མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞོགས་དུང་ལས་འཕྲོས་པའི་བསམ་གཞིག རྭ་རྒྱ་བློ་དབང་།

བོད་ཀྱི་དུས་བབ།
༢༠༡༠/༠༤/༣༠
Share on FacebookShare on TwitterShare on EmailShare on Whatsapp

རྭ་རྒྱ་བློ་དབང་།

རྩོམ་ཡིག་འདིའི་མགོ་སློང་སྐབས་ནས་སེམས་པ་འཚབ་འཚུབ་ཏུ་གྱུར་སོང་། ཉིན་རེ་འགའི་སྔོན་སྐུ་ཞབས་ཞོགས་དུང་བཀག་སྐྱིལ་བྱས་པའི་གནས་ཚུལ་ཐོན་མ་ཐག  ཕྱི་ཡུལ་ན་ཡོད་པའི་ཤེས་ཡོན་པར་གྲགས་པ་རྣམས་དང་། ལྷག་པར་དུ་དྲ་ཐོག་གི་རྩོམ་པ་པོ་རྣམས་འུར་ཟིང་ངེར་སོང་ཞིང་། ཐམས་ཅད་ཀྱིས་སྐུ་ཞབས་ཞོགས་དུང་རླབས་ཆེན་ཡིན་ཚུལ་དང་། མི་མང་པོ་ཞིག་མཁྲེགས་བཟུང་དང་རྨོངས་འཐོམ་པ་ཡིན་ཚུལ་སོགས་ལས་འཕྲོས་ཏེ། སླར་ཡང་རང་བརླ་ཁྱི་ལ་སྟེར་བའི་སྣང་ཚུལ་ཞིག་ཀྱང་མགོ་བརྩམས་སོང་། དེ་བཞིན་དུ་ཨ་རིའི་རླུང་འཕྲིན་གྱིས་ཧོར་གཙང་འཇིགས་མེད་ལགས་ཆེད་ཞུས་ཀྱིས་<<གནམ་ས་གོ་འབྱེད།>>ཀྱི་བསྟན་དོན་དང་། སྐུ་ཞབས་ཞོགས་དུང་གི་བསམ་བློའི་སྐོར་ལ་བགྲོ་གླེང་བྱས་སོང་། གོ་སྐབས་དེ་བསྟུན་གྱིས་བོད་ནང་གི་ཡིན་ཟེར་མཁན་ཞིག་གིས། བོད་ནང་གི་མི་རྣམས་ཞོགས་དུང་ལ་མི་དགའ་བ་ནི། ཁོས་ཆོས་ལུགས་ལ་ངན་སྨྲས་བྱས་པས་ཡིན་ལ། ཁྱེད་ཚོ་བཙན་བྱོལ་ནས་ཞོགས་དུང་ལ་ལྟ་སྟངས་ཇི་འདྲ་འདུག་ཅེས་ཀྱང་ཟེར། བོད་ནང་གི་མི་རྣམས་སྐུ་ཞབས་ཞོགས་དུང་ལ་དགའ་མི་དགའ་མི་གཅིག་གིས་ཚབ་མཚོན་ཐོག་ནས་བཤད་ཐུབ་པ་ཞིག་མིན་ལ། སྐབས་འདིར་བཤད་དགོས་པ་ཞིག་ཀྱང་ག་ལ་ཡིན།

སྐུ་ཞབས་ཞོགས་དུང་གིས་ད་ལྟའི་བར་གླེང་སྟེ་འོང་བ་ནི། ཤེས་རིག་གི་སྣང་ཚུལ་ཞིག་གམ། བརྟན་ཆགས་སུ་གྱུར་པའི་རིག་གནས་སེམས་ཁམས་ཤིག་གི་ཤུགས་རྐྱེན་ལས་མཐོང་བའི་རང་སྣང་གི་དོན་སྤྱི་ཞིག་སྟེ། ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱིས་བསྐྲུན་པའི་བོད་སྤྱི་ཚོགས་ཀྱི་སྣང་ཚུལ་སྐོར་དང་། སྣང་ཚུལ་དེ་ལས་ཇི་ལྟར་འདའ་དགོས་པའི་རང་སྣང་གི་བསམ་ཚུལ་དག་ཡིན།  འདི་ལ་བོད་གཞིས་བྱེས་གཉིས་ཀར་རྣམ་པ་མི་འདྲ་བའི་གླེང་སློང་སྣ་ཚོགས་ཡོང་མྱོང་ལ། མུ་མཐུད་ཡོང་ངེས་ཤིག་རེད། སྐུ་ཞབས་ཞོགས་དུང་གི་བསམ་ཚུལ་དྲན་ཚུལ་གྱི་ལྡོག་ཕྱོགས་སུ་ལངས་མཁན་དག་རྣམ་པ་ཀུན་ཏུ་རྨོངས་འཐོམ་པར་བརྩི་བའི་འདུ་ཤེས་ནི་དངོས་གནས་རྨོངས་འཐོམ་ཞིག་རེད་མོད། སྐབས་འདིར་མང་པོ་གླེང་བས་ཅི་ཡོང་།

གང་ལྟར་ཀྱང་། ཁ་སང་དེ་རིང་གི་གླེང་སྲོལ་ཞིག་སྟེ། རྒྱ་ནག་གི་གནོན་ཤུགས་སམ་དམ་དྲག་གི་ཁ་ཕྱོགས་དེ་གྲོང་གསེབ་པ་ནས་ཤེས་ཡོན་པའི་ཐོག་ལ་བསྒྱུར་བ་ནི། བོད་ཀྱི་ཤེས་ཡོན་པ་རྩ་གཏོར་གཏོང་འདོད་ཀྱི་སྲིད་བྱུས་རེད་སོགས་ཟེར་བ་ནི། དྲང་མོ་དྲང་བཞག་གི་གླེང་སྟངས་ཤིག་ག་ནས་ཡིན་ཏེ་གཏན་ནས་མིན་ནོ། ། ད་ལྟ་དེ་ལྟའི་སྣང་ཚུལ་འབྱུང་བཞིན་པ་ནི་ཆེད་དུ་ཤེས་ཡོན་པ་རྩ་གཏོར་གཏོང་འདོད་མ་རེད་དེ། ད་ལྟའི་བར་གྲོང་ཁྱེར་ན་འཚོ་བའི་ཤེས་ཡོན་པ་དག་ཐད་ཀར་ཆབ་སྲིད་འཐབ་རྩོད་ཀྱི་མདུན་དུ་བུད་པ་ཆེས་ཉུང་བའམ་ཡང་ན་མེད་པས་རེད་ལ། ༢༠༠༨ ལོའི་རྗེས་ནས་བཟུང་རེ་བ་ཅན་གྱི་ཤེས་ཡོན་པ་ཚོས་ཀྱང་འཐབ་རྩོད་ཀྱི་ཕྱོགས་ལ་སྙུག་རྩེ་གཏོད་པ་དང་། སྐད་ཆ་བཤད་ཐུབ་སོང་བས་རེད། གང་ན་བོད་དོན་གྱི་འཐབ་རྩོད་ཡོད་ན་དེ་རུ་རྒྱ་གཞུང་གིས་ལག་བསྲིང་འོང་བ་ནི། ཁོ་རང་ཚོའི་དགོས་མཁོ་རེད།

ཁ་སང་དེ་རིང་འདང་ཕོག་དཀའ་བའི་དོན་གནད་གཞན་དག་ཀྱང་འདུག་སྟེ།  ད་ལྟ་བཙོན་དོང་ན་སྡུག་བསྔལ་མྱོང་བཞིན་པའི་སྒྲོལ་མ་སྐྱབས་དང་། ཀུན་དགའ་ཚངས་དབྱངས། གཞན་ཡང་ནུབ་བྱང་སློབ་གྲྭ་ཆེན་མོའི་སློབ་མ་ཚོ་དང་། རྔ་བ་དང་རྨ་ཆུའི་དགེ་སློབ་ཚོ་ལྟ་བུ་ནི་རྦད་དེ་གླེང་ཕྱོགས་ལས་དོར་ཟིན་པ་དང།  ཁོ་ཚོའི་སེམས་པ་དང་ལར་ཞེན་ནི་ཧ་ཅང་དཀྱུས་མ་ཞིག་གི་ཚོད་ལ་ལྷུང་། སྐུ་ཞབས་ཞོགས་དུང་ལགས་རྒྱ་གཞུང་གིས་བཀག་སྐྱིལ་བྱ་དགོས་དོན་ནི། རང་རིགས་མཆོག་དམན་ཀུན་གྱིས་རེ་ཞིང་སྨོན་པའི་རྨི་ལམ་སྟེ། བཙན་པོའི་རྒྱལ་རྒྱུད་ནས་འཕྲོ་ཆད་པའི་མདོ་དབུས་མཐོ་ལྗོངས་ཀྱི་རང་བདག་རྒྱལ་ཁབ་དེའི་སླད་དུ་ཡིན་ལ། འབངས་མི་ཕལ་བ་གྲྭ་བཙུན་ཚོ་དང་། སྒྲོལ་མ་སྐྱབས། ཀུན་དགའ་ཚངས་དབྱངས་སོགས་ཀྱང་གཅིག་གྱུར་གྱི་རེ་སྨོན་དེའི་སླད་དུ་བཙོན་ལ་ལྷུང་བ་རེད།   སྐབས་འདིར། རང་ཅག་ནི་བསད་ཟིན་པ་དང་གསོད་བཞིན་པ་ཁོ་རང་ཚོའི་ཐུན་མོང་གི་རྒྱབ་རྟེན་ཉན་དགོས་པ་ལས། ཆེ་གེ་མོ་འདི་དང་གན་ཞེས་བདམས་གསེས་ཀྱི་ཕྱོགས་སུ་ལྷུང་ན་ངེད་ཚོས་ལོ་རྒྱུས་ཀྱི་སྐྱོ་གར་གཞན་ཞིག་བསུས་པ་ལས་ཅི་ཡང་མེད།

ད་དུང་སྐུ་ཞབས་ཞོགས་དུང་བཀག་སྐྱིལ་བྱས་པར་སྙིང་ཚིམ་སྟོན་པ་ལྟར་གྱི་མི་དེ་ཚོ་དང་། ཞོགས་དུང་འཛིན་བཟུང་བྱས་པ་དེ་ཆོས་ལུགས་དད་མོས་པའམ་ཡང་ན་རྨོངས་དད་པ་ཚོས་བྱས་པ་ལྟར་སྒྲོག་མཁན་སུ་ཡིན་ཀྱང་ལག་ཟུང་བྲང་ལ་བསྙེས་ནས་འདང་རྒྱག་རན་རེད།   ད་ལྟ་ང་ཚོར་གཞོམ་གཞུག་བྲལ་བའི་མི་རིགས་ཀྱི་འདུ་ཤེས་ཤིག་ཆགས་བཞིན་ཡོད་ལ། འདུ་ཤེས་འདི་ནི་ལོ་ངོ་ལྔ་བཅུའི་དཀའ་སྡུག་ལྷུར་བླངས་པའི་རང་ཅག་ཐུན་མོང་གིས་བསྐྲུན་པ་དང་མ་འོངས་པར་ཡང་རང་ཅག་ཐུན་མོང་གིས་ཉར་ཚགས་རྒྱུན་མཐུད་བྱེད་དགོས་པ་ཞིག་ལས། སྣ་གཅིག་གི་ལངས་ཕྱོགས་དང་ཕྱོགས་གཅིག་གི་དགའ་ཁ་འཁྱེར་སྟངས་ཀྱིས་འཁྱོངས་པ་ཞིག་ག་ལ་ཡིན་ཏེ། འདི་ནི་ངེད་ཅག་ཐུན་མོང་ཁེ་ཕན་ཞིག་ལ་དམིགས་པས་ཀྱང་ཚོད་ཐིག་པ་ཞིག་རེད།

མདོར་ན། སྐུ་ཞབས་ཞོགས་དུང་རྒྱ་མིས་བཀག་སྐྱིལ་བྱས་པ་ལས་བོད་ཀྱི་རྨོངས་དད་པ་ཚོས་བྱས་པ་མིན་ལ། སྐུ་ཞབས་ཞོགས་དུང་བོད་མིའི་ཁེ་དབང་དང་རེ་འདོད་ཀྱི་སླད་དུ་བཀག་སྐྱིལ་བྱས་པ་ལས། ཁོ་རང་གི་སྒེར་དོན་དུ་མིན་པའང་ཤེས་དགོས་པ་ཞིག་རེད། ཕྱོགས་འདི་གཉིས་ལ་བསམ་གཞིགས་ལེགས་པོ་བྱུང་ན། ད་ལྟ་ང་ཚོའི་ཕྲག་ཏུ་ལྷུང་བའི་འགན་དབང་གང་ཡིན་དང་། ཇི་ལྟར་སྒྲུབ་དགོས་པར་ཡང་འདང་ཕོག་ངེས་ལས། ཞོགས་དུང་འཛིན་བཟུང་གི་དོན་རྐྱེན་དེ་རང་རེའི་ནང་འཁྲུགས་སློང་བྱེད་དུ་གྱུར་ན་གཏན་ནས་མི་རུང་ངོ་། །

