སློབ་གྲྭ་འདིའི་ནང་གི་སློབ་ཕྲུག་ཚོས་བོད་ནས་ལ་བརྒྱབས་ཆུ་བརྒལ་བྱས་ཏེ་ཡོང་བ་རེད། གཅེས་པའི་ལུས་སྲོག་ལ་འཇིགས་སྣང་དང་། ཕ་མ་སྤུན་མཆེད་བྲལ་བའི་སྐྱོ་སྡུག་གི་འོག་ནས་ཡོང་བ་རེད། དགེ་ལས་ཡོངས་ཀྱིས་སྤྱིར་བཏང་གི་སློབ་མ་ཙམ་གྱི་འདི་ཤེས་མི་འཛིན་པར། སློབ་ཕྲུག་ཚོའི་ཕ་མ་གཉིས་པ་ལྟ་བུ་བྱས་ཏེ། བྱམས་སྐྱོང་དང་བརྩེ་བའི་ཁྱབ་པ་གནང་རོགས་ཟེར་ནས་ངས་རེ་བ་ཞུ་བཞིན་ཡོད། ཅེས་དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་གསུངས་ཡོད།
དེ་རིང་ཞོགས་པའི་ཆུ་ཚོད་ ༩ སྟེང་། ངྷ་རམ་ས་ལའི་ཉེ་འཁྲིས་ཤེས་རབ་དགའ་ཚལ་སློབ་གླིང་གི་སྐབས་ ༡༨ པའི་མཐར་ཕྱིན་སློབ་མའི་ཕྱག་འཁྱེར་སྤྲོད་པའི་མཛད་སྒོ་ཞིག་བསྡུས་ཡོད་ཅིང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་སྒྲུབ་རྒྱུད་བསྟན་པའི་སྲོག་ཤིང་དཔལ་རྒྱལ་བ་ཀརྨ་པ་མཆོག་དང་། དམིགས་བསལ་སྐུ་མགྲོན་ཤེས་རིག་དཀའ་བློན་ཐུབ་བསྟན་ལུང་རིག་མཆོག་དང་། དེ་བཞིན་རྒྱ་གར་ས་གནས་གྲོང་སྡེ་འགན་འཛིན་བཅས་ཕེབས་འདུག མཛད་སྒོའི་ཐོག་མར་དཔལ་རྒྱལ་བ་ཀརྨ་པ་མཆོག་ཤེས་རབ་དགའ་ཚལ་སློབ་གླིང་གི་དཔེ་མཛོད་ཁང་དུ་གཟིགས་སྐོར་གྱི་ཞོར་དུ། ཡུལ་ཤུལ་སྐྱེ་རྒུ་མདོ་ཁུལ་གྱི་སློབ་ཕྲུག་ ༣༠ ཙམ་ལ་ཟུར་མཇལ་གྱིས་སེམས་གསོ་གནང་དོན། ད་རེབ་གློ་བུར་དུ་རང་བྱུང་གི་འཇིགས་པ་ཆེན་པོ་ཞིག་བྱུང་སྟེ། ང་ཚོ་ཚང་མའི་སེམས་ལ་སྡུག་བསྔལ་བཟོད་དཀའ་བ་ཞིག་བྱུང་བ་རེད། འོན་ཀྱང་། ང་རང་གིས་ཀྱང་སོ་སོ་ལ་སེམས་གསོ་གཏོང་གིན་ཡོད། གནས་ཚུལ་འདིར་འཛམ་གླིང་གང་ས་ནས་ནང་པ་ཙམ་མ་ཡིན་པར་དགེ་སེམས་ཡོད་པ་ཡོངས་ཀྱིས་གསོལ་བ་སྨོན་ལམ་འདེབས་བཞིན་ཡོད་སྟབས། རྐྱེན་འདས་སུ་སོང་བ་དག་ལ་སྡུག་བསྔལ་ཡོང་གི་མ་རེད་བསམ་ཡོད། ཅེས་དང་།
ལྷག་པར་དུ་༧གོང་ས་སྐྱབས་མགོན་ཆེན་པོ་གཙོས་པའི་ཆོས་རྒྱུད་རུས་མེད་ཀྱི་བླ་ཆེན་རྣམས་དང་དགེ་འདུན་པ་རྣམ་པ། བོད་རིགས་ཚང་མས་བསྔོ་བ་སྨོན་ལམ་གསུང་གིན་ཡོད། ཤུལ་དུ་ལུས་ཡོད་པའི་ནང་དབང་བོ་སྐྱོན་ཅན་མང་པོ་ཞིག་བྱུང་ཡོད་རབས་གོ་སོང་། དེ་དག་ལ་ཕྱོགས་གང་ས་ནས་རོགས་རམ་རྒྱབ་སྐྱོར་ཡོང་གིན་ཡོད་སྟབས། ཁོང་ཅག་གང་འཚམ་ཡག་པོ་ཡོང་གི་རེད། ཁྱེད་ཆག་ཚང་མས་སེམས་ཁྲལ་མ་གནང་རོགས། ཁྱེད་ཚོའི་ཁྲོད་ནང་མི་གྲོངས་ཡོད་པ་དེ་འདྲ་ཡོད་ས་རེད། དམིགས་བསལ་གྱིས་ཞུ་རྒྱུ་ཞིག་ལ། གྲོངས་ཟིན་པ་དེ་གྲོངས་ཟིན་པ་རེད། དེའི་སྒང་ལ་སེམས་ཁྲལ་བྱས་ན། སྡུག་གི་སྟེང་ལ་སྣོན་པ་རེད། དེ་བས་སེམས་རྒྱ་ཆེར་སྐྱེད་ཀྱིས་མ་འོངས་པའི་མི་ཚེ་དོན་དང་ལྡན་པ་བྱས་ཏེ། ཤི་བོ་དག་གི་ཆེད་དུ་བསྔོ་ཐུབ་པ་ཡིན་ན་ཕན་ཐོགས་ཆེན་པོ་ཡོང་གི་རེད། ང་རང་ལ་མཚོན་ན་ཡང་། མ་འོངས་པར་ཚེ་ཚད་ག་ཚོད་ཡོད་ན། དེ་ཙམ་གྱི་བར་དུ་ད་རེབ་སྐྱེ་རྒུ་མདོར་འདས་གྲོངས་སུ་ཕྱིན་པའི་ཤི་བོ་དག་གི་ཆེད་དུ་བསྔོ་སྨོན་དང་དགེ་རྩ་གང་ཐུབ་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།
དེའི་རྗེས་སློབ་གྲྭའི་ཚོགས་ཁང་དུ་ཆིབས་སྒྱུར་བསྐྱངས་བའི་ཐོག སློབ་སྤྱི་མཆོག་གིས་སློབ་གྲྭ་ངོ་སྤྲོད་གནང་དོན། ༧གོང་ས་མཆོག་གི་བཀའ་དགོངས་ལྟར། དབུས་སྣེ་ལེན་ཁང་གི་འོག་ཏུ་ཕྱི་ལོ་ ༡༩༩༣ ལོར་རང་ལོ་ ༡༨ ནས་ ༣༠ བར་གྱི་སློབ་མ་ ༡༠༧ ཙམ་ཟུར་གསོག་གིས་སློབ་གྲྭ་འདི་ཐོག་མར་དབུ་བརྙས་པ་རེད། ༢༠༠༢ ལོར་ཤེས་རིག་ལས་ཁུངས་འོག་བཅུག་ཅིང་། ལག་ཤེས་དང་ཤེས་ཡོན་སྡེ་ཚན་གཉིས་སུ་བགོས་ཡོད། ད་ལྟའི་བར་ཁྱོན་བསྡོམས་སློབ་ཕྲུག་ ༦༣༤༧ ཙམ་ཕེབས་ཡོད་པ་ལས་སློབ་མཐར་ཕྱིན་པ་ ༦༨༦ དང་། རྩ་དགོངས་ཞུས་པ་ ༥༡༣༥ ཙམ་བྱུང་ཡོད། ད་ཆར་ངོ་བཞུགས་སློབ་མ་ ༥༢༥ དང་། དགེ་ལས་ ༥༢ ཙམ་ཡོད། ཅེས་ངོ་སྤྲོད་གནང་སོང་།
དེའི་རྗེས་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིག་མཆོག་གིས་བླངས་དོར་བཀའ་སློབ་བསྩལ་དོན། དེ་རིང་འདིར་སློབ་གྲྭ་མཐར་ཕྱིན་པའི་སློབ་ཕྲུག་ཁག་ཅིག་ཡོད། ཁོང་ཅག་ས་གང་ཞིག་ཏུ་ཕྱིན་ཡང་བོད་རིགས་ཀྱི་སྐུ་ཚབ་དང་། སློབ་གྲྭ་འདིའི་སྐུ་ཚབ་མཚོན་པའི་ཐོག་ནས་ཡ་རབས་བཟང་སྤྱོད་དང་ལྡན་པ། ང་ཚོའི་ཆོས་དང་རིག་གཞུང་གོམ་གཤིས་མིག་དཔེར་སྟོན་ཐུབ་པ་ཞིག་བྱ་རྒྱུ་གལ་ཆེན་པོ་རེད། ད་ལྟ་ང་ཚོའི་སྤྱི་ཚོགས་ནང་བཟང་སྤྱོད་ཇེ་ཞན་དུ་འགྲོ་བཞིན་ཡོད། ཡ་རབས་བཟང་སྤྱོད་འདི་འཛམ་གླིང་གི་མི་སུ་གང་ལའང་མེད་པར་བོད་མི་ཚོར་ཡིད་སྨོན་བྱེད་ཀྱི་ཡོད། དེར་སྲོག་ལ་གཅེས་པ་ལྟར་རྩ་ཆེན་དུ་བརྩི་དགོས། སློབ་ཐོན་པ་རྣམས་སློབ་གྲྭ་འདི་ལས་མཐར་ཕྱིན་པ་རེད་མ་གཏོགས་ཤེས་བྱ་ལས་མཐར་སོན་མེད་སྟབས། ད་དུང་མུ་མཐུད་དུ་སློབ་སྦྱོང་ལ་འབད་བརྩོན་གནང་རྒྱུ་གལ་ཆེན་པོ་རེད། ཅེས་དང་།
ཤུལ་དུ་བཞུགས་མཁན་ཚོ་ཡང་སྔར་སློབ་སྦྱོང་གི་གོ་སྐབས་མ་རག་ཀྱང་། གུན་གསབ་ལྟ་བུའི་ཆེད་དུ་འདིར་འཛོམས་ཏེ། མཐུན་རྐྱེན་དང་གནམ་གཤིས། སྒྲིག་ལམ་སོགས་ཀྱི་དཀའ་ངལ་ལ་གདོང་ལེན་བྱས་ཏེ་བཞུགས་ཡོད་སྟབས། སློབ་སྦྱོང་ལ་ཧུར་ཐག་དང་དགེ་རྒན་ཚོར་གུས་བཀུར་བྱ་དགོས། སོ་སོར་ཡོན་ཏན་སྩོལ་མཁན་གྱི་དགེ་རྒན་ལ་བརྩི་གུར་བྱས་ན་རྒྱུད་དུ་ཡོན་ཏན་འཇགས་པ་དང་། ཡོན་ཏན་དེས་མ་འོངས་པར་ཆེ་ས་ནས་རྒྱལ་ཁབ་དང་མི་རིགས། ཆུང་ས་ནས་སོ་སོ་སྒེར་གྱི་མི་ཚེ་མདུན་ལམ་ལ་ཕན་ཐོགས་ཆེན་པོ་ཡོང་གི་རེད། འདིར་བཞུགས་སློབ་མ་ཚོ་བོད་ནང་གི་རྒྱ་མིའི་གདུག་རྩུབ་འོག་ནས་མི་ཚེ་བསྐྱལ་ཞིང་། སློབ་སྦྱོང་གི་གོ་སྐབས་ཤིག་གི་ཆེད་དུ་ཕེབས་པ་ཡིན་སྟབས། དགེ་རྒན་ཚོའི་ངོས་ནས་ཀྱང་། སློབ་གྲྭ་གཞན་དང་མི་འདྲ་བའི་ཐོག་ནས་ལྟ་སྐྱོང་ཡག་པོ་གནང་དགོས། ཞེས་གསུངས་སོང་།
མཇུག་མཐར་རྒྱལ་བ་ཀརྨ་པ་མཆོག་གིས་ཡུལ་ཤུལ་ས་ཡོམ་གྱི་གོད་ཆག་ལ་གདུང་སེམས་མཉམ་སྐྱེད་དང་། སེམས་གསོའི་བཀའ་སློབ་སྔོན་ཏུ་བཏང་སྟེ། དགེ་སློབ་ཡོངས་ལ་གསུང་བཤད་གནང་དོན། དེ་རིང་འདིར་མཐར་ཕྱིན་སློབ་མ་ཁག་ཅིག་ལ་ལག་འཁྱེར་སྤྲོད་ཀྱིན་ཡོད་པ་རེད། དེ་ནི་སོ་སོའི་མི་ཚེ་ནང་གི་ཤེས་ཡོན་སློབ་སྦྱོང་མཇུག་སྒྲིལ་བ་དང་། ཤེས་ཡོན་གནས་ཚད་མཐར་ཕྱིན་པའི་ལག་འཁྱེར་མ་རེད། སློབ་སྦྱོང་གི་ཚད་གཞི་གཅིག་གི་མཚོན་རྟགས་ཙམ་རེད། ད་བར་རང་ཡུལ་བཞག་ཅིང་མི་ཡུལ་འགྲིམ་སྟེ། ཟས་གོས་གནས་མལ་གང་ཐད་ཀྱི་དཀའ་ངལ་ལ་མ་འཛེམས་པར་སློབ་སྦྱོང་གི་གྲུབ་འབྲས་ཤིག་བླངས་ཡོད་སྟབས། ད་དུང་མུ་མཐུད་དོ་སྣང་དང་སྦྱང་བརྩོན་བྱ་དགོས་ལ། ག་དུས་ཡིན་ཡང་བོད་མི་རིགས་དང་། བོད་ཀྱི་རིག་གཞུང་མ་བརྗེད་པ་བྱ་དགོས། ཞེས་དང་།
བོད་པ་ཚོར་འདི་འདྲའི་སྐྱོན་ཞིག་ཡོད་པ་རེད་ཟེར། སོ་སོའི་མིག་རྒྱང་གང་བོ་དེ་དྲ་རྒྱས་པོ་བྱུང་བ་ཡིན་ན། ཡོངས་རྫོགས་འགྲིག་ཡོད་པའི་བསམ་ཚུལ་ཡོད། ལྟ་ཚུལ་དེའི་དབང་གིས་འཛམ་གླིང་གཞན་ལ་ལྟ་མ་ཐུབ་པ་ཆགས་ཡོད། འཛམ་བུ་གླིང་ལ་ཉི་མ་ཤར་ཡང་། སོ་སོའི་སྒེའུ་ཁུང་བརྒྱབས་ནས་བཞག་ཡོད་ཟེར་བའི་དཔེ་ལྟར། གལ་སྲིད་བོད་མི་རིགས་འཛམ་གླིང་ཐོག་མུ་མཐུད་དེ་འཚོ་གནས་ཐུབ་པ་དང་། བོད་ལ་རང་དབང་ཞིག་ཐོབ་ཅིང་རང་གི་ས་ལ་རང་གིས་བདག་པོ་རྒྱག་རྒྱུའི་ཉིན་མོ་ཞིག་བྱུང་ན། ཤེས་ཡོན་མེད་ན་ཁག་པོ་རེད། མི་རིགས་འདི་དང་རྒྱལ་ཁབ་འདིའི་མ་འོངས་པའི་མདུན་ལམ་ཁྱེད་ཅག་གི་ལག་ཏུ་ཡོད་སྟབས། སོ་སོ་ལ་རིན་ཐང་དང་རེ་བ་ནན་པོ་འདོན་དགོས། ད་ཆར་ང་ཚོ་ཕྱི་དབུགས་ཆད་ཀྱང་ནང་སྲོག་མ་ཆད་པར་བསྡད་ཡོད། སྤྱིར་བསམ་བློ་བཏང་ན་སོ་སོ་གལ་ཆེན་པོ་ཡིན་ཡང་། མི་རིགས་དང་རྒྱལ་ཁབ་ལ་བསྡུར་ན་སོ་སོ་གལ་ཆེན་མ་རེད། དེར་བརྟེན། ཁྱེད་ཅག་གིས་ཆེ་སར་འཇུས་ཏེ་ཆུང་ས་དོར་དགོས། རེ་བ་དང་ཡིད་ཆེས་མ་བརླག་པའི་ཐོག་ནས་མདུན་སྐྱོད་བྱ་དགོས། ཞེས་གསུངས་སོང་།
ཁོང་གིས་གནའ་དེང་གི་ཤེས་ཡོན་ཟུང་འབྲེལ་ཐོག་སྦྱོང་གལ་ཆེ་སྐོར་གསུངས་དོན། སློབ་གྲྭ་འདི་སྔོན་མ་དང་བསྡུར་ན་ཡར་རྒྱས་ཆེན་པོ་ཕྱིན་འདུག ནང་གི་ཤེས་ཡོན་ཡང་ཡར་རྒྱས་སུ་འགྲོ་དགོས། གནའ་དེང་གི་ཤེས་ཡོན་འདབས་གཤོག་ཟུང་ལྡན་ཡིན་དགོས། བོད་པའི་སྲོལ་རྒྱུན་གྱི་ཤེས་ཡོན་མེད་ན། བོད་མིའི་ཁོག་པ་སྟོང་པ་ཆགས་འགྲོ་བ་རེད། འོན་ཀྱང་། རྙིང་པ་རྐྱང་རྐྱང་ལ་རྙིང་ཞེན་བྱས་ན། བོད་རྒྱ་ལག་ཏུ་ཤོར་བ་དེ་ཡང་བོད་པར་རྙིང་ཞེན་ཆེ་དྲགས་པའི་མིན་ནམ་སྙམ་གྱི་ཡོད། དེང་གི་ཤེས་ཡོན་སྦྱང་ན། གཅིག་ནས་བོད་པའི་ཆོས་དང་རིག་གཞུང་ནུས་པ་ཆེན་པོས་སྲུང་སྐྱོབ་ཐུབ་པ་དང་། ཕྱོགས་གཞན་ཞིག་ནས་བོད་མི་རིགས་ཀྱི་མ་འོངས་པའི་མདུན་ལམ་སྲ་བརྟན་ཡོང་ཐུབ། གནའ་དེང་གི་ཤེས་ཡོན་སྙོམ་སྒྲིག་བྱ་ཐུབ་ན། བོད་པ་སའི་གོ་ལའི་སྟེང་ནས་མུ་མཐུད་འཚོ་ཐུབ་པ་དང་། འཚོ་བ་དེ་ཡང་གཟི་བརྗིད་དང་ལྡན་པ་ཞིག་ཡོང་གི་རེད། ཅེས་གསུངས་སོང་།
ཁོང་གིས་མུ་མཐུད་དུ་སློབ་གྲྭའི་དགེ་རྒན་དག་ལ་དམིགས་ཏེ་གསུངས་རྒྱུར། སློབ་གྲྭ་འདིའི་ནང་གི་སློབ་ཕྲུག་ཚོས་བོད་ནས་ལ་བརྒྱབས་ཆུ་བརྒལ་བྱས་ཏེ་ཡོང་བ་རེད། གཅེས་པའི་ལུས་སྲོག་ལ་འཇིགས་སྣང་དང་། ཕ་མ་སྤུན་མཆེད་བྲལ་བའི་སྐྱོ་སྡུག་གི་འོག་ནས་ཡོང་བ་རེད། དགེ་ལས་ཡོངས་ཀྱིས་སྤྱིར་བཏང་གི་སློབ་མ་ཙམ་གྱི་འདི་ཤེས་མི་འཛིན་པར། སློབ་ཕྲུག་ཚོའི་ཕ་མ་གཉིས་པ་ལྟ་བུ་བྱས་ཏེ། བྱམས་སྐྱོང་དང་བརྩེ་བའི་ཁྱབ་པ་གནང་རོགས་ཟེར་ནས་ངས་རེ་བ་ཞུ་བཞིན་ཡོད། སློབ་ཕྲུག་འདི་དག་གི་ཕ་མ་ཚོས་སོ་སོའི་རྒྱལ་ཀབ་ཀྱི་ལ་ཞེན་ཞིག་དང་། མི་རིགས་ཀྱི་རིག་གཞུང་གི་ཆེད་དུ་ཤ་ལས་ཆེད་པའི་བུ་ཕྲུག་ཚོ་ས་ཐག་རིང་པོར་བཏང་བ་རེད། བློས་གཏོང་ཆེན་པོ་འདི་ལ་ང་ཚོ་ཚང་མས་གུས་བཀུར་བྱ་དགོས་ལ། བྱམས་སྐྱོང་གི་ཐོག་ནས་མི་ཚེ་མདུན་ལམ་བཟང་བོ་ཞིག་སྟོན་དགོས། ཞེས་གསུངས་སོང་།
ཁྲོ་རྒྱལ་ལགས།ང་ལྟ་བུ་མི་བརྒྱ་ཡོད་ཀྱང་བོད་དོན་ལ་གནོད་མི་སྲིད།དེ་ཤེས་དགོས།མིང་ཆེ་བའི་མི་དེ་ཚོ་དོན་ལ་དེ་ལྟར་མ་ཡིན་ན་བོད་སྤྱིའི་ལས་དོན་བྱེད་ཕྱོགས་ལ་གནོད་ཚབ་ཤུན་ཏུ་ཆེ།ཁྱེད་ཀྱི་སྐད་བཤད་ཕྱོགས་ཞེན་ཁོག་གྱི་དབང་དུ་སོང་བའི་མི་འགའ་ཞིག་གིས་བྱ་སྤྱོད་པ་མ་ཟད།དུས་རབ་སྔོན་གྱི་བྱེད་སྟིང་ཞིག་ལས་མ་འདས་བའི་བོད་དོན་ལ་བསམ་བློ་གཏོང་གལ་ཆེ།བོད་མི་ཞིག་ཡིན་པའི་ཆ་ནས་འགན་ཡོད་པ་གཅིག་པ་ཡིན།
བྲ་རྡོར་ལགས། དངོས་གནས་གནད་ལ་ཕོག་འདུག རང་ཉིད་ཀྱི་ཁ་ཐབས་ལ་བསམ་མནོ་ཁྱོན་ནས་གཏོང་མི་ཤེས་ཤིང་། གཞན་དག་ལ་གང་འདྲའི་ཡོན་ཏན་རྒྱ་ཆེན་ཡོད་ནའང་མི་མཐོང་བའི་ཕྱོགས་ཞེན་ཅན་གྱི་མཚང་ལ་ཕོག་སྟེ་རང་སྐྱོན་གྱི་བཞིན་རང་ངན་པ་གསལ་བར་མཐོང་བྱེད་ཀྱི་མེ་ལོང་དུ་སོང་འདུག་པས་ངོ་མ་ཡ་མཚན་པོ་རེད། དུས་ཚོད་གཉན་འཕྲང་འདི་འདྲའི་སྐབས་སྐད་ཆ་འདི་ལྟར་བཤད་མཁན་ཡོད་པ་དེས་བོད་པའི་སྤྱི་ཚོགས་ནང་དབྱིན་དཀྲུག་གི་ལས་ངན་ཚབ་ཆེན་བསགས་པ་རེད། སྡུག་བསྔལ་འདོད་མཁན་ཚོས་ཐུགས་རྗེ་ཆེ་ཞུའི་བསམ་ཚུལ་སྟོན་ན་ཡག་པོ་འདུག །ལོ།
ཧ་ཧ་ཧ་གྲྭ་རྒོད་ཟེར་དེ་ངོ་མ་གྲྭ་རྒོད་ཞིག་ཡིན་པ་འདྲ།དོན་གནད་ལ་ཕོག་འདུག
རང་ཉིད་ལ་བསམ་བློ་བཏང་མི་འདུག་གཞན་དོན་རང་གི་ཐོག་ནས་བཤད་པ་དེ་ངོ་མ་ཡ་མཚན་པོ་ཞིག་རེད།དུས་ཚོད་འདི་འདྲ་བའི་ནང་སྐད་ཆ་འདི་ལྟར་བཤད་མཁན་ཡོད་པ་དེ་སྤྱི་ཚོགས་ལ་ཕན་ངེས་ཞིག་རེད་ཐུགས་རྗེ་ཆེ།བསམ་ཚུལ་ཡག་པོ་འདུག
ངོ་མ་བཀའ་སློབ་ཟབ་མོ་གནང་འདུག་ཐུགས་རྗེ་ཆེ། རྗེས་མ་ནས་ཡང་ཡང་གསུང་རོགས་ཞུ།
ཨོ་དངོས་གནས་གྲྭ་རྒོད་རང་རེད་ཤག །སང་ཉིན་ནས་བོད་རང་བཙན་ལེན་ཡོང་ས་རེད་འོ། རྒྱལ་བ་ཀརྨ་པས་ལུས་སྲོག་ལོངས་སྤྱོད་ལ་མ་བལྟས་པར་བོད་མི་རིགས་རིག་གཞུང་དང་བཅས་པར་སྐུ་ལས་སྐྱོན་བཞིན་པ་འདི་ལས་ལྷག་པ་ཞིག་འཇོན་ཡོད་ས་རེད། དངོས་གནས་ཡག་པོ་འདུག །འོན་ཏེ་མི་ཁ་ཤས་ལ་སོ་སོར་ཕན་ཐོགས་ཡོད་པའི་ཚིག་གཅིག་ལབ་པའི་ནུས་པ་ཙམ་ཡང་མེད་པར་མི་གཞན་དག་གི་བྱས་རྗེས་ལ་སེམས་གཏིང་ནས་ཁྲོས་འཁྲུགས་ཏེ་དགྲ་དགའ་གཉེན་སྡུག་གི་ལས་ཀ་ཐ་ཆད་ལ་མི་ཚེ་རྫོགས་འགྲོ་བའི་སྐྱེ་བོ་ཐ་ཤལ་དེ་ཚོའི་གྲས་ཡིན་འགྲོ། དེ་འདྲའི་རིགས་ང་ཚོ་བོད་མི་རིགས་ནང་གཅིག་ཡོད་ནའང་དཔེ་མ་སྲིད་པའི་སྐྱོ་བོ་རེད། བོད་ནང་ལོགས་ཀྱི་ཁ་མ་དགེ་བཀྲ་མ་ཤིས་པ་བྱེད་མཁན་ཚང་མ་དེ་ཚོའི་གྲས་རེད། བོད་མི་རྒྱལ་བཙོང་བ་དེ་ཚོ་ལ་གཅིག་ལྟོས་དང་། ལབ་སྟངས་ལ་བལྟས་ན་ཁོང་ཡང་ལས་ངན་གྱིས་དེ་ཚོའི་གྲས་ལ་འཕངས་བཞག་པ་ཞིག་ཡིན་ས་རེད། དངོས་གནས་སྙིང་རྗེ།
ཨོ་ལེ། འཛམ་གླིང་ཉི་མ་ཇི་ལྟར་དྲོ་ཡང་། བོད་འདི་ས་ཕུག་ཁ་བྱང་ལྟ་རུ་ལུས།
རྒྱལ་དབང་ཀརྨ་པའི་རྩོམ་ཡིག་སྦེལ་བ་ཡག་པོ་རེད།འོན་ཀྱང་ཆབ་སྲིད་ཀྱི་ཐོག་ནས་བོད་གངས་ཅན་ལ་ཕན་པའི་ལས་དོན་རེ་བསྒྲུབ་ན་དགའ་བསུ་ཡོད།དེ་མིན་ཁ་བདེ་མགོ་བདེ་མང་བའི་དེ་ཙམ་དགོས་པ་མ་མཐོང་།ལོ་འདི་དག་གི་རང་ལ་ཆབ་སྲིད་ཀྱི་ཐོག་ནས་ལས་འགུལ་གང་འདྲ་ཞིག་ཡོད་དམ།རྒྱ་ནག་ཕྱོགས་ནས་ཁོང་ལ་ལྟ་སྟིང་གང་འདྲ་ཞིག་ཡོད་ན།ཡ་ཡ་སྐུ་ཚེ་བརྟེན།
ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་མ་ཚོ་ལ་བཀྲིས་བདེ་ལགས་ཞུ
སྤྲུལ་སྐུའི་མིང་ཅན་མང་པོ་ལ་ཆོས་དང་རིག་གནས་ཀྱི་ཡོན་ཏན་མེད་པར་མ་ཟད་བོད་བསྟན་སྲིད་ཀྱི་གནས་སྟངས་ལ་སེམས་ཚོར་ཅི་ཡང་མེད་པའི་མུན་སྟོང་དུ་གྱུར་བའི་སྐབས་འདིར། བོད་པའི་རིག་གནས་ཀྱི་བྲོ་བ་ཡོད་པའི་རྒྱལ་དབང་ཀརྨ་པ་མཆོག་གི་རྩོམ་ཡིག་འདི་མཐོང་བས་རང་སེམས་ལ་སྤོབས་པ་རྒྱས་སོང་།
རྒྱལ་དབང་ཀརྨ་པ་མཆོག་ཉིད་བསྟན་འགྲོའི་མགོན་དུ་སྐུ་ཚེ་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་ཆོས་བཞིན་འགྲུབ་པ་དང་། རླབས་ཆེན་གཞན་ཕན་ཀྱི་མཛད་ཕྲིན་འཛམ་གླིང་ཀུན་ནས་ཀུན་ཏུ་འཕེལ་ཞིང་རྒྱས་གྱུར་ཅིག
གོ་སྐབས་འདི་བརྒྱུད་དེ་ཆོས་རྗེ་རྒྱལ་དབང་ཀརྨ་པ་རིན་པོ་ཆེས་གཙོས་པའི་བསྟན་འཛིན་སྐྱེས་ཆེན་རྣམས་ལ། ངས་ལྷག་བསམ་རྣམ་དག་གི་རེ་བསྐུལ་ཁ་ཤས་ཞུས་ན།
༡༽ ཚད་བཀག་མེད་པར་མུ་འཐུད་དེ་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གིས་རིས་མེད་བླ་མ་ཚད་ལྡན་རྣམས་ཀྱི་མདུན་ནས་དབང་ལུང་ཁྲིད་གསུམ་ཟབ་མོ་ཐོབ་ཐབས་གནང་དགོས།
༢༽ སྐུ་གོང་མ་ནང་བཞིན་མདོ་རྒྱུད་མན་ངག་རྣམས་ལ་ཐོས་བསམ་སྒོམ་པར་བྱེད་དགོས་ཞིང་། ཁྱད་པར་བྱང་སེམས་ལ་བློ་སྦྱོང་དང་། ཡང་སྒོས་ཡི་དམ་ཀྱི་ཉམས་ལེན་དང་ཕྱག་རྫོགས་ཀྱི་མན་ངག་ལ་གཞུང་ནས་གསུང་བའི་ཉམས་རྟོགས་ཀྱི་རྟགས་རྣམས་མ་ཐོན་བར་བསྙེན་སྒྲུབ་ལ་བཞུགས་ཐབས་གནང་དགོས།
༣༽ མནའ་བོའི་བོད་ཀྱི་བཅུ་ཕྲག་རིག་གནས་ལ་སློབ་སྦྱོང་ལེགས་པར་བྱེད་དགོས་པ་གཞིར་བཞག དེང་རབས་ཀྱི་རང་བྱུང་ཚན་རིག སྤྱི་ཚོགས་ཚན་རིག སྐྱེ་དངོས་ཚན་རིག སེམས་ཁམས་ཚན་རིག ཚད་བསྡུར་ཚན་རིག་སོགས་ལ་སློབ་སྦྱོང་གང་འཚམས་ཞིག་བྱེད་དགོས་ཏེ། དེང་སང་མི་མང་པོས་ཚན་རིག་ལ་རྨོངས་དད་བྱེད་བཞིན་ཡོད་པར་མ་ཟད་དགེ་བཤེས་དང་སྤྲུལ་སྐུའི་མིང་ཁྱེར་མཁན་གྱི་ཆེ་རློམ་པ་འགའ་རེས་ཀྱང་། གཞན་ཟེར་གཡོམ་བརྒྱུགས་ཀྱིས་སངས་རྒྱས་ཀྱི་ཆོས་ལས་ཚན་རིག་བདེན་པ་ཆེ་སྙམ་པའི་ལོག་རྟོག་གི་སྨྲེང་ངག་འདོན་གྱིན་འདུག་པས་གཟབ་དགོས།
