རང་བྱུང་གི་ན་ཟུག
་་་་་་་་འབྱུང་བའི་གོད་ཆག་སྣ་ཚོགས་ལས་འཕྲོས།
སོག་ཚང་བློ་བྷེས།
སྟོང་ཁམས་བར་སྣང་དབྱིངས་སུ་མཐའ་མེད་སྐར་ཚོམ་དང་གྲངས་མེད་རྡུལ་ཕྲན་གྱིས་ཁེངས་བ་ལས། ང་ཚོ་འཚོ་གནས་ཀྱི་འཇིག་རྟེན་འདི་དོན་དངོས་སུ་སྒོང་དབྱིབས་རྡུལ་ཕྲན་ཅིག་ཡིན་ཞིང། རྡུལ་ཕྲན་འདིའི་སྟེང་སྲོག་ལྡན་འཆོ་གནས་དང་རྩི་ཤིང་སྐྱེ་འཕེལ་གྱི་ནུས་པ་འབྱུང་ཁམས་ཕུན་སུམ་ཚོགས་པ་རང་བཞིན་གྱིས་གྲུབ་ཡོད་ཅིང། ཚེ་སྲོག་འཚོ་རྟེན་གྱི་རིན་ཐང་བྲལ་བའི་འབྱུང་བ་ས་ཆུ་མེ་རླུང་དང་དེའི་ཁྱད་ཡོན། དྲོད་བཤེར་བསྲ་འཐས་ཀྱི་ནུས་པ་སོགས་རྩི་ཤིང་མེ་ཏོག་དང་། སེམས་ཅན་མི་དང་དུད་འགྲོ་ཀུན་གྱིས་ཁྱད་མེད་ལོངས་སུ་སྤྱོད་ཀྱི་ཡོད། འབྱུང་བ་འདི་དག་ང་ཚོའི་ཆེ་སྲོག་གི་འབྱུང་ཁུངས་དང་འཚོ་གནས་ཀྱི་གཞི་རྟེན་རིན་ཐང་བྲལ་བ་ཁོོ་ན་དེ་ཡིན་ནའང་། ཐུན་མོང་གིས་འབད་མེད་ལོངས་སྤྱོད་ཐུབ་པ་དེས། ང་ཚོས་དེའི་རིན་ཐང་ངོས་འཛིན་མ་བྱས་ནས་གཅེས་སྤྲས་ཐུབ་ཀྱི་མེད་པར། འབྱུང་བའི་རྟེན་འབྲེལ་ཆོས་ཉིད་ཀྱིས་གྲུབ་པའི་ལྷུན་པོ་གཏེར་རྡོ་ཁག་གང་བྱུང་བརྐོ་བསྔོག་འགད་གཏོར་གཏོང་བ་དང་། བཅོས་མའི་རྫས་འགྱུར་རུལ་ཆུ་འདྲ་མིན་རྒྱུན་ཆད་མེད་པར་གཙང་བོའི་ནང་འདྲེན་པ། འཛམ་གླིང་གང་སར་བཟོ་ལས་གསར་བརྗེ་ལངས་བ་ནས་དྲི་ངན་བཙོག་རླུང་གི་དུ་བ་མཁའ་ཡི་སྐྱེ་ཁམས་གསོ་རླུང་ཁྲོད་རྒྱུན་གཏན་གཏོང་བ་དང་། ལྷག་དོན་གོ་ལའི་དབུགས་ཀྱི་རྒྱུ་བར་བཙོ་སྦྱངས་དྭངས་སྙིགས་འབྱེད་ཅིང་། གཅན་གཟན་རི་དྭགས་ཀུན་བག་ཕེབས་ཞི་ལྷོད་ཀྱིས་རྒྱུ་ཞིང་བཀྲེས་ལྟོག་སྐོམ་གདུང་སེལ་བའི་སིལ་ཏོག་དང་མངར་ཤིང་རིགས། མི་སེམས་ལ་ངལ་གསོའི་བདེ་སྐྱིད་མྱོང་བ་འགོག་མེད་སྟེར་བའི་པདྨའི་རྫིང་བུ་དང་ལྗོན་ཤིང་སྣ་ཚོགས་ཀྱི་གཞི་རྩ། གདོད་མའི་ནགས་ཚལ་སྟུག་པོ་རྣམས་གཅོད་འབྲེག་མཐའ་མེད་དུ་བྱེད་ཅིང་། མཐའི་རྒྱ་མཚོ་ཆེ་ཁག་ཏུ་ཉ་རིགས་འབུམ་ཚོ་མང་པོ་དྲ་བར་འཛིན་པ་དང་མཚོ་གཏིང་མྱུལ་ནས་གཏེར་རྫས་ནོར་བུ་སྣ་ཚོགས་བརྐོ་བ། ཁྱད་པར་མཚོ་ཆེན་ནང་དུག་མཚོན་ནུས་སྟོབས་བློ་ཡུལ་དུ་མི་ཆུད་པ་འདྲ་མིན་ཚོད་ལྟ་བྱས་ཏེ། མཚོ་ནང་གི་ཆུ་སྲིན་རིགས་ཁྲི་ཕྲག་མང་པོ་སྡེབ་གསོད་མནར་ཤི་དང་གོ་ལའི་རྨང་རྡོ་ནང་སྟོང་མེ་ཡི་དཀྱིལ་འཁོར་ལ་གནོད་ཚབས་བཟོ་བཞིན་པ་མ་ཟད། བྱེ་ཐང་ཆེན་པོ་རྣམས་སུ་ས་གཞིའི་ཟུངས་ཁྲག་དྭངས་མ་སྣུམ་དང་ནུས་པའི་རིགས་འདྲ་མིན་ལོ་ངོ་བཅུ་ཕྲག་མང་པོར་དུས་ཚོད་ཉེར་བཞིའི་རིང་ཚོད་མེད་དུ་འདོན་བཞིན་པ་དང་། གནའ་དུས་རི་སུལ་དང་བདེ་ཐང་འཚོ་འགྲམ་བཅས་སུ་ལྷིང་འཇགས་བག་ཕེབས་ངང་རང་བྱུང་ཐོན་ཁུངས་ཙམ་ལ་བརྟེན་ནས་འཚོ་གནས་ཀྱི་མི་རིགས་ཚོ། དེང་འཕྲུལ་འཁོར་གྱི་ཆོམ་ཟིང་དང་མི་ཚོགས་ཀྱི་འཚང་ཁ། ཁྱོད་ཤི་ང་གསོན་ལྟ་བུའི་དཔལ་འབྱོར་འགྲན་རྩོད་དེས་སེམས་འཁྲུག་དང་མི་ཆོས་དོར་ཏེ་སྒོར་མོའི་བྲན་ཏུ་ཁོམ་མེད་འདུར་ནས། མི་སྡེ་མཉམ་སྡོད་ཀྱི་སྙིང་དགོས་ཕན་ཚུན་རོགས་རེས་དང་གཞན་ཕན། བྱམས་སྙིང་རྗེ་སོགས་གླེན་ལྐུག་གི་བསམ་ཚུལ་ལ་བརྩིས་ཏེ་ཡལ་བར་དོར་ནས། གཡོ་ཁྲམ་ཧམ་པས་གཞན་ལས་རྒྱལ་ཐབས་དང་གཞན་གཡོག་ཏུ་བཀོལ་ཚུལ་ལྟ་བུ་ཤེས་ཡོན་དུ་བརྩིས་ཏེ་སྦྱངས་བ་ཕུགས་འཕེར་བྱས་མཐར། མྱི་ཅིག་རེར་དངུལ་ཐེར་འབུམ་མང་པོ་བཟོ་ཆེད་བཟོ་ཚོང་གྲྭ་ཆེ་ཁག་གི་མིང་སྙན་འོག མྱི་ས་ཡ་མང་པོ་སྒོར་མིའི་བྲན་བཀོལ་གྱིས་འབྱུང་ཁམས་འཕྲོ་བརླག་དང་གཏོར་བཅོམ། བག་མེད་ལོངས་སྤྱོད་བློ་ལས་འགོངས་བ་བྱས་ཏེ་མྱི་ས་ཡ་མང་པོ་མུག་ཤི་ཐེབས་བཞིན་པའི་ཡུལ་ཁག་ལས་ཀྱང་ཟས་རིགས་རྒྱ་མ་ས་ཡ་མང་པོ་བཤུ་གཞོག་བྱས་པ་ལྟ་བུ། མིའི་སེམས་ཁམས་ཀྱི་ཁྱད་ཡོན་ལས་དེང་རབས་ཕྱིའི་ཁྲ་ཟིང་གིས་ཉོན་མོངས་ཀྱི་རྒྱལ་དཔུང་བློ་རྩལ་ཤིན་ཏུ་ཡར་རྒྱས་གཏོང་ཐལ་ནས། རང་བྱུང་ཁམས་ལ་ཕྱོགས་ཀུན་ནས་གནོད་འཚེ་དང་ཟུངས་ལེན། གཏོར་བཅོམ་གྱིས་སོས་མེད་རྨ་ཁ་བཟོས་ཏེ། མི་དང་སྲོག་ལྡན་ཀུན་པོའི་ལུས་རྟེན་ཟུངས་ཟད་རྨས་སྐྱོན་སྐབས་ཕྱི་ནང་འབྱུང་བ་འཁྲུག་ནས་ནད་རིགས་སྣ་ཚོགས་ཀྱིས་མནར་བ་ལྟར། དེང་གོ་ལ་འདིར་ཡང་འབྱུང་བ་ལྔ་བོ་མིའི་བྱེད་བབ་ཀྱིས་སྙོམས་འགྲིག་མི་ཐུབ་པར། དུས་ནས་དུས་སུ་གློ་བུར་འཁྲུག་སྟེ་འཛམ་གླིང་འདིར་ཆུ་ལོག་ཤྭ་འོད་དང་རླུང་འཚུབ་རྒྱ་མཚོ་འཕྱུར་བ། ས་ཡོམ་ཀྱིས་ཉིལ་བ་སོགས་འབྱུང་བའི་གནོད་པ་སྣ་ཚོགས་ཀྱིས་མྱི་ཉམ་ཆུང་ཁྲི་ཚོ་མང་པོ་རྐྱེན་ལམ་དུ་གཏོང་བ་དང་། ས་ཡ་མང་པོར་ཟས་གོས་གནས་མལ་གྱིས་ཕོངས་པ། ཡང་སྲིད་པའི་གངས་ཆེན་རྣམས་ཚ་དྲོད་ཀྱིས་བཞུ་ནས་གཙང་ཆེན་མགོ་ཁུངས་ཆད་པ་དང་། ནགས་ཚལ་དང་ཞིང་ཁ་མི་སྐྱེ་བར་ས་གཞི་མྱ་ངན་ཐང་དུ་འགྱུར་ནས་སྐྱེ་བོ་ཁྲི་སྟོང་བཀྲེས་སྐོམ་གདུང་བའི་གཟིར་ཉེན་གྱི་གོད་ཆག་སྣ་ཚོགས་ཡོང་དང་འབྱུང་ཉེན་ཡོད།
མིའི་རིགས་ཀྱིས་རང་བྱུང་ལ་མ་བསྟུན་ཚོད་རྩིས་ཀྱི་འབྲས་བུར། རྨས་མ་ལྟ་བུའི་འབྱུང་ཁམས་འདིར་ན་ཟུག་ཡོང་ཐེངས་རེར་ཆག་སྒོ་ཚབས་ཆེན་དེ་མྱི་ཚོར་འཕྲད་ཀི་ཡོད་ནའང་། རྒྱལ་ཕམ་དང་འགྲན་རྩོད་ལས་གང་ལ་དོ་སྣང་མེད་པའི་སྲིད་དོན་པ་དང་ཕྱུག་ཚན། ད་རུང་རང་གི་གནས་སྐབས་ཀྱི་འཚོ་འཁོས་ཙམ་ལ་མགོ་འཁོར་བའི་མྱི་མང་པོ་ཞིག འཕྲལ་ཕུགས་རྒྱང་གསུམ་གྱི་བསམ་ནུས་མེད་པར་རང་གི་འཚོ་བའི་གནས་སྐབས་བདེ་ཐབས་ཙམ་དང་ཡང་ན་མྱི་ཆེན་ཚོ་རྒྱལ་ཁབ་ཕན་ཚུན་གྱི་ཆབ་སྲིད་དང་དམག་དཔུང་། དཔལ་འབྱོར་སྟོབས་ཤུགས་སོགས་འགྲན་རྩོད་ནང་མགོ་འཐོམས་ཏེ་རང་རང་གི་འཚོ་གཞིས་ཀྱི་རྡུལ་ཕྲན་འདི་འཇིག་ལ་ཉེ་རྒྱུར་ཡང་ཡ་མེད་ཀྱིས། གླེན་པ་སྡོང་བོར་ཞོན་ནས་སྡོང་རྩ་སྟ་རེེས་གཅོད་ཚུལ་འདི་ཚང་མས་ཧ་གོ་དོན་རྟོགས་ཀིས་མཉམ་རུབ་སྒོས་རང་གི་ཕ་གཞིས་འདིར་སྲུང་སྐྱོབ་མ་བྱས་ཚེ། རིང་བོར་མི་ཐོག་པར་རང་བྱུང་ཁམས་ཀྱི་ན་ཟུག་ཅིག་གིས་ང་ཚོ་ཀུན་གྱི་ཚེ་སྲོག་འཕྲོག་པར་ངེས།
གང་ལྟར་ཚང་མ་སྤྱི་མཐུན་ལས་དབང་གིས་གྲུབ་པ་ཤ་སྟག་རེད།་དེ་ལ་སེམས་སྡུག་བྱས་པ་མ་བྱས་པ་མེད།་རྗེ་ཙོང་ཁ་པའི་བྱང་ཆུབ་ལམ་རིམ་ཆེན་མོའི་ནང་དུ།་ལས་མ་བྱེད་པ་དང་མི་འཕྲད་པ།་ལས་བྱས་པ་ཆུད་མི་ཟ་བ་རེད་ཅེས་གསུངས་ཡོད།ཉན་ཐོས་ཀུན་དགའ་བོ་རྫུ་འཕྲུལ་ཅི་ཙམ་ཆེ་ནའང་མུ་སྟེགས་པ་ཐེབས་ཆག་འགའི་སར་རྡུང་རྡེག་མྱངས་དགོས་པ་ལས་རེད།ད་ེབཞིན་གཤེགས་པ་ཤཱཀྱ་ཐུབ་པ་མངོན་པ་རྫོགས་པ་སངས་རྒྱས་ཟིན་ཀྱང་རང་གི་ཡུལ་ཤཱཀྱའི་ཡུལ་དེ་སྲུང་སྐྱོབ་མ་ཐུབ་པ་སེར་སྐྱའི་དམག་གིས་གཡུལ་སར་བསྒྱུར་བ་ལས་རེད།་དེ་བཞིན་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོར་སེམས་ཅན་ལས་ཀྱི་མནར་བ་ལ་ཀུན་དགའ་བོ་མྱ་ངན་མ་བྱེད་ཅེས་གསུངས་ཡོད།་གང་ལྟར་ཡང་དབུགས་ཀྱི་རྒྱུ་བ་མ་ཆད་པར་ང་ཚོས་ལས་དབང་གིས་གྲུབ་པའི་འཇིག་རྟེན་འདི་བེད་སྤྱོད་ཡག་པ་་ཞིག་གཏང་བ་དང་མི་ཚེ་སྐྱིད་པ་ཡོང་བ་བྱེད་དགོས།་ད་མིན་རི་བོང་གནམ་སྡིག་གི་སྡུག་བསྔལ་རྐྱང་རྐྱང་འཁུར་ནས་སྔུག་སྐད་བརྒྱབ་པ་ནི་མིག་ལོང་གཡང་འཁྲིད་ཀྱི་རང་སྡུག་གཞན་སྡུག་བྱེད་པ་རང་རེད།
ས་འགུལ་སྐབས་རང་ཉིད་ཐར་ཐབས་ཇི་ལྟར་གནང་དགོས་སམ་
ཁོ་བོས་ཤེས་པར་ཁར་སྔོན་ས་ཡོམ་སྐབས་རྒད་མོ་ཞིག་ཉལ་ཁྲི་འོག་ཏུ་འཛུལ་ནས་སྲོག་ཐར་བ་རེད་ཟེར།
ས་ཡོམ་དེ་གཅིག་མཇུག་གཉིས་མཐུད་དུ་གཡོ་བའི་རང་་བཞིན་རེད་འདུག་པས་ ས་དང་པོ་གཡོ་བ་དེ་ཚོར་དུས་ ཅི་མགྱོགས་གང་མགྱོགས་ཁང་པའི་ཕྱིར་བྲོས་ཐུབ་ན་སྲོག་ཐར་སྲིད། གཞན་ཐར་ཐབས་འདྲ་ཅི་ཨ་ཡོད་།
དེས་ན། རང་ཉིད་ནས་འགོ་རྩོམ་རྒྱུ་ལས་ལྷག་མི་འདུག་ག ཇོ་རིན་པོ།
བོད་ཀྱི་ཁོར་ཡུག་ནི། བོད་ལ་ཡོད་པའི་རིན་ཆེན་རྣམ་གསུམ་ནང་ནས་གཅིག་རེད། དེ་བས་སྲུང་སྐྱོབ་ལ་གཟབ་དགོས་ངེས་རེད།
གྲོགས་ལགས། འདི་ནི་དེ་ཙམ་རེད། དོན་དངོས་སུ་ཞིག་གིས་འགན་འཁུར་གྱི་རེད་དམ། འདི་ཡང་དྲི་བ་ཞིག་རེད་ལ་མིས་སའི་གོ་ལ་གཏོར་བཅོམ་དང་བཙན་འཛུལ་བྱས་པའི་ངན་ལན་འདི། འགྲོ་བ་མི་ཁོ་ན་མ་གཏོགས་སེམས་ཅན་གཞན་ལ་ཉེས་པ་འདི་མི་འབབ་ཡ།