འབྲེལ་ཡོད་གསར་འགྱུར།

The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༨ སྔོན་ལ།
Russian President Vladimir Putin shakes hands with his Chinese counterpart Xi Jinping during a welcoming ceremony before their talks at the Kremlin in Moscow, Russia, May 8, 2025. REUTERS/Evgenia Novozhenina
Mobile App

ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཀྱིས་དངོས་སུ་ཐུག་འཕྲད་བྱས།

ཆུ་ཚོད་ ༡༩ སྔོན་ལ།
Front Slider

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
བོད་ཆབ་མདོ་སྟེང་ཆེན་རྫོང་། དྲ་ལམ་གྱི་པར།
Mobile App

ཆུ་གློག་བཀག་པའི་གནས་ཚུལ་དྲ་ལམ་དུ་སྤེལ་བའི་ཉེས་མིང་འོག་བོད་མི་ཞིག་བཀག་ཉར་བྱས།

༢༠༢༥/༠༥/༠༧
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས་ཀྱིས་འཁྲབ་སྟོན་བྱེད་བཞིན་པའི་ཡུལ་དངོས། ༢༠༢༥།༥།༧
Mobile App

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆེ་ལགས་རྣམ་གཉིས། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་བཟོ་བྱས།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆི་མཆོག་ལ་འཚམས་འདྲི་མཛད།

༢༠༢༥/༠༥/༠༧

མཆན། 15

  1. ཚེ་རིང་རྡོ་རྗེ says:
    ལོ་ 15 སྔོན།

    སྐུ་ཞབས་ཞོགས་དུང་གློད་ཐབས་ཀྱི་གྲོས་གཞི།

    དང་པོ། བོད་མི་གཞིས་པ་ཚོས་སྒྲུབ་དགོས་པའི་དོན་ཚན།

    སྐུ་ཞབས་ཞོགས་དུང་གི་བུ་མོས་བཅར་འདྲི་བརྒྱུད་ནས་བཤད་པ་ལ་གཞིགས་ན། བོད་ནང་ན་ཁོང་གློད་ཐབས་ལ་ལས་དོན་སྒྲུབ་པ་དེ་ཕྱིར་མ་བསྒྲགས་པའམ་ཤུགས་ཆེར་བསྒྲུབས་མེད་པར་གྲགས།
    དེ་འདྲ་ཡིན་པའི་དབང་དུ་བཏང་ན་བོད་མི་གཞིས་པ་ཚོས་སྒྲུབ་དགོས་པ་གཤམ་དུ།

    གཅིག བོད་ནང་གི་ཤེས་ཡོན་པ་ཚོས་ཐབས་མཁས་བརྟེན་ནས་མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་ལས་ཁུངས་ཁག་སྟེ། མི་དམངས་སྲིད་གཞུང་། རྒྱལ་ཁབ་བདེ་འཇགས་ལས་ཁུངས་དང་། ཉེན་རྟོགས་ལས་ཁུངས། དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཁང་། མི་དམངས་ཁྲིམས་ཁང་སོགས་ལ་ཞུ་གཏུགས་ཡེ་གེ་འབུལ་བ།
    གང་ཡིན་ཞེ་ན། ཤེས་ཡོན་པའི་རྒྱ་ནག་གཞུང་ལ་སྙན་ཞུ་ཕལ་བ་དེས། མ་མཐར་ཡང་ཞོགས་དུང་ཁོང་ལ་ཤེས་ཡོན་པའི་སྡེ་ན་དོ་སྣང་ཡོད་པ་གསལ་བོར་སྟོན་ཐུབ་པ་དང་། སྟབས་ལེགས་ན་རྐྱེན་དེ་ལས་གློད་ཀྱང་སྲིད།

    གཉིས།
    ཁོང་གི་གཉེན་ཉེ་འབྲེལ་ཚོ་ལ་གཞིས་པ་བོད་མི་ཚོས་དངོས་ཤུགས་བརྒྱུད་གསུམ་ནས་རོགས་རམ་དང་རོགས་དངུལ་སྤྲོད་པ། ཁོང་ཚོར་སེམས་གསོ། ཁྲིམས་རྩོད་པ་ཞུ་རྒྱུར་རོགས་རམ་བྱེད་པ། ཁོང་ཚོ་དང་མཉམ་དུ་མི་སྐོར་ཁག་བྱས་ཏེ་རེ་མོས་ཀྱིས་བཀག་ཉར་ཁང་ལ་འཚམས་འདྲི་དང་། མཚོ་སྔོན་གྱི་འབྲེལ་ཡོད་ལས་ཁུངས་ཁག་ལ་གློད་གྲོལ་རེ་ཞུར་འགྲོ་བ།

    གསུམ།
    མི་མང་གིས་ཀྱང་གོང་གསལ་འབྲེལ་ཡོད་ལས་ཁུངས་དག་ལ་ཁ་པར་དང་འཕྲིན་ཡིག་བརྒྱུད་ནས་གློད་གྲོལ་རེ་འབོད་བྱེད་པ། དྲ་རྒྱ་དང་མི་ཁ་ནས་གླེང་སློང་ཤུགས་ཆེར་བྱེད་པ།
    རྒྱུ་མཚན་ནི་རྒྱ་ནག་ནང་ཁུལ་གྱི་ཤེས་ཡོན་པ་སོགས་གསང་བའི་འཛིན་བཟུང་བྱས་པའི་ཚེ། མི་མང་གིས་དོ་སྣང་དང་གླེང་སློང་ཤུགས་ཆེར་བྱས་ཏེ་གློད་གྲོལ་བྱུང་བ་ཡོད་སྲིད་པས། གཞུང་དེ་ལ་མི་མང་གིས་སུན་གཙེས་གཏོང་པའི་ཐབས་འདི་རང་རེས་ཀྱང་བསྟེན་དགོས།

    བཞི།
    རྒྱ་རིགས་ཤེས་ཡོན་པ་དྲང་བདེན་སྐྱོང་མི་དག་ལ་འབྲེལ་བ་བྱས་ཏེ་ཁོང་ཚོར་ཞོགས་དུང་གློད་ཐབས་ལ་རོགས་རམ་ཞུ་བ་དང་། རྒྱ་ཡིག་གི་དྲ་རྒྱ་ལྟ་བུའི་འཕྲིན་ལམ་ནས་ཁོང་གི་སྐོར་གླེང་སློང་ཚད་ཇེ་ཆེར་གཏོང་བར་རེ་སྐུལ།

    གཉིས་པ།
    བཙན་བྱོལ་བོད་མིས་སྒྲུབ་དགོས་པའི་དོན་ཚན་ཁག་ནི།

    གཅིག
    ཐད་ཀར་ངོ་རྒོལ་སྐད་འབོད་མི་བྱེད་པར་བརྒྱུད་ནས་གློད་ཐབས་བྱ་བ་ལ། དཔེར་ན། རྒྱལ་ཁབ་སོ་སོའི་གཞུང་དང་གཞུང་ཚབ་ཁང་ལ་ཡིག་ཐོག་ནས་ སྐུ་ཞབས་ཞོགས་དུང་གློད་གྲོལ་ཡོང་བར་རེ་འབོད་བྱེད་པ་སྟེ། རྒྱལ་ཁབ་དེ་ཚོས་སྐུ་ཞབས་ཁོང་གློད་ཐབས་ལ་རང་གི་གཞུང་ཚབ་བརྒྱུད་ནས་རྒྱ་ནག་དབུས་དང་མཚོ་སྔོན་ས་གནས་སྲིད་གཞུང་ལ་ཁ་པར་གཏོང་བ།

    གཉིས།
    བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ཕུད་པའི་རྒྱལ་སྤྱིའི་གཞུང་འབྲེལ་མིན་པའི་ཚོགས་པ་དང་། རྒྱ་ནག་ནག་ཏུ་ཡོད་པའི་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ལ་སྙན་ཞུ་ཕུལ་ནས། ཚོགས་པ་དེ་ཚོས་རྒྱ་ནག་གཞུང་ལ་ཐད་ཀར་དང་རྒྱལ་ཁབ་ཁག་ན་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་སོ་སོར་གློད་གྲོལ་ཆེད་དུ་ཁ་པར་དང་འཕྲིན་གཏོང་བར་རེ་སྐུལ།

    གསུམ།
    བདེ་འཇགས་ཀྱི་ལམ་ཁ་རྙེད་ན་བརྒྱུད་ནས་སྐུ་ཞབས་ཞོགས་དུང་གི་ནང་མིར་རོགས་དངུལ་སྤྲོད་པ།

    གསུམ་པ།

    བཙན་བྱོལ་བོད་མི་ཚོས་གཟབ་དགོས་པའི་དོན་ཚན་ནི། སྐུ་ཞབས་ཞོགས་དུང་གི་ནང་མིར་ཁ་པར་བརྒྱུད་ནས་འབྲེལ་བ་བྱ་སྐབས། ཁོང་ཚོའི་བདེ་འཇགས་ལ་འགན་འཁུར་དགོས་པ། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་། ཨེ་ཤུ་ཡ་རང་དབང་རླུང་འཕྲིན་ཁང་། ཨ་རི་རླུང་འཕྲིན་ཁང་སོགས་ཀྱིས་ཁོང་གི་མི་ཚོར་བཅར་འདྲི་བྱས་པ་ལས་རག་པའི་གནས་ཚུལ་རྣམས་ཀུན་ཀྱི་ཐོག་མར་རང་རང་གི་གསར་འགྱུར་བརྒྱུད་ལམ་དུ་འགོད་པར བརྩོན་ལེན་གྱི་ཕྱིར་དུ་སྒྲོག་མི་རུང་། གོང་གསལ་བོད་དོན་ལ་དམིགས་ནས་བཙུགས་པའི་བརྒྱུད་ལམ་དེ་ཚོས་བོད་ནང་གི་མི་ལ་བཅར་འདྲི་སོགས་བྱས་ཏེ་གནས་ཚུལ་རག་ནའང་། ཐོག་མར་འཛམ་གླིང་ན་རྒྱུག་ཆེ་ཤོས་ཀྱི་གསར་ལམ་དུ་འགོད་ཐབས་ལ་བརྩོན་པ་དང་། དེ་ནས་ གསར་ལམ་གྲགས་ཅན་གཞན་དག་ལས་ཚུར་དྲངས་ཏེ་གསར་འགྱུར་གཉིས་པའི་ཚུལ་དུ་བསྒྲགས་ན་ལེགས། རྒྱུ་མཚན་གང་ཡིན་ཟེར་ན། སྐུ་ཞབས་ཞོགས་དུང་ལྟ་བུའི་རྒྱ་གཞུང་གི་ལས་བྱེད་ཡིན་པའི་བོད་མིའི་སྐོར་གྱི་གནས་ཚུལ་དེ་རྒྱལ་སྤྱིའི་གསར་ལམ་ཆེ་ཤོས་ཤིག་ནས་ཆེས་ཐོག་མའི་གསར་འགྱུར་དུ་འགོད་ཐུབ་ན། གཅིག་ནས་ཁྱབ་ཚད་ཆེ་བ་དང་། གཉིས་ནས་རྒྱ་ནག་གཞུང་གིས་ཀྱང་གཟུར་གནས་ཀྱི་གསར་ལམ་དག་ལས་ཐོན་པའི་གསར་འགྱུར་ལ་མཐོང་ཚུལ་མི་འདྲ་བ་འཛིན་པ་ཡིན། དེ་མིན་གསར་ལམ་ཆུང་རིགས་ནས་བསྒྲགས་ཟིན་ན་གཟུར་གནས་ཆེ་ཤོས་ཁག་གིས་གནས་ཚུལ་བསྒྲགས་ཟིན་པ་མི་འགོད་པ་དང་། བོད་དོན་ལ་དམིགས་སུ་བཙུགས་པའི་གསར་ལམ་དང་ཚོགས་པ་ཁག་གིས་བདེན་པ་བསྒྲགས་ཀྱང་། རྒྱ་ནག་གཞུང་གིས་དེ་དག་ནི་ཀྲུང་གོར་སྡང་བའི་ཚོགས་པར་བགྲངས་ནས་དགག་རྐྱང་བྱེད་པ་དང་། ད་དུང་རྒྱུ་མེད་རྣམ་རྟོག་གིས་བཀག་ཉར་དུ་ཡོད་པའི་མི་དེ་ལ་ཉེས་པ་འགེལ་བའི་རྒྱུར་ཡང་འགྲོ་སྲིད།

    གཉིས། གོང་གསལ་སྒྲུབ་འོས་པ་དག་སྔོན་ལ་མ་སོང་བའི་གནས་སྐབས་དེ་ལ། བཙན་བྱོལ་བ་ཚོས་སྐུ་ཞབས་ཞོགས་དུང་གི་སྐོར་ལ་ངོ་རྒོལ་སོགས་དངོས་བསྟན་གྱི་ལས་འགུལ་རིགས་རེ་ཞིག་མ་བྱས་ན་ལེགས། དེ་མིན་གཞིས་པ་བོད་མི་ཚོས་སྐུ་ཞབས་ཁོང་ཉེས་མེད་དུ་བསྒྲུབས་ནས་གློད་ཐབས་བྱེད་པ་ལ་གནོད་སྲིད།

    མཐར་སྐུ་ཞབས་ཞོགས་དུང་གི་ལུས་སེམས་ལ་སྡུག་བསྔལ་མེད་པར་མྱུར་དུ་གྲོལ་བའི་སྨོན་འདུན་དང་། ཁོང་གི་ནང་མི་ཚོར་སེམས་གསོའི་འཚམས་འདྲི་དང་བཅས།

    ཚེ་རིང་རྡོ་རྗེ་ནས།

    ༢༠༡༠ལོའི་ཕྱི་ཟླ༥ཚེས༢ཉིན་བྲིས།

    Reply
  2. ཨ་མྱེ says:
    ལོ་ 15 སྔོན།

    འོ་རེད་བཙན་བྱོལ་བ་ཚོ་འུར་འུར་བྱེད་རྒྱུ་ངོ་མ་དགའ་བོ་འདུག

    Reply
  3. རིག་པའི་མེ་དཔུང་། says:
    ལོ་ 15 སྔོན།

    འཁྲུངས་སྐར་ཟེར་བ་ཁྱོད་ཉན་ཨ། རང་རེའི་ས་དགེ་བཀའ་རྙིང་བཞིའི་གདན་ས་ཁག་གི་ཚོགས་དུང་གིས་ནི། རང་རེའི་བོད་ཙམ་མ་ཟད། འཇིག་རྟེན་ཧྲིལ་བོའི་མུན་པ་གཏོར་ཞིང་། ཚེ་སྲོག་ཡོད་རྒུའི་ཞོགས་པ་བསུས་དང་བསུ་བཞིན་ཡོད་ན། ཞོགས་དུང་ལྟ་བུར་སྦྱར་བ་ནི། ཁྱོད་རང་བྱབ་ཆུང་བའི་རྟགས་བསྟན་པ་ཙམ་རེད། གོ་སོང་ངམ། ཞོགས་དུང་རྒྱ་མིས་བཟུང་བ་མ་འགྲིག་པ་རེད་མོད། ཁོའི་ཤེས་རྒྱ་ནི་ཞིང་པ་རྒན་པོ་ཞིག་ལ་མི་སྟོ། ཁོའི་སྙིང་སྟོབས་ནི་ཕྱུགས་རྫི་ཆུང་ཆུང་ཞིག་ལ་མི་བྲ། ཞིབ་ཏུ་སོམས་དང་ཤེས་ཡོང་།

    Reply
  4. འཁྲུངས་སྐར། says:
    ལོ་ 15 སྔོན།

    ཞོགས་དུང་ལགས་ནི་རང་རེ་གངས་ཅན་པའི་ཆོས་བརྒྱུད་ཆེན་པོ་ས་དགེ་བཀའ་རྙིང་བཞི་ཡི་གདན་ས་རྣམས་ཀྱི་ཚོགས་དུང་གིས་སྐད་ལས་གྲགས་ཆེ། དེ་ནི་བོད་པ་རྩམ་ཟིན་པ་ཐལ་ཆགས་བ་ཞིག་མ་ཡིན་མངོན།། ཁོང་སྐུ་ཚེ་བརྟན་པར་ཤོག

    Reply
  5. བྲ་རྡོར says:
    ལོ་ 15 སྔོན།

    རྭ་བློ་དབང་ལགས་བདེ་མོ།ཁྱེད་ཀྱི་བཤད་པ་དེ་ཚོ་དོན་ངེས་རེད།ཡིན་ཡང་རྗེས་སུ་གང་ཡོང་གི་ཡོད་མེད་དེ་ཤེས་ནས་ལས་དོན་ལ་འབད་པ་དེ་ཚོའི་ནང་ཁག་གཉིས་ཡོང་ཆོག
    ང་འགྲོ་རན་ཐ་དགོངས་དག་ཞུ།དུས་ཚོད་ལྟར་འཐོན་དགོས་པས་རྗེས་སུ་མཇལ།

    Reply
  6. ཨ་འདུས་མིག་ཆུ། says:
    ལོ་ 15 སྔོན།

    ངས་ཁྱེད་ཀྱི་རྩོམ་ཡིག་ཅུང་ཙམ་བཀླགས་རྗེས་ཁྱེད་ཀྱིས་ཕྱི་ཡུལ་གྱི་ཤེས་ཡོན་ཅན་དང་དྲ་ཐོག་རྩོམ་པ་པོ་ཚོ་འུར་ཟིང་ངེར་སོང་རབ་བཤད་པ་འདིས་ང་ལ་ཐེ་ཚོམ་ཞིག་ངང་གིས་སྤྲད་སོང་། བཙན་བྱོལ་ཤེས་ཡོན་པའི་སྡེར་གཏོགས་སློབ་གྲྭ་ཁག་དང་དགོན་པའི་སྡེ་གང་ཞིག་ན་གཞོན་རྩོམ་པ་པོ་ཞོགས་དུང་སོགས་འཇུས་དུས་ད་བར་ཁུ་སིམ་སིམ་ཡིན་པ་ལས་སུ་ཞིག་གིས་འུར་ཟིང་ལང་བྱུང་། བླ་ཆེན་དཔོན་ཆེན་གྱི་གོ་ཐོབ་ཅན་ཞིག་ཡིན་ན་མ་གཏོགས་འདི་ཚོ་ནམ་ཡང་གཉིད་མི་སད་པ་མ་ཟད་ཞོགས་དུང་སོགས་ལ་ད་དུང་མི་འདོད་པའི་ངན་ཚིག་སྨྲ་བ་དང་།ཁེངས་རློམ་ཅན་གྱིས་ཡིན་མདོག་མདོག་གིས་ཞོགས་དུང་གི་རྩོམ་ཡིག་དག་ལ་གདེང་འཇོག་བྱེད་ཀི་མེད་པའི་ཤབ་ཤུབ་ཀྱི་སྐད་ཆ་སྨྲ་མཁན་ཡུལ་གྱར་ཁྲོད་མང་རབ་འདུག་པ་ལས་དོན་དངོས་ཞོགས་དུང་སོགས་ཀྱི་རིན་ཐང་གླེང་མཁན་མི་འདུག་སྙམ

    Reply
  7. མགོ་རུལ། says:
    ལོ་ 15 སྔོན།

    སུ་ཁྲོན་ཞིང་ཆེན་ཙི་ཀོང་གྲོང་ཁྱེར་བཟོ་ལས་ལག་རྩལ་སློབ་གྲྭའི་ནང་རྒྱ་བོད་ སློབ་མའི་བར་ར་འགལ་ཟླ་བྱུང་ནས་ཉུང་མཐའ་བོད་རིགས་སློབ་གཅིག་འདས་གྲོངས་ཕྱིན་ ཡོད་པའི་གནས་ཚུལ་ཐོན་འདུག
    ཟླ་བ་འདིའི་ཚེས་༡༢ཉིན་སུ་ཁྲོན་ཙི་ཀོང་གྲོང་ཁྱེར་གྱི་ཡང་བའི་བཟོ་བཀོད་སློབ་ གྲྭའི་ནང་རྒྱ་བོད་སློབ་མའི་བར་འགལ་ཟླ་ཤོར་ནས་མི་གྲངས་སུམ་ཅུ་ལྷག་ལ་རྨས་ སྐྱོན་ཕོག་དང་། འགལ་ཟླ་བྱུང་རྐྱེན་ནི་སློབ་གྲྭའི་ཚོང་ཁང་ནང་རྒྱ་རིགས་སློབ་མ་ཞིག་གིས་སེམས་ ཆུང་མ་བྱས་པར་བོད་རིགས་སློབ་མ་ཞིག་དང་གདོང་ཐུག་རྒྱབ་ནས་ཁ་རྩོད་ཤོར་བ་རྗེས་ སུ།ཉིན་དེའི་དགོང་མོར་དུས་ཚོད་དགུ་བ་ནས་རྒྱ་བོད་སློབ་མའི་བར་གྱི་དྲག་པོའི་ འགལ་ཟླ་གྱུར་ཏེ་ཕན་ཚུན་བར་སོ་ཕོག་སོགས་ཀྱིས་རྒྱག་རེས་བྱས་ནས་ཞོགས་པའི་དུས་ ཚོད་གཉིས་བའི་བར་ལྷག་པ་དང་། དེ་ནས་ཉེན་རྟོག་པ་བརྒྱ་གྲངས་ལྷག་ཡོང་ནས་བཀག་འགོག་དང་གནས་ཚུལ་དེ་ཕྱི་ལ་ བསྒྲགས་མི་ཆོག་པ་བཟོས་བ་སོགས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ ཚན་གྱིས་གནས་ཚུལ་སྤེལ་ཡོད་། དེ་བཞིན་ཟླ་བ་འདིའི་ཚེས་༢༥ཉིན་ཙི་ཀོང་གྲོང་ཁྱེར་གྱི་བཟོ་ལས་ལག་རྩལ་སློབ་ གྲྭ་གཞན་ཞིག་ཏུ་ཡང་རྒྱ་བོད་སློབ་མའི་བར་འགལ་ཟླ་བྱུང་ནས་འཁོན་འཛིང་བྱས་ཏེ་ ཉུང་མཐའ་བོད་རིགས་སློབ་མ་གཉིས་འདས་གྲོངས་དང་གསུམ་ལ་རྨས་སྐྱོན་བྱུང་བའི་གནས་ ཚུལ་ཐོན་ཡོད་པ་མ་ཟད་། ཙི་ ཀོང་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་རྒྱ་བོད་སློབ་མའི་འཁོན་འཛིང་ཁྲོད་བོད་ རིགས་སློབ་མ་བཞི་ཤི་རྨས་བྱུང་བ་བདེན་དཔང་བྱས་འདུག ཡང་སློབ་གྲྭ་དེའི་དགེ་རྒན་ཞིག་གིས་བརྗོད་ན།བོད་རིགས་སློབ་མ་དེ་དག་ན་ནིང་ ལོར་སུ་ཁྲོན་དཀར་མཛེས་ཁུལ་ནས་ཡོང་བ་དང་། ལོ་གཉིས་དང་ཕྱེད་ཀའི་རིང་སློབ་གྲྭ་འདིར་གློག་རྡུལ་འཕྲུལ་ཆས་དང་གྲངས་རྩིས་། བཟོ་ལས་ལག་རྩལ།ཁོར་ཡུག་སོགས་ཀྱི་ཆེད་ལས་སྐོར་སློབ་སྦྱོང་བྱེད་ཀྱི་ཡོད་ཟེར་། སློབ་གྲྭ་དེའི་སློབ་མ་ཞིག་གིས་བརྗོད་ན་རྒྱ་རིགས་སློབ་མ་ཚོས་སློབ་གྲྭའི་ ཕྱོགས་ནས་བོད་རིགས་སློབ་མ་ཚོར་ཉིན་རེར་རྒྱ་སྒོར་བཅུའི་ཁ་གསབ་སྤྲོད་པ་དེ་ འདྲ་མཉམ་མིན་པར་བསམ་ནས་མི་རིགས་བར་གྱི་འགལ་ཟླ་བྱུང་བ་དང་། ད་ཐེངས་བོད་རིགས་སློབ་མ་གཅིག་བསད་པ་དེས་འཁོན་སེམས་དེ་བས་ཇེ་ཆེར་གྱུར་ཡོད་ ཟེར་། གནས་ཚུལ་གཞན་ཞིག་ཏུ་སློབ་གྲྭ་དེར་སློབ་མ་ཆིག་སྟོང་ལྷག་ཡོད་པའི་ཁྲོད་སློབ་མ་ བརྒྱ་ལྷག་ན་ནིང་ལོར་དཀར་མཛེས་ཁུལ་ནས་ཡོང་བ་དང་།ནམ་རྒྱུན་ཏུ་རྒྱ་བོད་སློབ་ མའི་བར་འགལ་ཟླ་ཆུང་ངུ་རེ་ཡོང་གི་ཡོད་པ་དང་།བོད་རིགས་སློབ་མ་ཚོ་ཁོང་ཁྲོ་ལངས་ སླ་བ་ཡོད་ཚུལ་སློབ་གྲྭ་དེའི་དགེ་རྒན་ཞིག་གིས་འགྲེལ་བརྗོད་བྱས་འདུག
    ལྕགས་མོ་འཚོའི་དྲ་བ་ལས་དྲངས།

    Reply
  8. karma dorje says:
    ལོ་ 15 སྔོན།

    ཞོགས་དུང་ལས་འཕྲོས་པའི་བསམ་གཞིག
    ཆོས་པས་བོད་ཀྱི་ནང་ཆོས་ལ་ཁ་བཏང་ཙང་དམྱལ་བར་འགྲོ་འགོ་བཙུགས་པར་འདོད།
    ཆབ་སྲིད་པས་བོད་རང་བཙན་ཁ་བྲལ་གཏོང་འགོ་བཙུགས་ཙང་འཛིན་བཟུང་བྱས་པར་འདོད། ངས་ནི་ཁོང་རང་གི་ལས་དཀར་ནག་གི་འབྲས་བུ་མྱོང་འགོ་བཙུགས་པར་འདོད། ངན་འགྲོ་ལས་ཐར་དགོས་པ་དང་། བཙོན་ཁང་ལས་ཐར་དགོས་པ་དང་། ནག་ཉེས་ལས་ཐར་དགོས་པ་ནི་ང་ཚོ་ཚང་མའི་མཐུན་པས་དེ་དོན་སྨོན་ལམ་འདེབས་དགོས།

    Reply
  9. tsondu gyatso says:
    ལོ་ 15 སྔོན།

    བོད་མི་རིགས་ཀྱི་ལ་རྒྱའི་བདག་པོ་སྐུ་ཞབས་ཞོགས་དུང་ནི་ངོ་མ་ང་ཚོའི་བོད་མི་རིགས་དེ་ཉིད་གཉིད་ལས་སློང་བྱེད་
    ཀྱི་ཞོགས་པའི་དུང་ཆེན་ཞིག་རེད་ཨང། ཁོང་གིས་བཞག་པའི་དཔའ་བོའི་གད་རྒྱངས་དེ་བོད་མདོ་དབུས་ཁམས་གསུམ་མ་ཟད་འཛམ་གླིང་སྤྱི་ལ་ཁྱབ་པའི་ཞོགས་པའི་དུང་སྒྲ་ངོ་མ་ཞིག་རེད་ལ།་
    ང་ཚོའི་སེམས་ཁོང་ནས་ནམ་ཡང་ཡལ་མེད་ཀྱི་ལ་རྒྱའི་རྡོ་རིང་ཞིག་ཀྱང་རེད་

    Reply
  10. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    རྭ་རྒྱ་བློ་དབང་ལགས་ནས་རྩོམས་ཡིག་ལེགས་མོ་ཞིག་བྲིས་འདུག་ཧྲག་གིར ཁྱོད་ཀྱི་རྩོམ་ཡིག་ནང་གི་ད་ལྟ་བཙོན་དོང་ནང་སྡུག་བསྔལ་མྱོང་བཞིན་པའི་སྒྲོལ་མ་སྐྱབས་དེ་གངས་ཅན་པ་སྒྲོམ་མ་སྐྱབས་ཞེས་པའི་གཞས་པ་སྐད་དྲགས་ཅན་དེ་ཡིན་ནམ། གལ་ཏེ་དེ་ཡིན་ནི་ད་ལྟ་བཙོན་དོང་ནང་མེད་ཀི སྨན་བླ་སྐྱབས་ཀྱིས་ཡུལ་ཤུལ་ས་འགུལ་ལ་བྲིས་པའི་གཞས་ཚིག་གཉིས་པ་སྨོན་ལམ་ཞེས་པ་དེ་ཡི་གཞས་གདངས་རྩོམ་མཁན་དང་གཞས་གཏོང་མཁན་ཡིན་པ་ན་གཞོན་གསར་པའི་དྲྭ་རྒྱ་ནང་སྟོན་འདུག་བཙོན་ཁང་ནང་ནས་དེ་འདྲའི་གཞས་ཞིག་གཏོང་ཐུབ་ཀྱི་ཨ་ཡོད། ཡིན་གྱི་མ་རེད་སྒྲོལ་མ་སྐྱབས་གཞན་ཞིག་ཡིན་གྱི་རེད་དེའི་བསྐོར་ཤེས་འདོད་ཆེ་བས་དྲྭ་གྲོགས་རྒྱུས་ཡོད་རྣམས་ནས་འགྲེལ་བཤད་ཞིག་གནང་རོགས།

    Reply
  11. གནས་ཚང་། says:
    ལོ་ 15 སྔོན།

    ཞོགས་དུང་ལགས་བོད་ཀྱི་རིག་གནས་ལ་ནང་བྱན་ཆུད་པའི་མཁས་པ་ཞིག་ཡིན་པའི་ཁར། སྐད་ཡིག་མིག་འབྲས་བཞིན་གཅེས་སྲུང་བྱེད་མཁན་ཞིག་ཡིན་པ་ཁོ་རང་གི་བུ་མོ་ཡེ་ཤེས་མཚོ་མོ་ལས་ཤེས་ཐུབ་ཀྱི་འདུག ཅི་འདྲའི་ཨམ་སྐད་ཡག་པོ་ཞིག་རྒྱག་གི་འདུག གྲོང་ཁྱེར་ཟི་ལིང་ནས་མཚར་ལོངས་བྱུང་མཁན་ཞིག་ལ་མཚོན་ན། བོད་སྐད་བསྐྱོན་རྒྱུ་ནི་ནམ་མཁའི་མེ་ཏོག་གི་ཚུལ་དུ་བཤད་ཀྱང་མ་ཆོག་པ་མེད་སྙམ། དེ་བས། བོད་ཀྱི་མཁས་པ་རྣམས་དང་དཔོན་པོ་ཚོར་ལྟོས་དང་སུ་ཞིག་གི་བུ་དང་བུ་མོས་བོད་སྐད་གཙང་མ་ཞིག་བསྐྱོན་ཐུབ་ཀྱི་འདུག་གམ།

    Reply
  12. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    ཨ་ག་བློ་དབང་གིས་བཤད་ནོ་བཀའ་འགྱུར་མི་བདེན་གི་ན། ངོ་མ་བོད་ནང་ནས་ཡིན་ཟེར་བའི་རྩོམ་ཡིག་སྤེལ་བ་འདི་ཡག་རྟགས་ཤིག་མ་རེད། འོན་ཀྱང་དངོས་མིང་བཀོད་པ་དང་། ཡང་ན་ཡོངས་གྲགས་ཀྱི་སྙུག་མིང་བཀོད་ཀྱང་མི་སྐྱོན་གི དེ་མིན་འདི་ཚོ་ཞིབ་འཇུག་བྱས་ནས་འགོད་རྒྱུ་ལག་ཏུ་འབྱོར་མ་ཐག་འགོད་རྐྱང་མ་རེད། ད་དུང་ཞིབ་ཀློག་ཅིག་བྱས་ནས་བསམ་འཆར་འབྲི་རྒྱུ་ཡིན།

    Reply
  13. Dhamchoe @Tommy Thokme says:
    ལོ་ 15 སྔོན།

    It is hard to say which one is better or right and which one is worse or wrong. All are depend on indivitual or a group’s perspective.

    Reply
  14. ཨ་རིག་འགྱུར་མེད། says:
    ལོ་ 15 སྔོན།

    ང་ལ་ནམ་རྒྱུན་བསམ་ཚུལ་འདི་འདྲ་ཞིག་ཡོད། རྩོམ་པ་བོ་དང་ཆབ་སྲིད་པ། ལོ་རྒྱུས་མཁས་ཅན་རོལ་མོ་བ། རི་མོ་བ་དང་སྒྱུ་རྩལ་པ་སོགས་རླབས་ཆེན་གྱི་མི་གང་འདྲ་ཞིག་ཡིན་རུང་། ཁོ་རང་ཉིད་ཀྱི་ཆེད་ལས་དེའི་སྟེང་ནས་སྤྱི་ཚོགས་ཀྱིས་ངོས་གསལ་བོ་ཟིན་དགོས་ཀྱི་འདུག དཔེར་ན་ཉིད་ཀྱིས་བརྗོད་པ་ལྟར་ཨ་རིག་སྒྲོལ་མ་སྐྱབས་རེད། གལ་སྲིད་སྐུ་ཞབས་ཞོགས་དུང་དང་ཁོང་རྣམ་པ་གཉིས་ཀྱི་ཤེས་ཡོན་དང་ཆབ་སྲིད་གོ་རྟོགས་ཐད་ནས་བསྡུར་ན་སུས་བཟང་བཤད་དཀའ་ནའང་། འདས་པའི་ལོ་མང་བོའི་རིང་བོད་ཕྱི་ནང་གི་མང་ཚོགས་ཚོར་རྣ་ཐོས་གོ་ཐོས་ཆེ་ཤོས་སྐུ་ཞབས་ཞོགས་དུང་ཡིན། དེ་བཟང་ཕྱོགས་དང་ངན་ཕྱོགས་གང་ནས་བཤད་ཀྱིན་ཡོད་ཀྱང་ཆོག་གི གཙོ་བོ་མང་ཚོགས་ཀྱིས་ཞོགས་དུང་ཟེར་བ་འདི་ཅིག་མ་འདྲ་བ་ཞིག་ཡིན་པ་ཤེས་ཡོད། དེ་ནི་ཕལ་ཆེར་ཤུགས་རྐྱེན་ཞིག་གམ་ཁོང་གིས་སྤྱི་ཚོགས་ལ་བཞག་པའི་བག་ཆགས་དེ་རེད།
    དེ་བཞིན་ཁོང་རྣམ་པ་གཉིས་མ་ཡིན་པའི་གྲགས་ཅན་རྩོམ་པ་བོ་གཞན་དག་ཀྱང་ཤེས་ཡོན་པས་བརྗེད་སོང་བ་མ་རེད། ཕྱོགས་ལྷུང་གི་དབང་དུ་ཕྱིན་ནས་མིག་གཡས་ཞ་ར་རྣ་གཡོན་འོན་པ་བྱས་པའང་མ་རེད། ཕྱོགས་གཅིག་ནས་ད་ལྟའི་བར་ཁོང་ཚོས་ཀློག་པ་བོས་སེམས་ངོར་བརྐོས་པའི་བག་ཆགས་ཞོགས་དུང་ལས་ཞན་པ་དང་། གཉིས་ཐད་ནས་རྒན་མགོ་དཀར་ནས་གཞོན་སོ་དཀར་དང་། ཀ་ངོ་ཡིག་ངོ་མི་ཆོད་པ་ཚོར་མཚོན་ན་ཁོང་ཚོའི་མིང་མ་གོ་མཁན་ཡང་མང་བོ་ཡོད་ལ། བོད་དོན་ཆེད་དུ་སྐུ་ངལ་བསྐྱོན་པ་ཤེས་ཀྱིན་ཡོད་ནའང་དེ་ཙམ་གྱིས་སྒུལ་ཤུགས་སློང་ཐུབ་ཀྱི་མེད།
    དེ་ལྟར་བརྗེད་མི་ཉན་པ་ཞིག་ཡོད་པ་ནི་ཕྱོགས་ལྷུང་གི་ཤོར་འདུག་ཟེར་རྒྱུ་དེ་མིན་པར་རྩོམ་པ་བོ་ཞོགས་དུང་ཇི་ལྟར་བཤད་རུང་། སྤྱི་ཚོགས་ཀྱིས་ངོ་གསལ་བོ་ཤེས་ཀྱི་ཡོད་པ་དེ་རེད།
    དེ་མིན་ཨ་རིའི་ཀུན་གླེང་ཚང་གི་ད་ལྟ་ཁ་ཚ་དགོས་གཏུག་གི་གླེང་བ་ནི་ཞོགས་དུང་གཙོས་ད་ལྟའི་ཤེས་ཡོན་པ་ཚོ་རྒྱ་ལག་ནས་ཇི་ལྟར་ཐར་བའི་སྐོར་ཡིན་དགོས་མོད། དེ་ལྟར་མི་གླེང་བར་མི་གཞིའི་སྐོར་དང་བརྩམས་ཆོས་སྐོར་གླེང་ནས་གང་ཡོང་། རྗེས་ཕྱོགས་ཞོགས་དུང་བཙོན་གྲོལ་ཐོབ་རྗེས་ཁོང་ཡང་གདན་འདྲེན་ཞུས་ཏེ་གླེང་ན་གླེང་སྟངས་ཤིག་རེད་ལ། ཁོ་ཡོད་ས་ནས་བརྩམས་ཆོས་ལ་སྐྱོན་བརྒྱབ་ན་རྒྱག་སྟངས་ཤིག་ཀྱང་རེད། མི་བཙོན་ན་ཡོད་དུས་ད་དུང་མི་གཞི་དང་བརྩམས་ཆོས་ཀྱི་བཟང་ངན་ཤན་འབྱེད་ལྟ་བུ་བྱེད་པ་འདི་ལས་ལྷག་པའི་བྱ་བཙོག་ཅིག་མེད་ཁུ།

    Reply
  15. གནམ་ལྕགས། says:
    ལོ་ 15 སྔོན།

    ཝ་རྔ་མ་ཤ་ལེར་འབྲོ་བ་ལས། སྟག་འཛུམ་དྲུག་གྱི་ལེར་ཤི་ན་དགའ་ཞེས་སྔོན་འགྲོའི་བློས་གཏོང་གི་གཏམ་འདི་ཁོང་གིས་བཞག་ཡོད་པ་རེད་དཱ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese