ་བལྟས། མ་ནི་འདྲ་གསོག ཁ་འདོན་འདྲ་བྱེད། སྐོར་བ་འདྲ་བརྒྱབ། དབུ་མའི་ལམ་དང་རང་བཙན་འཐབ་རྩོད་པ་ཚོར་ཁ་རེ་བཏང་། ཨ་རི་མཐོང་ཆེན་རེག་རྒྱུའི་དཀའ་ལས་འདྲ་རྒྱག སྐབས་རེ་སྐད་འབོད་དང་ཟད་བཅད་ངོ་རྒོལ་འདྲ་རྒྱག སྦིར་རག་འདྲ་འཐུང་། བུ་མོར་བརྙས་འདྲ་བཟོ། མཚན་ཚོགས་གོ་སྒྲིག་བྱས་ཏེ་ཕྱི་ལུགས་ཞབས་དྲོ་འདྲ་རྒྱག ཚོང་འདྲ་བརྒྱབ། རྩོམ་དང་སྙན་ངག་ཐེབས་ལྕག་རེ་བྲིས། གྲོས་ཚོགས་འདྲ་ཚོགས། ཤོ་འདྲ་བརྒྱབ། སྐྱིད་པོ་སོགས་བཏང་། མི་ཚེ་དཀྱུས་མ་ཞིག་སྐྱེལ་ཏེ་ཕྱིན།

ཡིན་ ནའི་བོད་ནང་རྒྱ་མི་མང་དུ་ མང་དུ་ཕྱིན། བཙན་བྱོལ་ནང་བོད་རིགས་མང་དུ་མང་དུ་ཕྱིན། དཔལ་འབྱོར་དང་ཟ་རྒྱུ་མཐུང་རྒྱུ་དང་གྱོན་རྒྱུ་འབེལ་པོ་དང་། བོད་སྐད་དང་དབྱིན་སྐད། ཧིན་སྐད་དང་རྒྱ་སྐད། འཇར་མན་སྐད་སོགས་རྒྱག་རྒྱུ་ཡོད་ནའང་མི་མིན་ཁྱི་མིན། ར་མིན་ལུག་མིན། བོད་མིན་རྒྱ་མིན། ཡར་མེད་མར་མེད། ཕར་མིན་ཚུར་མིན། གང་ལྟར་གཏན་ཆགས་ཀྱི་བར་དོ་འདྲ་པོ་ཞིག་ནང་ལྷུང་སོང་།།

འབྲེལ་ཡོད་གསར་འགྱུར།

Mobile App

༧རྒྱལ་དབང་ཀརྨ་པ་མཆོག་གི་འཁྲུངས་སྐར་སྲུང་གཙི་ཞུས།

སྐར་མ ༡ སྔོན་ལ།
Mobile App

ཕྱི་དྲིལ་བཀའ་བློན་མཆོག་འཇར་མན་རྒྱལ་ཁབ་ནང་གཞུང་འབྲེལ་ཕྱོགས་ཕེབས།

ཆུ་ཚོད་ ༣ སྔོན་ལ།
བོད་ཀྱི་ན་གཞོན་ཉམས་ཞིབ་པ་དཀོན་མཆོག་བསྟན་འཛིན་ལགས་ཀྱིས་ཐོན་མིའི་གཙུག་ལག་ཉིན་རེའི་རྒྱལ་སྤྱི་ཞེས་པ་གཞུང་འབྲེལ་དབུ་འབྱེད་ཀྱི་མཛད་སྒོ་འཚོགས་སོང་།
 བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༥
Mobile App

ཐོན་མིའི་གཙུག་ལག་ཉིན་རེའི་རྒྱལ་སྤྱིའི་གཞུང་འབྲེལ་དབུ་འབྱེད་གནང་།

ཆུ་ཚོད་ ༢༢ སྔོན་ལ།
Front Slider

གོ་སྟོན་དང་འབྲེལ་བའི་སེམས་ཚོར།

ཆུ་ཚོད་ ༢༣ སྔོན་ལ།
སྲིད་སྐྱོང་མཆོག་ནས་དབྱིན་ཡུལ་དང་ཡུ་རོབ་རྒྱལ་ཁབ་ཁག་ཏུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

དབྱིན་ཡུལ་དང་ཡུ་རོབ་ནང་བོད་དོན་རྒྱབ་སྐྱོར་ཤུགས་ཆེ་རུ་གཏོང་དགོས་པའི་སྐུལ་མ་གནང་འདུག

ཆུ་ཚོད་ ༢༣ སྔོན་ལ།
Mobile App

བོད་མིའི་སྒྲིག་འཛུགས་སྲ་བརྟན་དང་བཙན་བྱོལ་བོད་མི་ཁ་འཐོར་མི་འགྲོ་བའི་བསམ་འཆར། 

༢༠༢༥/༠༦/༢༤

མཆན། 13

  1. བོད་ལྗང་ says:
    ལོ་ 10 སྔོན།

    བོད་ཀྱི་ད་ལྟའི་གནས་སྟངས་ལ་བལྟས་ན་སྐབས་རེ་རེ་བ་མེད་མ་པ་ལྟ་བུ་རེད། འོན་ཀྱང་ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ན་འདི་ནི་ལོ་རྒྱུས་ཀྱིས་ང་ཚོར་སྤྲད་པའི་དྲག་པོའི་སྡུག་རྩུབ་ཀྱི་དབང་འཛིན་པར་ཞི་བའི་ལམ་ནས་རྒོལ་བའི་གཟི་བརྗིད་ཀྱི་གོ་སྐབས་ཞིག་ཀྱང་ཡིན། བོད་མིའི་ཞི་བའི་ཐབས་རྩོད་ཀྱིས་རྒྱལ་སྤྱིའི་འགྲོ་བ་མིའི་རང་དབང་འཐབ་རྩོད་ཀྱི་ལོ་རྒྱུས་ནང་བསུབ་ཐབས་མེད་པའི་གཟི་བརྗིད་ལྡན་པའི་ལོ་རྒྱུས་བྲིས་བཞིན་ཡོད། དི་ནི་ང་ཚོས་སྤོབས་པ་བྱེད་འོས་པ་ཞིག་རེད། བོད་རེ་བས་ཕོངས་ཟེར་བའི་བསླབ་བྱ་བཟང་ཡང་དོན་སྙིང་ལྡན་པའི་སྤྱི་སྒེར་གྱི་བྱ་བ་གང་ཞིག་བསྒྲུབ་ཀྱང་རེ་བ་ནི་མེད་དུ་མི་རུང་ཞིག་ཡིན། དྲང་བདེན་གྱི་གཞི་ལ་བཅོལ་བའི་ཐབས་རྩོད་ནི་དམའ་མཐར་ཡང་སྡུག་རྩུབ་དབང་བསྒྱུར་ལས་ཀྱང་རྒྱུན་གནས་ཐུབ་པ་ནི་འདས་པའི་ལོ་རྒྱུས་ནང་མང་པོ་མོང་རྒྱུ་ཡོད། ང་ཚོས་ད་ལྟའི་མི་རབས་སམ་རྗེས་མའི་མི་རབས་གསར་པའི་དུས་ཡུན་ནང་རང་དབང་སླར་གསོ་ཙམ་མ་ཡིན་པར་མི་རབས་གསུམ་བཞི་སོང་ཡང་བོད་མིའི་ཐབས་རྩོད་དེ་རྒྱུན་གནས་ཐབས་པའི་བསམ་བློ་ཞིག་གཏོང་དགོས་གལ་ཆེ་བ་མཐོང། ཨ་ཕྷི་རི་ཀའི་རྒྱལ་ཁབ་ཁག་གི་རང་དབང་ཐབས་རྩོད་ནང་སྔར་གཅོ་བོ་ཨ་རི་སོགས་རྒྱལ་ཁབ་ཁག་ནང་དྲན་གཡོག་ཏུ་བཙོངས་པའི་མི་རིགས་ནག་པོའི་མི་རབས་གསར་པས་ནུས་པ་མི་ཆུང་བ་ཞིག་ཐོན་ཡོད། དེར་བརྟེན་བཙན་བྱོལ་རང་དབང་ལུང་པའི་ནང་ཡོད་པའི་བོད་མི་ཚོས་མི་རབས་གསར་པའི་སློབ་གསོའི་བྱ་བཞག་ལ་ཐུབས་གཟབ་ཡོད་པ་མཁྱེན་ཞུ།

    Reply
  2. དབྱངས་བུ། says:
    ལོ་ 15 སྔོན།

    བསྟན་འཛིན་ཉིན་བྱེད་ལགས། མི་སུ་འདྲ་ཞིག་ཡིན་ཀྱང་འབྲི་དུས་ལས་སླ་མོས་ལས་དུས་དཀའ་མོ་མཐོང་གི་འདུག ད་ཕན་དཔེ་དེབ་མང་པོ་བཀླགས་པའི་ཉམས་མྱོང་ལ་གཞིགས་ན། རྩོམ་པ་པོས་རང་གི་དཔེ་དེབ་ནང་གི་བྲིས་པའི་སེམས་ཤུགས་དང་རྒྱལ་གཅེས་ལྷག་བསམ་དེ་ལག་ལེན་མེད་པ་མང་པོ་མཐོང་བྱུང།

    ཁྱེད་ལ་བོད་གཞུང་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་སློབ་སྦྱོང་གོ་སྐབས་ཡོད་པ་མ་ཟད། གོང་གི་རྩོམ་ཡིག་ནང་གསལ་ལྟར་ལགས་ན། བོད་དོན་ཆེད་བྱེད་རྒྱུ་མེད་པ་མ་རེད། ལྷག་པར་དུ་ཁྱེད་དང་ཁྱེད་འདྲ་བ་རྣམས་ལ་བྱེད་རྒྱུ་མང་པོ་ཡོད་རེད། དཔེར་ན་གཞིས་བཞུགས་མཁྱེན་ལྡན་བཀྲ་ཤིས་ཚེ་རིང་ལགས་ཁོང་ཡང་ཁྱེད་དང་འདྲ་བར་ཨ་རི་ནས་སློབ་སྦྱོང་ཐོབ་པ་རེད། འོན་ཀྱང་ཁོང་གིས་སློབ་སྦྱོང་གི་གོ་སྐབས་རྫོགས་རྗེས་ལམ་སེང་བོད་གསར་འཛུགས་བསྐྲུན་ཆེད་བོད་ནང་ཕེབས་པ་(The Struggle for Modern Tibet)ཞེས་པའི་ཁོང་གི་མི་ཚེ་ལོ་རྒྱུས་ལས་གསལ་པོ་མཁྱེན་ངེས།

    དེས་ན་ཁྱོད་ལ་དེ་འདྲའི་ཆོད་སེམས་ཡོད་དམ།

    བྱེད་རྒྱུ་མེད་པ་མ་ཡིན་པར་བྱེད་དགོས་པ་རེད།།

    Reply
  3. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    སྙིང་ཆུང་དམར་པོའི་དཀྱིལ་ནས་བཞུར་བའི་སྡུག་ཆུ་དྭངས་མོ་དེ་ང་ཚོ་ཀུན་ལ་ཡོད་པའི་གཟུགས་མེད་ཀྱི་ཚོར་བ་ཞིག་རེད།ང་རང་ལ་ཆ་བཞག་ན་རྩོད་བསམ་རུང་ཡོན་ཏན་མེད།འཛིང་བསམ་རུང་འཚེར་མེད་ཞུ་བ་ཡིན་ཟེར།ད་ག་རེ་བྱེད་དགོས་མི་ཤེས་དུ།

    Reply
  4. འབྲོག་རུ་ཆོས་གྲགས། says:
    ལོ་ 15 སྔོན།

    སྐད་ཆ་དྲང་མོ་རེད།། ཚོར་སྣང་ངོ་མ་རེད།།
    དངོས་ཡོད་གནས་ཚུལ་འདི།། བསྒྱུར་ཐབས་ཅི་ཞིག་ཡོད།།

    བོད་མི་སྒྱིད་ལུག་རེད།། འཐབ་རྩོད་མགོ་རྙོག་རེད།།
    རེ་བ་སྟོང་ཟད་དེ།། བསྒྱུར་ཐབས་ཅི་ཞིག་ཡོད།།

    བཤད་ན་མཁས་པ་ཡིན།། ལས་ན་རྗེས་ལུས་ཡིན།།
    ལག་ལེན་སྟོང་བ་འདི།། བསྒྱུར་ཐབས་ཅི་ཞིག་ཡོད།།

    བོད་སྐད་ར་མ་ལུག། ཆ་ལུགས་ཡ་མ་ཟུང་།།
    རང་ཚུགས་མེད་པ་འདི།། བསྒྱུར་ཐབས་ཅི་ཞིག་ཡོད།།

    Reply
  5. ལྷ་མ་ཡིན། says:
    ལོ་ 15 སྔོན།

    བསྟན་འཛིན་ཉིན་བྱེད་ཀྱིས་སེམས་ཚོར་ངོ་མ་ཞིག་བྲིས་འདུག

    Reply
  6. དོན་འགྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    བསྟན་འཛིན་ཉི་བྱེད་ལགས་ནས་གསུང་པ་དེ་དངོས་གནས་སྙིང་ཁུང་ནས་བཏོན་བའི་སྐད་ཆ་ཞིག་ཡིན་པ་ངོས་འཛིན་ཐུབ།།

    Reply
  7. བེ་རི་རྒྱལ་པོ་ཟ་དགའ་ཉལ་སྐྱིད says:
    ལོ་ 15 སྔོན།

    གྲོགས་བྱམས་རྒྱལ་དང་ཀུན་དགའ་གཉིས་ཀྱི་བཤད་པ་བདེན་ཁྱོད་ཚོ་ཚང་མ་བོད་ལ་དགའ་སྡུག་དང་ན་ཚ་ཡོད་པའི་དབང་གའི་སོ་སོའི་བསམ་ཚུལ་བཤད་པ་རེད་འོད་ཀྱང་ང་ཚོ་སེམས་ཤུགས་ནམ་ཡོང་མ་ཞུ་་་་་་་་མི་གཞན་ལ་ལྟར་ནས་མི་འདུག་བ་བོད་ལ་ཕན་པའི་སོ་སོའི་ལསདོན་འདྲ་བྱེད་ན་གང་འདྲ་འདུག་་་་་་་་་

    Reply
  8. བེ་རི་རྒྱལ་པོ་ཟ་དགའ་ཉལ་སྐྱིད says:
    ལོ་ 15 སྔོན།

    ཁྱོད་སུ་ཡིན་ལབ་ན་ང་བོད་པ་ཡིན་ལབ་ཁྱོད་གང་ནས་འོངས་ཞེས་འདྲི་ན་ང་བོད་ནས་འོངས་ལབ་་་བོད་ག་བ་ཡོད་པ་རེད་ལབ་ན་མཚན་ཉིན་ཚང་བའི་ས་བཀྲའི་སྟེང་དུ་མཛུབ་མོ་འཛུགས་དགོས་པ་ཡིན་འདི་ལས་ལྷག་པ་མེད་་་བོད་ནི་རྒྱ་ཡིའི་འོག་ཏུ་ལོ་ལྔ་བཅུ་འདི་ནི་ལོ་ཚད་རིང་པོ་ཡིན་ལ་ཐུང་ཐུང་ཡོང་ཡིན་་དཔེ་ན་རྒྱ་གར་དབྱིན་འོག་ཏུ་ལོ་གཉིས་བརྒྱ་་་ང་ཚོ་བཙན་བྱོལ་ནང་ཡོད་པའི་བོད་རིགས་རྣམས་སེམས་ཤུགས་དང་སྡུག་སྐད་མ་ཤོར་་་་བོད་ནང་ཡོད་པའི་བོད་རིགས་རྣམས་ཀྱིས་སེམས་ཤུགས་ལ་ང་ཚོས་དམིགས་དཔེ་ལྟར་དགོས

    Reply
  9. ཀུན་དགའ says:
    ལོ་ 15 སྔོན།

    སྤོགས་པ་མཐའ་ཡས་ལགས། དེ་འདྲའི་གུ་དོགས་པོ་བཤད་དགོས་དོན་མེད་ང་རྒྱ་ནག་ནས་འོངས་བ་ཡིན་ཅེས་ཟེར་ན་མ་འདྲིག་པ་གང་ཡང་ཡོད་མ་རེད། དབུས་མའི་ལམ་མཁས་ལེན་ན་དེ་བས་མ་འགྲིག་པ་མི་འདུག་སྙམ

    Reply
  10. བྱམས་རྒྱལ། says:
    ལོ་ 15 སྔོན།

    བསྟན་འཛིན་ཉིན་བྱེད་ལགས།
    ཚོར་བ་དེ་ཁོ་བོ་ལ་ཡང་ཡོད་། འཁྲུགས་པ་རྐྱང་རྐྱང་རྒྱག་དགོས་པའི་རྩོམ་མ་ཡིན་པ་ སྐབས་རེ་དངོས་སུ་མྱོང་བཞིན་པའི་ཚོར་བ་རྣམས་གསུངས་པ་འདི་སེམས་འགུལ་མང་བ་ཐེབས་ཀྱི་འདུག་ ཁྱེད་སེམས་མ་ཆུང་ཕ་བཟང་གི་བུ་ རྨོག་རུ་བསྟན་པའི་སྐད་ཆ་དེ་སེམས་ལ་ཞོགས་ བདེན་མཐའ་གསལ་རྒྱུ་ལུས་ཡོད་ འོན་ཀྱང་དཀའ་ལས་རྒྱག་དགོས་འདུག་། མིག་དཔེ་ལྟ་ས་ཞིག་འདུག་པ་དེ་ནི་བསྟན་འཛིན་བརྩོན་འགྲུས་རེད་ ཁོང་དཔའ་བོ་ཁེར་རྒྱུག་རེད་ དཔུངས་གྲོགས་དགོས་ཀྱི་འདུག་། ང་ཚོ་གནད་དོན་འདི་ད་ལྟ་ངོ་ཚ་དགོས་ཡ་རེད་འདུག་ཀྱང་ རྗེས་སུ་འཛམ་བུ་གླིང་གིས་བོད་མི་རིགས་འདི་ལ་ཁ་མིག་ཡ་ལྟ་བྱེད་ས་ཞིག་དང་ གུས་བརྩི་བྱེད་ས་ཞིག་དུ་ཆགས་སྲིད་།

    Reply
  11. མི་ཉག་སྐལ་བཟང་། says:
    ལོ་ 15 སྔོན།

    བསམ་ཚུལ་འདིས་ངའི་ཡིད་དབང་འཕྲོག་སོང་། བསམ་ཚུལ་འདིས་དངོས་ཡོད་སྤྱི་ཚོགས་ཀྱི་འཚོ་བ་དམར་རྗེན་དུ་བཏང་ཡོད་པས་ཀློག་པ་པོའི་སེམས་པ་དཀྲུགས་ཐུབ་སོང་། མུ་མཐུད་ནས་བསམ་ཚུལ་འདི་ལྟར་འབྲི་བའི་ཐབས་ལ་འབད་རོགས།

    Reply
  12. རྨོག་རུ་བསྟན་པ། says:
    ལོ་ 15 སྔོན།

    ཨོ་བསྟན་འཛིན་ཉིན་བྱེད་ལགས།
    སྐྱིད་སྡུག་བཤད་ན་ངོ་མ་དེ་འདྲ་ཞིག་རེད། ཡིན་ཡང་། མི་རིགས་ཤིག་གི་རང་དབང་འཐབ་རྩོད་ནི་བུ་རྒོད་ཞིག་གི་གོ་སྐབས་ཡག་ཤོས་ཤིག་རེད། དཔའ་བོའི་ལག་རྗེས་འཇོག་སའི་སྡིངས་ཆ་ཞིག འདི་ཕྱི་གཉིས་ཀྱི་དོན་ཆེན་བསྒྲུབ་སའི་ལམ་ཆེན་ཞིག་རེད།

    མི་རབས་གསར་བའི་བོད་མི་གཞོན་སྐྱེས་ཤིག་ཡིན་ན། ཚོར་བ་གསུམ་གྱི་མཏའ་ལས་གྲོལ་ཏེ་བདེན་དོན་འཏབ་རྩོད་ཀྱི་དབུ་མར་ཞུགས་རྒྱུ་ཅིའི་ཀྱང་གལ་ཆེེ།

    ཚོར་བ་གསུམ་ནི། ཆོས་ལུགས་ལ་ཞེན་པའི་ཚོར་བ། ཆོལ་ཁར་ཞེན་པའི་ཚོར་བ། དབུ་མ་དང་རང་བཙན་གྱི་ཕྱོགས་སུ་ལྷུང་བའི་ཚོར་བ་བཅས་ཡིན།

    Reply
  13. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    མི་ཚོས་ང་ལ་ཁྱོད་གང་ནས་འོངས་ཞེས་འདྲི་སྐབས་ངས་བོད་ནས་འོངས་ཞེས་ལན་འདེབས། ས་བཀྲའི་སྟེང་དུ་མཛུབ་མོ་འཛུགས་དགོས་དུས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་དཀྱིལ་དུ་འཛུགས་དགོས་ཐུག་དུས་མི་བདེ་བ་ཞིག་རང་ཤུགས་ཀྱིས་ཡོང་གིན་འདུག ལྷག་པར་ཡང་རྒྱ་ནག་སྐམ་སའི་མི་ཞིག་དེར་ཡོད་སྐབས་དེ་ལས་ཀྱང་མི་བདེ་བ་ཞིག་ཡོང་གིན་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese