སེར་བྱེས་རྭ་རྒྱ་བློ་བཟང་དཔལ་ལྡན།
སྤྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༡༤ ཉིན་སྐྱེ་རྒུ་མདོ་ཁུལ་དུ་ས་ཡོམ་བརྒྱབ་པ་གོ་མ་ཐག ཉིན་དེར་དགོན་སྡེ་ཁག་གི་ལས་སྣེ་རྣམས་ལ་འབྲེལ་གཏུགས་ཀྱིས་སྨོན་ལམ་འདོན་རྒྱུའི་རེ་སྐུལ་དང་། མོན་གྷོ་ཊིའི་ཡན་ལག་ཚོགས་པ་ལ་ཡང་ཁ་པར་ལམ་ནས་སྨོན་ལམ་དང་མ་ཎི་གསོག་སྒྲུབ་བྱེད་རྒྱུའི་རེ་སྐུལ་བྱས་པ་ཡིན། ཉིན་ཤས་རྗེས་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱིས་གྲྭ་བཙུན་དང་གཞིས་ཆགས་ཁག་གི་མི་མང་བསྡུ་སྐོང་བྱས་ཏེ་གདུང་སེམས་མཉམ་སྐྱེད་དང་སྨོན་ལམ་དང་མ་ཎི་གསོག་བསྒྲུབ་བྱས་པ་དང་། གནོད་ཐེབས་ས་ཁུལ་གྱི་མི་མང་གི་རེ་འདོད་ལྟར་༸གོང་ས་མཆོག་གནོད་ཐེབས་ས་ཁུལ་གྱི་འདས་པོ་རྣམས་ལ་ལམ་འཇུག་དང་། གསོན་པོ་རྣམས་ལ་སེམས་གསོའི་སླད་ཕེབས་ཐུབ་རྒྱུའི་རྒྱབ་གཉེར་འཚོལ་ཕྱིར་གྲྭ་བཙུན་རྐྱང་བའི་མཚན་རྟགས་བསྡུ་རུབ་ཀྱི་ལས་གཞི་བརྩམས་རྗེས། ཙག་ཙིག་གི་ལས་དོན་ཞིག་གི་ཆེད་ལྡི་ལིར་སོང་བ་ཡིན། སྐབས་དེར་སྤུན་ཟླ་བརྒྱ་ཕྲག་མང་བོ་རྐྱེན་འདས་སུ་སོང་བ་དང་། ཤུལ་ལྷག་ཁྲི་ཕྲག་མང་པོའི་མྱ་ངན་སྐོར་མཚོ་སྔོན་བརྙན་འཕྲིན་གསར་འགོད་པས་མིག་ཆུ་དང་མཉམ་དུ་གསལ་བསྒྲག་བྱས་པ་མཐོང་ཐེངས་རེ་རེས་མིག་ཆུ་དབང་མེད་དུ་ཤོར་བ་ཙམ་ལས། ཟས་གོས་སྨན་སོགས་ཀྱིས་ཕན་པ་ལྟ་ཞོག་ལེ་དབར་སྟོང་ཕྲག་མང་པོས་ཆོད་པའི་བཀག་རྒྱ་ལས་སེམས་གསོའི་གཏམ་ཙམ་ཡང་སྐབས་འཕྲལ་བཤད་ཐབས་བྲལ་ན་ཡང་། ཡིད་སེམས་ཧ་ཅང་གདུང་བའི་ངང་འདི་ནས་སྐྱིད་སྡུག་མཉམ་མྱོང་གི་མིག་ཆུ་དང་འདྲེས་པའི་མྱ་ངན་རྗེས་དྲན་ཞུ་རྒྱུ་དང་འབྲེལ།
སྐབས་འདིར་རྒྱ་གཞུང་དང་བཙན་བྱོལ་གཞུང་གཉིས་ཀྱིས་ཐེངས་འདིའི་ས་ཡོམ་དང་འབྲེལ་བའི་བསམ་བློ་གཏོང་ཕྱོགས་དང་ལངས་ཕྱོགས་འཛིན་སྟངས་ཏེ་སྐབས་འདི་དང་བསྟུན་ནས་རྒྱ་གཞུང་གིས་གང་གཙིགས་ཆེན་བྱས་ཡོད་པ་དང་། བཙན་བྱོལ་གཞུང་གིས་གང་གཙིགས་ཆེན་བྱས་ཡོད་པ་སྤྱི་བསྡོམས་ཕྱོགས་ཙམ་ཞིག་བྱེད་འདོད་བྱུང་།
རྒྱ་གཞུང་གིས་མཐོ་རིམ་དཔོན་རིགས་གང་མང་གནོད་ཐེབས་ས་ཁུལ་ལ་སྔ་ཕྱིར་ཐེངས་མང་ཕེབས་པར་མ་ཟད། ཁྱེད་ཀྱི་ཆག་སྒོ་ནི་ང་ཚོ་ཚང་མའི་ཆག་སྒོ་ཡིན། ཁྱེད་ཀྱི་སྡུག་བསྔལ་ནི་ང་ཚོ་ཚང་མའི་སྡུག་བསྔལ་ཡིན། ཞེས་སོགས་མི་སེམས་འགུག་ཐབས་ཀྱི་སྐད་ཆ་མང་དུ་བསྒྲགས་པ་དང་། གཞུང་འབྲེལ་ཐོག་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་སྐྱེ་རྒུ་ཁུལ་གྱི་ས་འགུལ་ཁྲོད་རྐྱེན་འདས་སུ་སོང་བ་རྣམས་དང་ཤུལ་ལས་རྣམས་ལ་མྱ་ངན་ཞུ་ཆེད། རྒྱལ་ཡོངས་དང་ཕྱི་རྒྱལ་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་རྒྱལ་དར་ཕྱེད་ཙམ་མར་ཕབ་ནས་དུས་གཅིག་ཏུ་མྱ་ངན་ཞུས་ཡོད་པ་དང་། ཡུལ་ཤུལ་ས་ཡོམ་གེགས་སེལ་གྱི་སྤྱི་ཁྱབ་པས་རྨ་འབྲི་རྫ་གསུམ་དང་མདོ་དབུས་མཐོ་སྒང་གི་གྲོང་ཚོ་གསར་དུ་བསྐྲུན་ནས། སྔར་ལས་མཛེས་ཤིང་སྡུག་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཡུལ་ཤུལ་གསར་བ་འཛུགས་བསྐྲུན་བྱེད་པའི་དམིགས་འབེན་མངོན་འགྱུར་ཡོང་བ་བྱ་རྒྱུ་ཡིན་ཞེས་བསྒྲགས་ཡོད།
ཧུའུ་ཅན་ཐོ་རྒྱ་ནག་སྲིད་འཛིན་དུ་ལངས་མ་ཐག་ནས་འཆམ་མཐུན་དང་མཉམ་གནས་ཀྱི་ཁ་གཡང་ཆེས་ཆེར་བསྒྲགས་ཤིང་། ཁ་གཡང་དེའི་ཆེད་ཞི་བདེའི་འདུ་འཛོམས་རེ་ཡང་བསྐོང་མྱོང་མོད། མཐར་གཏུགས་ན་སྤྱི་ཚོགས་འཆམ་མཐུན་དང་སྤྱི་ཚོགས་བརྟན་ལྷིང་ཡོང་རྒྱུར་དྲག་མཚོན་དང་བཙོན་ཁང་ཁོ་ན་ལ་སྐྱབས་སུ་བསྟེན་དགོས་པ་ནི་རྒྱ་ནག་དམར་གཞུང་གི་སྲིད་འཛིན་རིམ་པའི་རྩ་ཁྲིམས་ལྟ་བུར་ཆགས་ཡོད་པས། སྲིད་འཛིན་ཧུའུ་ཅན་ཐོས་སྤྱི་ཚོགས་འཆམ་མཐུན་ལ་ནུས་པ་ལྡོག་ཕྱོགས་ནས་ཐོན་ཏེ། རྒྱལ་ཁབ་ཀྱི་དངོས་ཡོད་གནས་སྟངས་ནི་ཅང་ཙེ་མེན་གྱི་སྐབས་ལས་ཧ་ཅང་སྐྱོ་རུ་སོང་། བཟོ་བའི་ངོ་རྒོལ་དང་། ཞིང་བའི་འོས་ལང་སྔ་ཕྱིར་བྱུང་བ་མ་ཟད། ཚོང་རྫས་རྫུན་མའི་དོན་རྐྱེན་སྣ་ཚོགས་དང་། རང་བྱུང་འབྱུང་བའི་གོད་ཆག་བསྟུད་མར་ཕོག་པ་དང་། ༢༠༠༨ ལོའི་བོད་མིའི་ཞི་རྒོལ་དང་། ༢༠༠༩ ལོའི་ཞིན་ཅང་གི་འཁྲུགས་རྩོད་སོགས་ཚབས་ཆེ་བའི་ཟིང་སློང་རྒྱ་ཁྱབ་ཏུ་འཕེལ།
འོན་ཀྱང་བུན་ཁྲོན་དང་སྐྱེ་རྒུའི་ས་ཡོམ་ཁྲོད་རྒྱ་གཞུང་གིས་ཇི་དགའ་གང་འགབ་ཀྱི་ཕྱི་གཟུགས་མཛེས་པོ་ཞིག་བཙལ་ཡོད་པ་དང་། གང་འཚམ་གྱིས་མི་མང་དང་རྒྱལ་སྤྱིའི་ཁྲོད་མཐོང་འཇོག་ཕྲན་བུ་རེ་ཡང་བྱུང་ཡོད། འདི་ལྟར་བལྟས་ན་ཧུའུ་ཅན་ཐོའི་འཆམ་མཐུན་ནི་རང་བྱུང་གནོད་འཚེའི་ཁྲོད་ཀྱི་སྣང་བརྙན་རྫུན་མ་ཚོར་སྐྱབས་བསྟེན་ཡོད་པ་དང་འདྲ།
དེ་བཞིན་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གསོལ་འདེབས་ཀྱི་ངག་རྟ་དབྱངས་སུ་འདྲེན་པའི་བོད་རིགས་མི་མང་གི་རེ་འདོད་ལྟར། ༸གོང་ས་མཆོག་ནས་སྐྱེ་རྒུའི་ཡུལ་དུ་ཕེབས་འདོད་ཀྱི་གསུང་འཕྲིན་བསྒྲགས་ནས་ཡུན་རིང་བོར་རྒྱ་གཞུང་ལ་གོ་ཐོས་ཅི་ཡང་མེད་པར་འཇམ་ཅག་སེར་གནས་ན་ཡང་། ཉེ་ལམ་ཁོ་རང་ཚོས་ཆེད་བཟོས་པཎ་ཆེན་གྱི་སྤྲུལ་སྐུར་འབོད་པ་དེ་སྐྱེ་རྒུ་རུ་བཏང་ནས་སྨོན་ལམ་འདེབས་པ་སོགས་བྱེད་བཅུག་སྟེ། ས་གནས་མང་ཚོགས་ལ་འདོད་བབས་གཏན་ནས་མེད་པའི་ཐོག་ལ་གོ་སྐབས་རྩོད་ལེན་གྱིས་ཆབ་སྲིད་ཤི་མིན་རོ་མིན་ཞིག་ཀྱང་འཁྲབ་བྱུང་། དེ་མིན་ཕྱི་ཟླ་༥་ཚེས༧ཉིན་ཅ་ཆིང་ལིན་གྱིས། ས་ཡོམ་གྱི་གནོད་འགོག་རྒུད་སྐྱོབ་བྱ་བར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བའི་རྒྱ་ཆེ་བའི་རྒྱལ་ཕྱིའི་ཀྲུང་གོ་བ་རྣམས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་བརྗོད་ཡོད་པར་མ་ཟད། སྐབས་འདི་དང་འབྲེལ་ནས་རྒྱལ་ཕྱིའི་ཀྲུང་གོ་བ་རྣམས་ལ་རེ་བ་གསུམ་ཟེར་བ་ཞིག་ཀྱང་བཏོན་བྱུང་།
གཅིག ཞིན་ཅང་དང་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་གྱི་བྱ་བར་ཞུགས་ཏེ། ཞིན་ཅང་དང་བོད་ལྗོངས་སུ་མ་དངུལ་བཏང་ནས་དར་རྒྱས་གོང་འཕེལ་ཡོང་བ་བྱེད་པ་དང་། འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་འཛུགས་སྐྲུན་གྱི་རྨང་གཞི་བཏིང་ནས། གྲངས་ཉུང་མི་རིགས་ས་ཁུལ་གྱི་བཅོས་བསྒྱུར་སྒོ་དབྱེ་དང་སྟུད་མར་འཕེལ་རྒྱས་ཡོང་བའི་ཕྱོགས་ལ་ཐབས་དང་ཤེས་རབ་གང་ཡོད་བཏོན་པའི་ཁར། ཞིན་ཅང་དང་བོད་ལྗོངས་གཉིས་མཆོང་སྐྱོད་ལྟར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཧུར་ཐག་བྱེད་མཁན་ཞིག་ཏུ་འགྱུར་དགོས།
གཉིས། རྒྱལ་ཕྱིར་སྡོད་པའི་ཡུ་གུར་རིགས་དང་། བོད་རིགས་སོགས་མི་རིགས་གྲངས་ཉུང་གི་སྤུན་ཟླ་རྣམས་ཀྱི་འབྲེལ་འདྲིས་ལ་ཤུགས་སྣོན་རྒྱག་པ་སྟེ། རྡོག་རྩ་གཅིག་སྒྲིལ་གྱིས་རྒྱལ་ཕྱིར་སྡོད་པའི་རང་རྒྱལ་གྱི་མི་རིགས་གྲངས་ཉུང་གི་མི་རྣམས་ཀྱི་སེམས་པ་མེས་རྒྱལ་ལ་ཕྱོགས་པར་བརྩོན་ལེན་བྱེད་པ་དང་། མི་རིགས་མཐུན་སྒྲིལ་བརྟན་བརླིང་ཡོང་བར་རྒྱབ་སྐྱོར་མཁན་ཞིག་ཏུ་འགྱུར་བར་ཧུར་ཐག་བྱེད་དགོས།
གསུམ། ཞིན་ཅང་དང་བོད་ལྗོངས་ཀྱི་བཅོས་བསྒྱུར་སྒོ་འབྱེད་རིང་གི་གྲུབ་འབྲས་དྲིལ་སྒྲོག་ཆེན་པོ་བྱེད་པ་དང་། ཀྲུང་གོའི་མི་རིགས་དང་། ཆོས་ལུགས་ལས་དོན་གྱི་བྱེད་ཕྱོགས་སྲིད་ཇུས་དྲིལ་སྒྲོག་བྱེད་པ་དང་། རང་རྒྱལ་གྱི་ཚན་རྩལ་འཕེལ་རྒྱས་དང་། འཆམ་མཐུན་འཕེལ་རྒྱས། ཞི་བདེ་འཕེལ་རྒྱས་ཀྱི་འདུ་ཤེས་དྲིལ་སྒྲོག་བཅས་བྱས་ཏེ། ཀྲུང་གོ་དང་འཛམ་གླིང་བར་འབྲེལ་འདྲིས་པའི་སྤྲོ་སེམས་ཅན་ཞིག་བྱེད་པར་ཧུར་བརྩོན་བྱེད་དགོས། ཞེས་བརྗོད་ཡོད་པ་རེད།
འདི་ནི་སྐབས་དོན་མི་སེམས་འགུགས་ཐབས་ཀྱི་གསར་འགྱུར་བཅོས་མ་ཚོའི་ཤུགས་རྐྱེན་ལ་གདེང་འཇོག་ཆེན་པོ་ཞིག་བྱས་ཏེ། བུན་ཁྲོན་དང་སྐྱེ་རྒུའི་ས་ཡོམ་རྗེས་སུ་རྒྱ་ནག་གི་གཟུགས་བརྙན་ལ་ལེགས་བཅོས་དང་། རིན་ཐང་གསར་པ་ཞིག་མངོན་ཡོད་པར་སྙམས་པ་དང་འབྲེལ་སྒམ་བརླིང་གི་རྣམ་འགྱུར་སྟོན་ཐབས་ཤིག་ལས་ཅི་ཡང་མིན་ན་ཡང་། འཛམ་གླིང་གང་སར་རྫུན་མའི་སྲིད་ཇུས་དྲིལ་སྒྲོག་སྔར་ལྷག་འདི་ལྟར་བྱེད་དགོས་དོན་དང་། རེ་བ་འདི་གསུམ་གྱིས་མཚོན་པའི་རྒྱ་གཞུང་གིས་ཐོག་མཐའ་བར་གསུམ་གྱི་འགྱུར་ལྡོག་གང་ལ་བལྟས་ན་ཡང་། བོད་དང་ཞིན་ཅང་མངའ་ཁུལ་གཉིས་རྒྱ་ནག་གིས་གློད་འདོད་གཏན་ནས་མེད་ལ། མུ་མཐུད་དེ་རང་གི་རྒྱལ་ཁབ་ཀྱི་མངའ་འབངས་ལས་ལོགས་སུ་མི་འབུད་པའི་འབད་བརྩོན་བྱེད་ཀྱིན་ཡོད་པ་གསལ་བོ་རེད། དེར་བརྟེན་རྒྱལ་ཁབ་ཁ་བྲལ་སུས་བྱེད་ན་དེ་ལ་རྡུང་རྡེག་ཚ་ནན་གཏོང་རྒྱུའི་སྲིད་ཇུས་རྒྱུན་ལྡན་དུ་ཡོད་པར་མ་ཟད། ཉེ་ཆར་སྐྱེ་རྒུ་ཁུལ་དུ་ས་ཡོམ་བརྒྱབ་སྐབས་རྒྱ་གཞུང་གིས་ཕོ་མོ་སུ་འདྲ་ཞིག་གིས་བོད་རང་བཙན་གྱི་ལས་འགུལ་སྤེལ་ན། གཞུང་གི་ཆེ་མཐོའི་དཔོན་རིགས་ཚོའི་ཆོག་མཆན་ལ་སྒུག་མི་དགོས་པར་དེ་མ་ཐག་མེ་མདའ་བརྒྱབ་ནས་གསོད་ཆོག་པའི་ཆོག་མཆན་ཡོད་ཟེར་བའི་བཤད་ཡམ་ཀྱང་གང་སར་ཁྱབ་ཡོད།
བཙན་བྱོལ་དུ་༸གོང་ས་མཆོག་གིས་སྔ་ཕྱིར་གོད་ཆག་ཐེབས་པའི་སྐྱེ་རྒུ་ཁུལ་མི་མང་ལ་ཐུགས་གསོའི་གསུང་འཕྲིན་ཐེངས་ཁ་ཤས་གནང་བ་དང་། རྒྱ་གར་གཙོས་བཙན་བྱོལ་གྱི་གནས་ཡུལ་ཁག་ཚང་མའི་ནང་དུས་གཅིག་ལ་༸་གོང་ས་མཆོག་དབུས་བཞུགས་ཐོག་བསྔོ་སྨོན་རྒྱ་ཆེ་གནང་ཡོད་པར་མ་ཟད། ཞལ་འདེབས་བསྡུ་རུབ་ཀྱི་ལས་གཞི་ཡང་འགྲོ་མུས་སུ་ཡོད། བཙན་བྱོལ་གཞུང་གི་ལངས་ཕྱོགས་ནི། བཀའ་བློ་ཁྲི་བ་ཟམ་གདོང་རིན་པོ་ཆེས་གསལ་བསྒྲགས་གནང་དོན། ཅ་ཆིང་ལེན་གྱིས་ཕྱི་རྒྱལ་གྱི་བོད་མི་སྐྱེ་རྒུ་ཡོང་ཆོག་པའི་གསལ་བསྒྲགས་དེར་བསྔགས་བརྗོད་དང་འབྲེལ། ཉེ་ཆར་༸གོང་ས་མཆོག་ཀྱང་མང་ཚོགས་ལ་སེམས་གསོའི་ཆེད་ས་གནས་ས་ཐོག་ཏུ་ཕེབས་པའི་ཐུགས་སྨོན་ཡོད་པའི་བཀའ་གནང་བ་ལྟར། ཁ་ཞེ་གཉིས་མེད་ཀྱི་ཐོག་དེ་ལྟར་བྱུང་བ་ཡིན་ན། མང་ཚོགས་ལ་ཕན་ཐོགས་ཡོང་བའི་རླབས་ཆེན་གྱི་གོ་སྐབས་ཡོད་བསྡད་པ་ཞིག་རེད་ལ། ༸གོང་ས་མཆོག་གི་ཐུགས་རེ་ལ་ནམ་ཡང་འགྱུར་བ་མེད་ཅེས་ཞུ་འདོད་བྱུང་། ༸གོང་ས་མཆོག་གིས་འདི་ལྟར་དགོངས་པ་བཞེས་དོན་ནི། ས་གནས་མང་ཚོགས་ཀྱི་མངོན་འདོད་དང་བསམ་བློའི་ནང་གི་རེ་འབོད་ཆེ་ཤོས་དེ་༸སྐྱབས་མགོན་རིན་པོ་ཆེར་མཇལ་བའི་རེ་འདོད་ཡིན་པས་རེད། དེ་རླབས་ཆེན་གྱི་དགོངས་པ་རེད། འབྱུང་བའི་འཇིགས་པ་དང་རླབས་ཆེན་གྱི་བསྐོ་བཞག་དེ་འདྲ་བྱུང་བའི་སྐབས་༸གོང་ས་མཆོག་དང་ཁོང་གིས་དབུ་ཁྲིད་པའི་བཙན་བྱོལ་སྒྲིག་འཛུགས། བཙན་བྱོལ་བོད་མི་སུའི་ཐད་ནས་ཀྱང་དེའི་ཐོག་ཆབ་སྲིད་ཀྱི་ཁེ་ཕན་ལེན་པ་དང་། ཆབ་སྲིད་དུ་བསྒྱུར་བའི་འདོད་པ་ཏིལ་འབྲུ་ཙམ་ཡང་མེད་ལ་། དངོས་ཤུགས་བརྒྱུད་གསུམ་ནས་ང་ཚོའི་ཆབ་སྲིད་དང་འབྲེལ་བ་མེད་སྟབས། བཟང་སྤྱོད་དང་མཐུན་པའི་ཐོག་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་ཚོས་བསྐོ་བཞག་འདི་འདྲའི་རིགས་ཆབ་སྲིད་ཀྱི་ཁེ་ཕན་གནང་གི་ཡོད་པ་མ་རེད་ལ། མ་འོངས་པར་ཡང་མ་གནང་ན་ཡག་པོ་རེད་ཅེས་གསུངས་ཡོད་པ་རེད།
འདི་ནི་སྐྱེ་རྒུའི་ས་ཡོམ་ཐད་ཀྱི་རྒྱ་གཞུང་གིས་རྔ་རྡུང་ཚུལ་དང་། དེ་དང་བསྟུན་ནས་བཙན་བྱོལ་བོད་གཞུང་གིས་བྲོ་འཁྲབ་ཚུལ་དེ། གཉིས་ཀ་གང་ཡིན་ཀྱང་གནས་སྐབས་སུ་ཞི་ལྷིང་གི་རྣམ་འགྱུར་དུ་གནས་ཡོད་མོད། རྒྱ་གཞུང་གི་བྱེད་སྟངས་དེ་དག་ནས་ཚོད་དཔག་ཐུབ་པ་ནི། གནས་ལུགས་དང་རྒྱུ་མཚན་ཡང་དག་པའི་ཐོག་བོད་མིའི་མངོན་འདོད་གང་ཡིན་སྦས་ཐབས་དང་། ཐ་ན་ཆོས་ལུགས་ཀྱི་བྱེད་སྒོ་ཁོ་ན་ཡིན་ཀྱང་༸གོང་ས་མཆོག་བོད་དུ་ཕེབས་འཇུག་རྒྱུ་མིན་པའི་རྣམ་འགྱུར་མངོན་གྱི་འདུག་པ་དེ་རེད། གལ་སྲིད་ནམ་ཞིག་གི་ཚེ་སྔོན་འགྲོའི་ཆ་རྐྱེན་ཅི་ཡང་མེད་པའི་ཐོག་༸གོང་ས་མཆོག་བོད་དུ་ཕེབས་རྒྱུའམ་གཞིས་བྱེས་ལྷན་འཛོམས་བྱ་རྒྱུ་ཞེས་བརྗོད་ན་ཡང་རྒྱ་གཞུང་གིས་རྣམ་འགྱུར་ཅི་ཞིག་སྟོན་མིན་དེ། ཐེངས་འདིའི་རྣམ་འགྱུར་ལས་ཚོད་ཐིག་ལ། རྒྱལ་སྤྱིའི་ཐོག་སྒྲོག་བཞིན་པའི་ཏཱ་ལའི་བླ་མས་རང་བཙན་བློས་བཏང་མི་འདུག་ཅེས་པའི་རྫུན་རྐུབ་ཀྱང་ཐེངས་འདིར་རང་བརྡོལ་འབྱུང་ལ་ཉེ་འདུག
སྐབས་འདིར་བོད་གཞིས་བྱེས་གཉིས་ཀྱི་མི་མང་གྲག་མེད་དུ་སྡོད་པ་ནི་རེ་སྒུག་ཅིག་གི་ཆེད་ཡིན་པ་འདྲ་མོད། གསེར་ལས་ལྷག་པའི་དུས་ཚོད་མང་པོ་ཞིག་དང་། རྙེད་དཀའ་བའི་གོ་སྐབས་ཤིག་རྒྱང་རིང་ནས་རྒྱང་རིང་དུ་ཤོར་བཞིན་པའང་ངེས་པར་ཤེས་དགོས་ཚོད་དུ་འདུག། རེ་བ་སྟོང་བ་ནི། ནམ་ཡང་སྟོང་བ་ལས་མ་འདས་ཏེ། འདས་པའི་ལོ་ལྔ་བཅུའི་རེ་བ་ལ་ཕྱི་མིག་བལྟས་ན་ཚོར་ཐུབ། རྒྱ་གཞུང་གིས་གནོད་སེལ་རྒུད་སྐྱོད་ཀྱི་ཆེད་དུ་དཀའ་ལས་རྒྱག་བཞིན་པའི་སེར་སྐྱ་མང་ཚོགས་ལ་ཚོད་འཛིན་བྱས་པ་དང་། ཕྱི་རྒྱལ་གྱི་རོགས་སྐྱོར་མི་ལེན་པར་ལྟ་བ་མཁྲེགས་བཟུང་གི་ངན་ཇུས་དང་། རྐྱེན་འདས་སུ་སོང་པའི་གྲངས་འབོར་ཐད་གཞུང་འབྲེལ་བརྒྱུད་ལམ་དང་། ས་གནས་མང་ཚོགས་ཀྱིས་གསལ་བཤད་དབར་ལ་གནམ་སའི་ཧེ་བག་ཤོར་བ་སོགས་ཀྱང་ཧུའུ་ཅན་ཐོའི་འཆམ་མཐུན་གྱི་སྤྱི་ཚོགས་དང་། རྒྱལ་ཁབ་ཆེན་པོའི་ལ་རྒྱ། གསར་འགྱུར་རྫུན་མའི་གདོང་འབག་བཅས་བཤུ་བར་སྐྲག་པ་ལས་ཅི་ཡང་མིན་མོད། ཉེན་ཁ་ཆེ་ཤོས་ནི་ཕྱི་ཚུལ་ནས་རྡུང་རྡེག་ཚ་ནན་གཏོང་རྒྱུ་དང་དྲག་མཚོན་གྱི་ངོ་བོ་དཔལ་འབྱོར་དུ་བསྒྱུར་ཏེ་གོང་དུ་ཅ་ཆེན་ལེན་གྱིས་རྗོད་པ་བཞིན་ཞིན་ཅང་དང་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་གྱི་བྱ་བར་ཞུགས་ཏེ། ཞིན་ཅང་དང་བོད་ལྗོངས་གཉིས་མཆོང་སྐྱོད་ལྟར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཧུར་ཐག་བྱེད་མཁན་ཞིག་ཏུ་འགྱུར་མི་སྲིད་པའང་མིན་པས། སྙན་མོ་རྒྱ་གླིང་བཞིན་སྙན་ན་ཡང་གཡོ་ཐབས་དུག་ཚེར་བཞིན་གབ་ཡོད་པའི་མི་ལོ་ལྔ་བཅུའི་བྱུས་ངན་ལ་ཕྱི་མིག་ཅིག་བལྟས་ཏེ་འདི་དག་ཅིས་ཀྱང་གསལ་ཐིང་ཐིང་བཟོ་བར་གྲ་སྒྲིག་དགོས་པར་མཐོང་། གསལ་བོར་བཤད་འདོད་པ་ཞིག་ལ་གཞིས་ལུས་བོད་པ་ཚོ་དང་ཁྱད་པར་དུ་སྐྱེ་རྒུའི་མི་མང་གིས་རྒྱ་གཞུང་གི་རོགས་སྐྱོར་ལེན་མི་ཉན་པར་བཤད་པ་མིན་ཀྱང་། རིགས་ཞེན་གྱི་ལ་རྒྱ་དང་ཞུམ་མེད་ཀྱི་སྤོབས་པ་བླ་མེད་ཀྱི་སྙིང་སྟོབས་སོགས་བོད་མི་རིགས་འགྱེལ་ས་ནས་ལངས་རྒྱུའི་བསམ་འདུན་དངུལ་དངོས་མཐོང་ན་བོར་བརླགས་ཤོར་མི་ཉན་པར་རེ་བ་ལན་བརྒྱར་ཞུ་བཞིན་བདུན་ཚིགས་བཞི་བར་མྱ་ངན་གུས་འདུད་དང་བཅས།
ཏྰ་ལའི་བླ་མིའི་ཐུགས་སྨོན་ལས་གསོལ་རས་གལ་ཆེན་འཛིན་པའི་བོད་ཚོ་ལ་བསླབ་བྱ། ད་ལོ་སྐྱེ་དགུ་མདོ་རུ་ས་ཡོམ་གོད་ཆགས་འོག་འདས་གྲོངས་སོང་རྣམས་དང་། ཤུལ་ལུས་ནང་མི་ཚོའི་ཆེད་དུ་བོད་ཕྱི་ནང་གཉིས་ཀྱིས་རོགས་གང་ཐུབ་བྱས་ཡོད། མ་ཟད་གོང་ས་མཆོག་གིས་ཀྱང་ས་གནས་དེར་བྱོན་རྒྱུའི་ཆོག་མཆན་ཞུས་པ་དང་། ཡང་ཡང་ཐུགས་སྨོན་གནས་བ་སོགས་བསམ་གྱི་མི་ཁྱབ་པའི་རོགས་རམ་བྱས་ཡོད།
བོད་ནང་ལ་མཚོན་ན་དགེ་འདུན་པ་སོགས་བོད་མི་མངས་པོས་རང་སྲོག་ལ་མ་འཛེམས་པར་རོགས་རམ་གང་མངས་གནང་། འོན་ཀྱང་ད་དུང་མི་འདིར་མི་འགའ་རེས་ནས་རྒྱ་གཞུང་གིས་རོགས་རམ་བྱས་པ་ནང་བཞིན་ཞིག་བོད་རིགས་ཚོའི་རོགས་བྱས་མེད་མདོགས་དང་། བསམ་འཆར་འདོན་མཁན་གང་མངས་ཞིག་འབྱུངས་དང་འབྱུང་བཞིན་པ་འདྲ།
ཁྱེད་རང་ཚོས་བསམ་བློ་ལེགས་པོ་ཞིག་བཏང་ནས་སུ་ཞིག་གིས་སེམས་གཏིངས་ནས་རོགས་རམ་བྱས་སོང་དང་མ་སོང་རྟགས་དཔྱད་བྱེད་རོགས།
ང་ཚོས་རོགས་རམ་ཅི་ཐུབ་བྱས་ན་ད་དུང་ཡང་དགའ་མགུ་དང་ཁ་ངོ་མེད་མཁན་འདྲ་ཡོད་ན། ད་ནི་གཞན་ཁྱེད་ཚོ་ལ་སྙིང་ནས་བརྩེ་བ་ཡོད་མཁན་གྱི་བོད་རིགས་ལས་གཞན་པ་ཞིག་ཡོད་ན་དེར་ཕེབས་དང་དགའ་བསུ་ཡོད།
རང་བྱུང་ཁམས་ཀྱིས་གནོད་འཚེ་བྱུང་སྐབས་སྡུག་ཡུ་བོད་རིགས་ནང་མི་རྣམས་ལ་བཀལ་དོན་ཅི་ཡང་མེད། འདི་ལྟ་བུའི་གོད་ཆག་འཛམ་གླིང་གི་ས་ཆ་མངས་པོ་ལ་འབྱུངས་དང་འབྱུང་བཞིན་པ་རེད། ལྷག་པར་དུ་སྐྱེ་དགུའི་གོད་ཆགས་ལ་ཧང་སངས་དོན་ཅི་ཡོད།
ཁྱེད་རང་ཚོའི་འདི་ལྟ་བུའི་བོད་རིགས་སྤྱི་དང་ལྷག་པར་དུ་གོས་མཆོག་གི་ཐུགས་བརྩེ་བ་ཆེན་པོས་སྨོན་ལམ་གནས་བ་ལ་ཐུགས་བཀའ་དྲིན་མི་ཞུ་བ་མ་ཟད། ད་དུང་གསོལ་མ་གནང་བའི་བསམ་འཆར་འདོན་པ་འདི་ངོ་ཚ་མེད་དང་ཁྲེལ་མེད་པའི་སྐད་ཞིག་རེད།
བསམ་ཆུ༹ལ།
འཇ༹མ་གླིང་ས་ཕྱོགས་གང་སར་རང་བྱུང་ཁོར་ཡུག་ལ་གོད་ཆག་བྱུང་ཆེ༹། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་སྨོན་དང་བོད་འབངས་ཡོངས་ཀྱི་ཆ༹བ་གནང་ནས་གསོལ་རས་རྒྱ་ཆེར་གནང་གི་ཡོད་པ་མ་ཆ༹ད་ཉེ་ལམ་ཧ་ཏེ་རྒྱལ་ཁབ་ལ་རོགས་སྐྱོར་སུད་སྒོར་འབུམ་གཅིག་གནང་ཟིན་པ་རེད།
རོགས་རམ་གནང་བ།
ད་ལམ་རང་རིགས་བོད་ཀྱི་ཡུལ་ཤུལ་ས་ཁུལ་ལ་ཡ་ང་བའི་གོད་ཆག་བྱུང་མ་ཐག་ཏུ་བོད་ཕྱི་ནང་གཉིས་ཀས་བོད་མི་རྩམ་ཟས་བ་ཡོངས་རྗོ༹གས་ཀྱི་གདུང་སེམས་མཉམ་བསྐྱེད་ཐོག་ ཡར་དཀོན་མཆོག་ལ་མཆོད་འབུལ་དང་མར་ཤུལ་ལུས་རྣམས་ཀྱི་ཆེད་དུ་རོགས་རམ་རྒྱ་ཆེར་གནང་བ་གསར་ལམ་ཁག་ནས་རྟོགས་པ་ངེས་སོ།
སྣང་མེད་བཏང་བ།
འོན་ཀྱང་དེང་དུས་སྤྱི་ཆོ༹གས་ཁྲོད་མི་ཆོ༹སབཤད་པ་ལྟར་ན། ༧གོང་ས་མཆོག་གིས་ཐུགས་སྨོན་གནང་བ་ལས་ཤུལ་ལུས་སྤུན་ཟླ་རྣམས་ཀྱི་ཆེད་དུ་གསོལ་རས་གནང་མེད་ལུགས་དང་ མ་ཟད་བོད་འབངས་ཡོངས་ཀྱི་སྐུ་ཆ༹བ་རྡ་སའི་མཇ༹ད་གཅོ༹་རྣམ་པས་དེ་ལས་སྣང་མེད་དུ་བཏང་འདུག་ཟེར།
རྗེས་ལུས་ཐེབས་སོང།
ཨོ་ཧོ་ད་དུང་དེ་ཡིས་ག་པར་ཆ༹ད་ ཕ་རོལ་པོ་རྒྱ་དམར་གིས་ཁོང་འདས་པོ་རྣམས་ཀྱི་ཆེད་དུ་ཡིན་ཟེར་ནས་མྱ་ངན་བྱས་འདུག་པ་མ་ཆ༹ད་ད་ལྟའི་འཇ༹མ་གླིང་ཡོངས་སུ་གྲགས། ང་ཆོ༹ས་མཇ༹ད་གཅོ༹་རྣམ་པས་ཅུང་ཟད་དྲན་པ་བརྗེད་རྗེས་ སླར་ཡང་ནམ་ལངས་ནས་ཤུལ་ལུས་སྤུན་ཟླ་རྣམས་ཀྱི་ཆེད་དུ་མྱ་ངན་བྱས་ཡིན་པར་འདྲ།།
དྲ་གྲོགས་བཟོད་པ་ལྷ་རྩེ་གཙོ་བྱས་བའི་བསམ་ཚུལ་སྤེལ་མཁན་རྣམས་ལ་དགའ་བསུ་ཞུ།
དྲྭ་གྲོགས་རྭ་རྒྱ་བློ་ལྡན་ལགས་ནས་དཔྱད་པ་གནད་ལ་འཁེལ་བ་ཞིག་གནང་འདུག་པས་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌། བསམ་ཚུལ་ཅུང་ཤོད་འདོད།
ང་ཚོས་དམིགས་ཡུལ་གཅིག་ལ་ཐབས་ལམ་མི་འདྲ་བ་མང་པོ་བེད་སྤྱོད་བྱ་ཤེས་པ་དང་བྱེད་ནུས་པ་བྱེད་པའི་བློ་སྟོབས་ངེས་པར་ལྡན་དགོས།
ད་བར་གུ་ཤང་གི་སྲིད་ཇུས་རབ་དང་རིམ་པ་མང་པོ་ཞིག་བཟུང་ཡང་རྒྱ་དམར་གྱི་ང་ཚོར་འཛིན་པའི་སྲིད་ཇུས་ཇི་མཁྲེགས་ཇི་མཁྲེགས་ལས་ཡར་རྒྱས་ཟེར་བ་རྩ་བ་ནས་བྱུང་མྱོང་མེད།
ང་ཚོས་གྲོས་མེས་ཡོངས་ཐབས་ཁོ་ནར་རེ་བ་བཅོལ་ཀྱང་རྒྱ་དམར་གྱི་མཁས་ལེན་རྩ་བ་ནས་མེད་རྒྱ་དམར་ཁྱེད་རང་ཚོས་གང་བཤད་པ་ཡོངས་རྫོགས་ང་ཚོས་མཁས་ལེན་བྱས་མཆོག་བཙན་བྱོལ་བོད་མི་ཡོངས་རྫོགས་རང་ཡུལ་བོད་ལ་ལོག་མཆོག་པའི་མཆོག་མཚན་སྤྲོད་རོགས་ཟེར་ན་ད་ལྟའི་འཆར་དེ་ཡང་རྒྱ་དམར་གྱི་མཁས་ལེན་བྱ་མི་སྲིད་སྙམས།
དེ་ན་ང་ཚོ་གཞོན་སྐྱེས་རྣམས་ནས་དཔལ་འབྱོར་ཁོ་ན་ལ་མ་ཞེན་པར་ཆབ་སྲིད་ཐོག་ཐུགས་གནང་ཆེ་ཙམ་དང་འགན་ཁུར་ཆེ་ཙམ་བཞེས་ནས་རང་གི་ལྟ་བ་དང་ལངས་ཕྱོགས་གང་ཡིན་ཀྱང་མཆོག་དམིགས་ཡུལ་རང་ཡུལ་རང་ལག་ཏུ་ལེན་རྒྱུའི་ཐབས་བཀོད་ལེགས་པ་རེ་འཐེན་དགོས།
རང་བཙན་གཙང་བའི་ལྟ་བ་ཡིན་ནའང་རེད་རང་སྲིད་རང་སྐྱོང་ཡིན་ནའང་རེད་དབུ་མའི་ལམ་ཡིན་ནའང་རེད་མདོར་དོན་བོད་མི་རིགས་ཁ་མཐོར་དུ་མི་འགྲོ་བ་ཞིག་དང་མེས་པའི་ཞབས་རྗེས་ནག་སུབ་ཏུ་མི་འགྲོ་བའི་ཆེད་དུ་ཡིན་པས་ཕན་ཚུན་བསམ་ཤེས་དང་དོ་མཁུར་དགོས་པ་ལས་མེ་དང་སྤུ་ལྟ་བུའི་འགལ་བའི་ལྟ་བ་བཟུང་ན་བོད་ལ་ཕན་དོགས་གང་ཡང་མེད་པ་མཁྱེན་དགོས།
སྤྱིར་བོད་ཀྱི་དཀའ་རྙོག་དེ་མི་རིགས་གཅིག་དང་རིག་གཞུང་ཞིག་གི་གནད་དོན་ཡིན་པས་ལས་སླ་པོས་ཐོག་ནས་སེལ་ཐུབ་རྒྱུ་ཞིག་མ་ཡིན་པས་ང་ཚོས་ཞི་དྲགས་གཉིས་ཀྱི་ཐབས་ལམ་ངེས་པར་བེད་སྤྱོད་གཏོང་དགོས་པ་མཐོང༌།
༸གོང་ས་མཆོག་ནི་འཛམ་གླིང་ཞི་བདེའི་དེད་དཔོན་ཡིན་པ་ཙམ་མ་ཟད་ཤཱཀྱའི་རྗེས་འཇུག་བླ་ན་མེད་པ་ཞིག་རྟེན་གཞན་ཕན་བྱང་ཆུབ་སེམས་ཀྱི་ཉམས་ལེན་ལས་འགལ་བའི་ཐབས་ལམ་ཞིག་དུས་ནམ་ཡང་སྟོན་མི་སྲིད།
འོན་ཀྱང་ང་ཚོ་བོད་མིའི་རྣམས་ནས་རང་གི་མེས་པོས་རིག་གཞུང་དང་རང་གི་མི་རིགས་སྐྱབས་ཐབས་ཀྱི་ཐབས་ལམ་འཚོལ་དགོས་པ་ནི་ང་ཚོ་ཚང་མར་འགན་ཡོད་པ་ཡིན།
རྒྱ་གར་གྱི་རང་བཙན་ལེན་སྐབས་འཚེ་མེད་ཞི་བ་ཁོ་ནའི་སྟེང་ནས་ལས་འགུལ་སྤེལ་བའི་ནས་རང་བཙན་བླངས་བ་ཞིག་མིན་པ་གསལ་པོ་རེད།
དྲ་གྲོགས་རྭ་རྒྱ་བློ་ལྡན་གྱིས་ཞིབ་འཇུག་གནད་ལ་འཁེལ་བ་ཞིག་གནང་འདུག དགའ་བསུ་ཡོད། ཐུགས་རྗེ་ཆེ།
ཁོང་གིས་བསམ་ཚུལ་གཅིག་ནི་བོད་རེ་བས་ཕོངས་སོང་བ་དང༌། ད་དུང་ཡང་ཕོངས་སྲིད་པའི་ཉེན་ཁ་མཐོང་བ། ཡུལ་ཤུལ་དུ་ས་ཡོམ་གྱི་གོད་ཆག་ཐེབས་སྐབས་རྒྱ་གཞུང་གི་གོ་སྐབས་སྟངས་འཛིན་ཐུབ་པ་ལས་བོད་གཞུང་གིས་གོ་སྐབས་སྟངས་འཛིན་མ་ཐུབ་པ་བཅས་གཙོར་འདོན་བྱས་འདུག་སྙམ།
་་་། མཐར་གཏུགས་ན་སྤྱི་ཚོགས་འཆམ་མཐུན་དང་སྤྱི་ཚོགས་བརྟན་ལྷིང་ཡོང་རྒྱུར་དྲག་མཚོན་དང་བཙོན་ཁང་ཁོ་ན་ལ་སྐྱབས་སུ་བསྟེན་དགོས་པ་ནི་རྒྱ་ནག་དམར་གཞུང་གི་སྲིད་་་་
་་་་རྒྱལ་སྤྱིའི་ཐོག་སྒྲོག་བཞིན་པའི་ཏཱ་ལའི་བླ་མས་རང་བཙན་བློས་བཏང་མི་འདུག་ཅེས་པའི་རྫུན་རྐུབ་ཀྱང་ཐེངས་འདིར་རང་བརྡོལ་འབྱུང་ལ་ཉེ་འདུག ་་་་།
ཉམས་ཞིབ་གནང་བར་ཐུགས་རྗེ་ཆེ་ཞུ།
ཉམས་ཐག་པའི་གནད་དོན་འདིར་་་ཉམས་ཞིབ་ཕྲ་མོ་གནང་འདུག་པས་
སྙིང་དབུང་ནས་ཐུགས་རྗེ་ཆེ་ཞུ་འདོད་བྱུང་་་་་གོད་ཆག་ཤུགས་ཆེ་བྱུང་བའི་ཡུལ་མི་འདི་དག་ང་ཚོས་ནམ་ཡང་བརྗེད་མི་ཕོད་