༤༽ དེང་སང་བོད་ཀྱི་མཁན་སྤྲུལ་ཆོས་ཤེས་མཁན་ཅུང་ཟད་ཡོད་པ་ཐམས་ཅད་ཕྱི་རྒྱལ་ལ་ཕེབསཅིང་བཞུགས་ནས། མ་བསྐུལ་དང་ལེན་ཀྱིས་ཕྱི་རྒྱལ་མི་སྐྱ་ཕོ་མོ་ཐམས་ཅད་ལ། དགའ་ཚོར་ཆེན་པོས་བཀའ་ཆོས་གང་ཟབ་གསུང་བ་དང་འབྲེལ། ཆོས་ཞུ་བ་ཚོ་ལ་ཁ་དགའ་ངོ་ཡག་གིས་གུས་བཀུར་ཆེན་པོར་བྱེད་བཞིན་ཡོད་ན་ཡང་། བྱམས་བརྩེ་ཅན་གྱི་མཁན་སྤྲུལ་འདི་ཚོས། བོད་དང་རྒྱ་བལ་འབྲུག་གསུམ་ལ་ཡོད་པའི་བོད་རིགས་མི་སྐྱ་ཕོ་མོ་ཚོ་ལ། ཕྱག་དབང་ཙམ་གནང་བའམ་མྐབས་རེ་ཚེ་དབང་ཙམ་བསྐུར་བ་ལས་དགའ་ཚོར་ཆེན་པོས་བཀའ་ཆོས་གང་ཟབ་གནང་མཁན་ཕལ་ཆེར་མེད་པར་བརྟེན། དེང་སང་བོད་རིགས་མི་སྐྱ་ཕོ་མོ་མང་ཆེ་བས་སངས་རྒྱས་ཆོས་ལ་རྨོངས་དད་ཡོད་ལ་མེད་ལ་ཁད་ཙམ་ལས། མཆོག་གསུམ་ལ་རྒྱུ་མཚན་ཤེས་པའི་དད་པ་ཡང་དག་ཡོད་མཁན་ཤིན་ཏུ་དཀོན་པས། བོད་ཀྱི་མི་རབས་རྗེས་མ་རྣམས་ཆོས་མེད་ཀླ་ཀློའི་མི་རིགས་ཞིག་ཏུ་འགྱུར་ཉེན་ཆེན་པོར་འདུག།
སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་དང་བསྟན་འཛིན་སྐྱེས་མཆོག་རྣམས་ཀྱི་བཀའ་དྲིན་ལས་དེང་སྐབས་འཛམ་གླིང་ཡུལ་ཁམས་ཀུན་ཏུ་བོད་ཀྱི་ནང་ཆོས་ལ་སློབ་སྦྱོང་བྱེད་མཁན་དང་ཉམས་ལེན་ཉིན་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་ཀྱང་བོད་ཕྱི་ནང་གི་བོད་མི་མང་པོ་ཞིག་ཆོས་མེད་སྨྲ་བར་འགྱུར་མཁན་ཇེ་མང་ལ་འགྲོ་བཞིན་འདུག བོད་མི་བརྒྱ་ཆ་བརྒྱད་ཅུ་ལྷག་གིས་ཆོས་ལ་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་མ་རགས་པས། བོད་མི་ནང་ཆོས་ཀྱི་རིན་ཐང་དངོས་གནས་་ཤེས་མཁན་ཕལ་ཆེར་མེད་ལ་བོད་ཀྱི་གྲྭ་བ་ཆོས་བཤད་ཕོད་མཁན་ཕལ་ཆེར་མེད་ལྟ་བུ་རེད། དཔེར་ན། བལ་ཡུལ་དུ་བོད་ཀྱི་ཁྱིམ་ཚང་གཅིག་ལ་སྤྲུལ་སྐུ་གསུམ་ལྷག་འཁྲུངས་ོ་དང། སྤྲུལ་སྐུ་དེ་ཚོས་རྒྱལ་ཁབ་དུ་མར་ཆོས་ཚོགས་བཙུགས་པས། མི་མང་པོ་ཞིག་ནང་ཆོས་ལ་དོ་སྣང་བྱེད་ཐུབ་པ་བྱུང་ཡོད་ཀྱང་། སྐྱོ་དགོས་པ་ཞིག་ལ་ཁོ་ཚོའི་ཕ་མ་རྒན་ཁོག་གཉིས་མ་ཡིན་པའི། ནང་མི་སྤུན་མཆེད་ཚང་མ་ཆོས་ལ་དད་པ་མེད་པར་མ་ཟད་བོད་ཞེན་ཙམ་ཡང་མི་འདུག གནས་སྟངས་ཐབས་སྡུག་འདི་འདྲ་འབྱུང་བའི་རྒྱུ་མཚན་ནི། བོད་ཀྱི་བླ་མ་ཚོས་ཕྱི་རྒྱལ་ཀྱི་མི་ལ་ཆོས་བཤད་པ་ལས། རང་རིགས་བོད་མི་ལ་ཆོས་མི་བཤད་པའི་གོམས་སྲོལ་ངན་པ་དང་། བོད་མི་ཕ་མ་ཚོས་བོད་ཀྱི་རིག་གཞུང་ལས་ཕྱི་རྒྱལ་རིག་གཞུང་ཡ་མཚན་ཆེ་སྙམ་པའི་རྨོངས་དད་ཤུགས་ཆེ་ཡོད་པའི་རྐྱེན་ཀྱིས་རེད།
དེར་བརྟེན་གལ་ཏེ་བོད་ཀྱི་མཁན་སྤྲུལ་དགེ་བའི་བཤེས་གཉེན་རྣམས་ལ་བྱམས་སྙིང་རྗེ་རེ་ཡོད་ན། ངེས་པར་དུ་ཐུགས་བརྩེ་བས་ཆོས་ཀྱི་ཤེས་ཡོན་མེད་པའི་བོད་མི་སྐྱ་ཕོ་མོ་ཐམས་ཅད་ལ། ཟབ་མོའི་བཀའ་ཆོས་གང་མང་གནང་ནས་ཆོས་དང་མི་ཚེ་ཕན་ཚུན་གྲོགས་སུ་འགྱུར་བ་ཞིག་བྱས་ཏེ། ཆོས་ཀྱི་རིན་ཐང་ཤེས་ཞིང་མི་ཚེའི དོན་སྙིང་རྙེད་པའི་ཆོས་ལྡན་མི་རིགས་ཞིག་འཛམ་གླིང་ཞི་བདེའི་རྒྱན་དུ་ཡུན་རིང་དུ་གནས་ཐུབ་པར་བྱེད་དགོས།
བོད་ཀྱི་སྐྱབས་མགོན་མཁན་སྤྲུལ་རྣམས་ཀྱིས་བོད་མི་སྐྱབས་མེད་རྣམས་ལ་ཉུང་མཐའ་ཡང་གཟའ་འཁོར་རེའི་གཟའ་ཉི་མའི་ཆུ་ཚོད་བཅུ་བ་ནས་བཅུ་གཉིས་བར་བཀའ་ཆོས་ཐེངས་རེ་གནང་རོགས་ཞུ་རྒྱུ་དང་། གལ་ཏེ་བཀའ་ཆོས་གནང་མཁན་མ་རྙེད་པའམ་སྐབས་རེ་ངེས་པར་དུ་སྐྱབས་མགོན་རྒྱལ་བ་རིན་པོ་ཆེའི་འོད་སྡེར་ལ་བལྟ་ཉན་བྱེད་དགོས།
༥༽ ཁྱད་པར་དགོན་བདག་བླ་མ་ཚོ་ནི། དུས་ཚོད་མང་ཆེ་བ་ཕྱི་རྒྱལ་ཀྱི་སྦྱིན་བདག་ཚོའི་ཆེད་དུ་ངོམ་ཆོས་ཀྱི་མཛད་རིམ་སྣ་ཚོགས་ལ་བྲེལ་ནས་སྒོར་མོ་བཙལ་དགོས་པས། རང་གི་གྲྭ་བ་ཚོ་ལ་ཆོས་བཤད་རིན་མེད་པའམ་བཤད་ཁོམ་མེད་ལ། གྲྭ་བ་ཚོས་ཀྱང་དཔོན་ཉམས་དོད་པའི་དགོན་བདག་བླ་མ་རྣམས་ནི་སྦྱིན་བདག་སྐུ་ངོ་ཀྱི་འདུ་ཤེས་ཙམ་ལས་བླ་སློབ་ཀྱི་འབྲེལ་བ་ངོ་མ་ཞིག་བྱེད་མྱོང་མེད་པའི་སྐྱོན་ཀྱིས། དགོན་པའི་ནང་གི་གྲྭ་བ་མང་ཆེ་བས་ཞོགས་ཚོགས་དགུང་ཚོགས་ལྟ་བུའི་རྒྱུན་འདོན་གྱི་ལྟ་སྒོམ་སྤྱོད་པའི་གོ་དོན་དང་དགོས་པ་རྒྱུ་མཚན་གང་ཡིན་མི་ཤེས་པ་དང་། ཐ་ན་ས་ོསོའི་ཁ་འདོན་ཀྱི་ཚིག་དོན་ཙམ་ཡང་ཚུལ་བཞིན་ཤེས་མཁན་དཀོན་པོ་གྱུར་ཡོད།
ཆོས་མི་ཤེས་པའི་བླ་གྲྭ་མང་པོ་ཞིག་དགོན་པའི་ནང་དུ་ཡུན་རིང་བྲེལ་ཟིང་གིས་མི་ཚེ་བསྐྱལ་ནས་བསྡད་ཀྱང་། ཉོན་མོངས་མར་འགྲིབ་དང་དངོས་གྲུབ་ཡར་འཕེལ་ནི་ཕལ་ཆེར་མེད་པས། ཆོས་ཀྱི་སློབ་སྦྱོང་མ་ཐོབ་པའི་ཉམ་ཆུང་གྲྭ་བ་མང་པོ་རིམ་པས་སྐྱ་སར་བབ་ནས། བོད་ཀྱི་ནང་ཆོས་ནི་ཕྱི་རྫིག་ནང་སྡུག་གི་ཆོ་ག་ཕྱག་ལེན་དང་། རྟགས་གསལ་སྐམ་པོ་ཙམ་རེད་འདུག་སྙམ་པའི་ལོག་ལྟ་སྐྱེས་ནས། བོད་ཀྱི་ནང་ཆོས་ལ་སྐྱོན་བརྗོད་བྱེད་མཁན་མང་པོ་བྱུང་དང་བྱུང་བཞིན་ཡོད་ན། ཤེས་ལྡན་དགོན་བདག་བླ་སྤྲུལ་ཡོངས་ནས་ཆོས་ཀྱི་སློབ་སྦྱོང་ནམ་ཡང་མི་ཐོབ་པའི་ཉམ་ཆུང་དགོན་པའི་གྲྭ་བ་རྣམས་ལ་བྱམས་དང་སྙིང་རྗེ་ཆེན་པོས་་དམིགས་བསལ་ཀྱིས་བཀའ་ཆོས་གང་མང་གནང་ཐུབ་པ་བྱེད་དགོས་སོ།
༼ ཤེས་རབ་དགའ་ཚལ་སློབ་གླིང་འདིར་ད་ལྟའི་བར་ཁྱོན་བསྡོམས་སློབ་ཕྲུག་ ༦༣༤༧ ཙམ་ཕེབས་ཡོད་པ་ལས་སློབ་མཐར་ཕྱིན་པ་ ༦༨༦ དང་། རྩ་དགོངས་ཞུས་པ་ ༥༡༣༥ ཙམ་བྱུང་ཡོད། ༽ དྲ་གྲོགས་ཚོས་གོང་གི་ཚིག་དུམ་འདིའི་ཐད་བསམ་གཞིགས་ནན་པོ་གནོང་དང་།
དཔལ་རྒྱལ་བ་རྐམ་པ་མཆོག་གིས་ཀྱང་༧གོང་ས་མཆོག་ལ་ཕྱག་རོགས་གནང་རེག་འདུག
ཤུལ་ལུས་སློབ་ཕྲུག་ཚོར་སྙིང་གཏིང་ནས་གདུང་སེམས་མཉམ་སྐྱེས་ཞུ་བཞིན་ཡོད།
གཞུང་གིས་ཁོང་ཚོ་ལ་དམིགས་བསལ་གྱི་རོགས་སྐྱོར་ཚོགས་ཆུང་འདྲ་བཙུགས་ཡོད་དམ སྙིང་རྗེ
སྐབས་འདི་དང་འབྲེལ་བ་དེ་ཙམ་མེད་པ་ཞིག་སྟེ། བོད་པའི་གཞས་པ་གྲགས་ཅན་བཀྲས་ཆུང་ལགས་ནས་གཙོ་ཁྲིད་བྱས་པའི་བོད་པའི་ལོ་རྒྱུས་སྟེང་གི་བོད་རིགས་བྱིས་པའི་གླུ་གཞས་ཆེད་བསྒྲིགས་འོད་སྡེར་སེམས་གཞས་ཞེས་པ་དེ་མི་འགྱངས་པར་བྱང་ཨ་རིའི་བོད་རིགས་འདུས་སྡོད་ས་ཁུལ་གྱིས་གཙོས་པའི་སྤྱི་ཚོགས་སྟེང་འགྲེམ་སྤེལ་དང་སྐོར་སྐྱོད་བྱེད་རྒྱུ་རེད། གནས་ཚུལ་གསལ་བོ་གཤམ་གྱི་དྲ་རྒྱ་ལས་ཤེས་ཐུབ།
http://www.semshae.org
ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་ཐོན་སློབ་མ་རྣམས་སློབ་གྲྭ་དེ་ནས་སློབ་ཐོན་ཕྱག་འཁྱེར་བཞེས་ཐུབ་པར་དམིགས་གསལ་གྱི་མཚམས་འདྲི་དང༌། ངའི་རེ་བར་ཁྱོད་རྣམས་ནས་བོད་ཡིག་ཐོག་རིགས་གཅིག་རྐང་འཛིན་གྱི་སློབ་སྦྱོང་གནང་ནས་ང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་ཚད་ལྡན་གྱི་བོད་དགེ་ཞིག་རྙེད་རྒྱུ་ཧ་ཅང་དཀོན་པས་དེའི་ས་སྟོང་དེ་འགེངས་ཐུབ་པའི་རེ་བ་དང་སྨོན་འདུན། བསམ་དོན་ལྷུན་གྱི་སྒྲུབ་སྨོན་འདུན་ཡང་ཞུ༎ ༎
ཟབ་གསལ་གསུང་གི་བདུད་རྩི་སྩལ་འདུག་དངོས་ཉིད་ཅི་གསུང་བཀའ་སྒྲུབ་ཞུ་དགོས། སྐུ་ངོ་ཐུབ་བསྟན་ལུང་རིགས་ལགས་ཀྱིས་སློབ་གྲྭ་འདི་ལས་མཐའ་ཕྱིན་པ་མ་གཏོགས་ཤེས་བྱ་ལ་མཐའ་ཕྱིན་མེད་གསུང་པ་དང་རིན་པོ་ཆེས།
དེ་རིང་འདིར་མཐར་ཕྱིན་སློབ་མ་ཁག་ཅིག་ལ་ལག་འཁྱེར་སྤྲོད་ཀྱིན་ཡོད་པ་རེད། དེ་ནི་སོ་སོའི་མི་ཚེ་ནང་གི་ཤེས་ཡོན་སློབ་སྦྱོང་མཇུག་སྒྲིལ་བ་དང་། ཤེས་ཡོན་གནས་ཚད་མཐར་ཕྱིན་པའི་་ལག་འཁྱེར་མ་རེད། སློབ་སྦྱོང་གི་ཚད་གཞི་གཅིག་གི་མཚོན་རྟགས་ཙམ་རེད། གསུང་འདི་གཉིས་པོ་དེ་དངོས་ཉིད་རླབས་ཆེན་གྱི་བཀའ་མོལ་ཞིག་ཡིན་པར་མངོན།
དགོང་དག། བསམ་འགྲུབརྒྱ་མཚོ་ཞེས་པའི་རྒྱ་མཚོ་དེ་ཆད་འདུགས
ཤེས་རབ་དགའ་ཚལ་སློབ་གླིང་གི་སློམ་མ་འདི་ཚོ་ལ་རེ་བ་ཆེན་པོ་ཡོད། དཔེར་ན་རྩོམ་པ་པོ་སྒྲོལ་མ་སྐྱབས་ལགས་སློབ་གླིང་འདིའི་སློམ་མ་རེད་འདུག་ལ། ཉེ་ཆར་ལྷ་སར་སྐད་འབོད་བྱེད་མཁན་བསམ་འགྲུབ་ལགས་ཀྱང་སློབ་གླིང་འདིའི་སློབ་མ་རེད་འདུགས། དེས་མཚོན་ནས་ད་རུང་དེ་དང་དེ་འདྲ་བ་མང་པོ་ཞིག་བྱུང་ཡོད།
། སྤྱིར་བསམ་བློ་བཏང་ན་སོ་སོ་གལ་ཆེན་པོ་ཡིན་ཡང་། མི་རིགས་དང་རྒྱལ་ཁབ་ལ་བསྡུར་ན་སོ་སོ་གལ་ཆེན་མ་རེད། འདི་ནི་ཧ་ཅང་གི་རླབས་ཆེ་བའི་གསུང་ཞིག་རེད། ང་ཚོས་འདི་ལ་ངེས་པར་དུ་བསམ་བློ་གཏོང་དགོས།
རེད། རེད། ཁྱེད་ཀྱིས་གསུངས་པ་དེ་དེ་བཞིན་རེད། བོད་འདིས་འཛམ་གླིང་ན་ཉི་མ་ཤར་ནས་ཡོད་ནའང་། རང་སོ་སོའི་སྒོ་དང་སྒེའུ་ཁུང་ཡོད་ཚད་དམ་ཐག་ཆོད་བརྒྱབས་ནས་བསྡད་པ་རེད། དེས་རྐྱེན་པས་ད་ཆ་ཡི་མུག་དགོས་པའི་གནས་སྟངས་འདི་ན་ལྷུང་བ་རེད། འདི་ཐད་དྲན་དབང་དགེ་ཆོས་ཀྱིས་སྐབས་དེའི་རྣམ་འགྱུར་ཕྱིར་མངོན་ཐུབ་པའི་ལུང་ཚིག་འདི་ལྷང་གིས་ཁར་ཐོན་འོང་སྟེ།
རྙིང་པ་ཐམས་ཅད་ལྷ་ཡི་སྲོལ་དུ་བསྒྲགས།
གསར་པ་ཐམས་ཅད་བདུད་ཀྱི་འཕྲུལ་དུ་སེམས།
ངོ་མཚར་ཕལ་ཆེ་ལྟས་ངན་ཉིད་དུ་སྒོམ།
འདི་ནི་ད་ལྟའི་བར་དུ་རང་རེའི་སྲོལ། ཞེས་གསུངས་པ་ཤིན་ཏུ་མད་དོ།།
https://tibettimes.net/wordpress/upload/articles/DSC_0139.JPG
དེས་ག་ལ་ཚད། དབུ་མའི་ལམ་ལ་ལོག་འགྲེལ་རྒྱག་མཁན་ཡང་འདུག་ག
སྐྱབས་སུ་མཆིའོ།། རྒྱལ་བ་ཀརྨ་པ།
ཡིན་དང་ཡིན། རྙིང་ཞེན་པ་མང་དྲགས་ནས་བཀས་བཀོད་རྒྱུད་འཛིན་བྱས་པ་རེད། དེའི་སྟབས་ཀྱིས་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་མཆོག་གི་དགོངས་གཞི་ཁྱོན་ནས་འགྲུབ་མེད། གལ་སྲིད་བཅུ་གསུམ་པ་ཆེན་མོའི་དགོངས་པར་བསྟུན་དགོས་ན་རང་རང་གི་ལྟོ་གོས་ཤོར་འགྲོ་ཡི་ཡོད་སྟབས། སྲ་མཁྲེགས་ཀྱི་ཞེན་པ་དེ་གཏོར་མ་ཐུབ་པ་རེད།
བཅུ་བཞི་བ་འདི་བས་མང་གཙོའི་གསོལ་རས་སྩོལ་སྐབས། ཡང་སྐུ་དྲག་ཁ་ཤས་ཀྱིས་མི་འདོད་པའི་རྣམ་འགྱུར་བསྟན་པའི་ལོ་རྒྱུས་འདུག་གཱ