གལ་སྲིད་རྒྱ་གཞུང་གིས་གྲོས་མཐུན་དོན་ཚན་བཅུ་བདུན་ཁ་ཞེ་གཉིས་མེད་ཐོག་ལག་ལེན་བསྟར་ཡོད་ན། དེང་དུས་ང་ཚོས་རྩོད་བཞིན་པའི་དབུ་མའི་ལམ་དང་མཚུངས་བསྡུར་བྱ་ཐུབ་མེད་པ་ཞིག་མ་རེད། གྲོས་མཐུན་དོན་ཚན་བཅུ་བདུན་ནང་ང་ཚོར་ཁེ་ཕན་གང་ལ་གང་འཚམ་ཞིག་ཡོད་པ་རེད་ཟེར།
ལོ་རེ་རེའི་ཕྱི་ཟླ་ ༥ ཚེས་ ༢༣ ཉིན་ནི་བོད་རྒྱལ་ཁབ་ཀྱི་ཆག་འཇིག་ལ་འབྲེལ་བ་ཡོད་པའི་གནད་འགག་གི་ཉིན་མོ་ཞིག་ཏུ་འཁེལ་ཡོད་སྟབས། ཁ་སང་ཕྱི་ཚེས་ ༢༣ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༧ སྟེང་ངྷ་ས་ས་གནས་གཞོན་ནུའི་གོ་སྒྲིག་འོག ས་རཱ་བོད་ཀྱི་མཐོ་སློབ་ཏུ་གྲོས་མཐུན་དོན་ཚན་བཅུ་བདུན་སྐོར་ལ་བགྲོ་གླེང་ཞིག་གོ་སྒྲིག་ཞུས་འདུག སྐབས་དེར་དབུས་གཞོན་ནུའི་དྲུང་ཆེ་དོན་འགྲུབ་ལྷ་དར་ལགས་ཀྱིས་༼ གྲོས་མཐུན་དོན་ཚན་བཅུ་བདུན་གྱི་སྔ་ཕྱིའི་གནས་སྟངས ༽ དང་། བོད་མི་མང་སྤྱི་འཐུས་འབའ་པ་སྐལ་བཟང་རྒྱལ་མཚན་མཆོག་གིས་ ༼ གྲོས་མཐུན་དོན་ཚན་བཅུ་བདུན་གྱི་དགོངས་དོན་དང་༧གོང་ས་མཆོག་གི་དགོངས་དོན་གྱི་བར་ཐག ༽ བཅས་ཀྱི་བརྗོད་གཞིའི་ཐོག་གཏམ་བཤད་དང་དྲི་བ་དྲིས་ལན་གནང་ཡོད།
དབུས་གཞོན་ནུའི་དྲུང་ཆེ་དོན་འགྲུབ་ལྷ་དར་ལགས་ཀྱིས་སྐབས་དེར་གྲོས་མཐུན་དེ་འདྲ་ཞིག་མི་འཇོག་ཐབས་མེད་བྱུང་བའི་ཕྱི་ནང་གི་འགལ་རྐྱེན་སྐོར་གསུངས་དོན། ང་ཚོ་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་དེ་རིང་གི་ཉིན་མོ་འདི་མུན་ནག་གི་ཉིན་མོ་ཞིག་ལ་ངོས་འཛིན་བྱས་ཏེ། ལོ་ལྟར་ས་གནས་ཡོངས་སུ་ངོ་རྒོལ་བྱེད་ཀྱིན་ཡོད། སྤྱིར་ང་ཚོས་ ༡༩༡༣ ནས་ ༡༩༤༧ བར་གྱི་གོ་སྐབས་དང་ཉེན་ཁ་ཞིག་གི་འོག་ནས་འཐུས་ཤོར་མང་པོ་བཏང་ཡོད། ལྷག་པར་དུ་ ༡༩༥༠ ལོར་ཆབ་མདོའི་མདོ་སྤྱི་བརྗེ་སྤོར་བྱས་ཏེ་རྒྱ་ནག་ལ་རོགས་ཕན་ཆགས་ཡོད། འཛམ་གླིང་སྤྱིའི་འགྲོ་སྟངས་ལྟར་ན་མཐའ་མཚམས་ཛ་དྲག་བྱུང་ན། དམག་ཁ་སྣོན་གཏོང་བ་དང་དམག་དཔོན་ལ་དབང་ཚད་འཕར་མ་སྤྲོད་སྲོལ་ཡོད་ཀྱང་། བོད་གཞུང་གིས་སྲོལ་རྒྱུན་རྩ་ཆེན་དུ་རྩིས་ཏེ་ལྷ་ཀླུའི་ཚབ་ཏུ་ང་ཕོད་བཏང་ཞིང་། ཆབ་མདོར་དམག་གིས་བརྒྱབས་ཏེ་མདོ་སྤྱི་ཤོར་ལ་ཉེ་སྐབས། བཀའ་ཤག་གིས་ལྷ་སར་ཐུགས་སྤྲོ་བཏང་ནས་བསྡད་ཡོད། བཀའ་ཤག་གི་མགོ་ཁྲིད་ཟུར་ཁང་བ་རེད། ཆབ་མདོ་ནས་ཏར་བཏང་སྟེ། ཟུར་ཁང་ལ་ཆབ་མདོ་ཤོར་གྱིན་ཡོད་པའི་ཛ་དྲག་གི་གནས་ཚུལ་ཞུས་སྐབས། སྐད་ཆ་དེ་གསང་བ་བྱོས། གནས་ཚུལ་ཆུང་ཚགས་ཆེན་པོ་མ་བཟོ། ཐུགས་སྤྲོ་གྲོལ་འགྲོ་བ་རེད་ཅེས་ལན་བརྒྱབས་ཡོད། ཆབ་མདོའི་དམག་ས་ཉིན་ ༡༨ ནང་རྒྱ་ལག་ཏུ་ཤོར་ཡོད། ཉི་མ་ནག་པོ་དེ་འདྲའི་སྐབས་ལ་ང་ཚོའི་མགོ་ཁྲིད་ཚོས་ཐུགས་སྤྲོ་བཏང་བསྡད་པའི་དབང་གིས་ཆིངས་ཡིག་དོན་ཚན་བཅུ་བདུན་ང་ཚོའི་མགོ་ཐོག་ལ་བཞག་པ་རེད། ཅེས་གསུངས་བྱུང་།
དོན་འགྲུབ་ལྷ་དར་གྱིས་གྲོས་མཐུན་དོན་ཚན་བཅུ་བདུན་ནུས་མེད་ཆགས་སྐོར་ངོ་སྤྲོད་གནང་དོན། ཆབ་མདོ་ཤོར་རྗེས་རྒྱ་ནག་གི་བཟང་བཙོན་ལྟ་བུའི་འོག་ང་ཕོད་བརྒྱུད་ཞི་མོལ་གྱི་གོ་སྐབས་སྤྲད་པ་རེད། མང་པོ་ཞིག་གིས་ང་ཕོད་ཀྱིས་བོད་བཙོང་པ་རེད་ཟེར་མོད། དེ་དྲང་པོ་མ་རེད། མདོ་སྤྱིའི་སྐབས་སུ་ཞབས་འདྲེན་ཞུས་ཡོད་ཀྱང་། དོན་ཚན་བཅུ་བདུན་འཇོག་སྐབས་སྲོག་བསྡོས་ཀྱིས་རྒྱ་གཞུང་གི་སྐུ་ཚབ་ཚོ་དང་རྩོད་པ་མང་པོ་བརྒྱབས་ཡོད། མཐར་ ༡༩༥༡ ལོའི་ཟླ་ ༥ ཚེས་ ༢༣ ཉིན་གྲོས་མཐུན་དོན་ཚན་བཅུ་བདུན་ལ་མིང་རྟགས་འགོད་དགོས་བྱུང་བ་རེད། ང་ཚོས་གསལ་བོ་ཤེས་དགོས་པ་ཞིག་ལ། སྐབས་དེར་བོད་པའི་སྐུ་ཚབ་ཚོར་བོད་གཞུང་གིས་དབང་ཚད་ཆ་ཚང་སྤྲད་ཡོད་པ་མ་རེད་ལ། ༧གོང་ས་མཆོག་གིས་ཀྱང་སྤྲད་ཡོད་པ་མ་རེད། གཉིས་པ། སྐབས་དེར་ང་ཕོད་ལ་ཏམ་ཕྲུག་རྫུན་མ་ཞིག་བཟོས་ཏེ་རྒྱག་ཏུ་བཅུག་ཡོད། དེའི་རྗེས་མའོ་ཙེ་ཏུང་གི་སྐུ་ཚབ་ཀྲིང་ཅིན་ཝོའུ་གྲོ་མོར་འབྱོར་སྐབས། ༧གོང་ས་མཆོག་གིས་གནད་དོན་འདི་བོད་ལྗོངས་ཚོགས་འདུ་རྒྱས་འཛོམས་ཐོག་ཐག་གིས་གཅོད་དགོས་གསུངས་ཏེ་ངོས་ལེན་གནང་མེད། བོད་ལྗོངས་ཚོགས་འདུ་རྒྱས་འཛོམས་སྐབས། ཀྲུང་དབྱང་དམག་སྲིད་ལས་ཁུངས་ལྷ་སར་འཛུགས་རྒྱུ་ཕྱིར་འཐེན་དང་། བོད་ཡོངས་རྫོགས་གཅིག་གྱུར། མདོ་སྨད་བོད་ཀྱི་མངའ་ཁུངས་སུ་ཚུད་དགོས་པ་བཅས་ཀྱི་ཆ་རྐྱེན་གསུམ་གྱི་འོག གྲོས་མཐུན་དོན་ཚན་བཅུ་བདུན་ཁས་ལེན་བྱས་ཏེ་ ༡༩༥༩ བར་འབད་བརྩོན་བྱས་ཀྱང་གྲུབ་འབྲས་མ་བྱུང་སྟབས། མཐར་ ༡༩༥༩ ཟླ་ ༤ ཚེས་ ༡༨ ཉིན་༧གོང་ས་མཆོག་རྒྱ་གར་ཏེ་རྗི་པུར་མེ་འཁོར་འབབ་ཚིགས་ནས་གྲོས་མཐུན་དོན་ཚན་བཅུ་བདུན་རྩིས་མེད་བཏང་བའི་གསལ་བསྒྲགས་བསྐྱངས་ཡོད། དེ་ནི་དང་པོ་རྒྱ་ནག་གིས་ཆིངས་ཡིག་དེར་རྡོག་རོལ་བཏང་བ་དང་། གཉིས་པ་བཙན་གནོན་འོག་བཞག་པའི་དབང་གིས་ངོན་ལེན་བྱས་མེད། ཅེས་དང་།
ང་ཚོར་གྲོས་མཐུན་དོན་ཚན་བཅུ་བདུན་གྱི་ཁེ་བཟང་གང་ཞིག་རག་ཡོད་པ་རེད་ཟེར་ན། བོད་དེ་རྒྱ་ནག་གི་ཆ་ཤས་མིན་པར་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་དེ་རེད། གང་ཡིན་ཟེར་ན། འཛམ་གླིང་གི་རྒྱལ་ཁབ་གང་འདྲ་ཞིག་ཡིན་ཡང་། སོ་སོའི་མངའ་སྡེའི་ནང་དམག་དཔུང་གཏོང་རྒྱུ་དང་། མངའ་སྡེ་དེ་འཛིན་སྐྱོང་བྱེད་སྟངས་ལ་མངའ་སྡེ་དེ་དང་མཉམ་དུ་གྲོས་མཐུན་འཇོག་པའི་ལུགས་སྲོལ་མེད་ལ། རྒྱལ་ཁབ་གཞན་གྱི་རྒྱབ་སྐྱོར་ཡང་འཚོལ་དགོས་དོན་མེད། རྒྱ་ནག་གཞུང་གིས་བོད་པའི་སྐུ་ཚབ་དག་དང་ལྷན་དུ་གྲོས་མཐུན་དོན་ཚན་བཅུ་བདུན་བཞག་པ་དེས་ང་ཚོ་རྒྱལ་ཁབ་རང་སྐྱ་བ་ཞིག་ཡིན་པ་བསྟན་ཡོད། ཅེས་གསུངས་བྱུང་།
དེའི་རྗེས་བོད་མི་མང་སྤྱི་འཐུས་འབའ་པ་སྐལ་བཟང་རྒྱལ་མཚན་མཆོག་གིས་གིས་གྲོས་མཐུན་དོན་ཚན་བཅུ་བདུན་གྱི་ཁྱབ་ཚད་སྐོར་གསུངས་དོན། བོད་ས་གནས་སྲིད་གཞུང་ཟེར་བའི་ཚིག་དེ་གྲོས་མཐུན་དོན་ཚན་བཅུ་བདུན་ནང་ཐོག་མར་བྱུང་བ་རེད། སྔར་བོད་རྒྱ་གཉིས་བར་ཆིངས་ཡིག་མང་པོ་བཞག་མྱོང་ཡང་། དེ་དག་མང་ཆེ་བའི་ནང་བོད་ཆེན་པོ་དང་རྒྱ་ཆེན་པོ་ཞེས་རྒྱལ་ཁབ་འདྲ་མཉམ་ཐོག་བཞག་ཡོད། ཕྱི་ལོ་ ༡༩༡༧ ཡས་མས་ནང་བོད་རྒྱའི་བར་དམག་འཁྲུག་བརྒྱབས་ཏེ་སྒང་ཐོག་གི་ཆིངས་ཡིག་བཞག་ཡོད། དེ་དང་དེ་ལྟ་བུའི་ཆིངས་ཡག་མང་པོ་བཞག་ཡོད་ཀྱང་ཚང་མ་དམག་མིའི་གནས་སྐབས་རིང་གི་ཆིངས་ཡིག་རེད། ས་མཚམས་ཀྱི་སྐད་ཆ་ཡོད་པ་མ་རེད། ང་ཚོས་བོད་ཟེར་དུས་བོད་ཡོངས་སུ་རྫོགས་པར་གོ་བཞིན་ཡོད། གྲོས་མཐུན་དོན་ཚན་བཅུ་བདུན་ནང་བོད་ཟེར་བ་དེ་བོད་རང་སྐྱོང་ལྗོངས་གཅིག་པུ་ཡིན་པ་ཁ་གསལ་མེད། རྒྱ་ནག་གིས་བོད་རང་སྐྱོང་ལྗོངས་གཅིག་པུ་ཡིན་ཟེར་ཡང་། བོད་ས་གནས་སྲིད་གཞུང་ནང་ཆབ་མདོ་ཡང་ཚུད་ཡོད་པ་མ་རེད། སྐབས་དེར་ཆབ་མདོ་བཅིངས་གྲོལ་ཨུ་ཡོན་ལྷན་ཁང་བཙུགས་ཟིན་ཡོད། ཅེས་གསུངས་བྱུང་།
གྲོས་མོལ་སྐབས་བོད་གཞུང་གིས་སྐུ་ཚབ་ཚོར་གྲོས་མོལ་གྱི་ཚད་གཞིོར་ནང་མ་གཅིག་དང་ཕྱི་མ་གཅིག་བཅས་དོན་ཚན་རིགས་གཉིས་བཏོན་ཡོད། དེའི་ནང་བོད་དེ་རྒྱ་ནག་གི་ཆ་ཤས་མིན་པ་རྩ་དོན་གཙོ་བོ་རེད། དེ་བཞིན་རྒྱ་ནག་གཞུང་གིས་བོད་ཐོག་ལ་མིང་ཙམ་གྱི་དབང་སྒྱུར་གྱི་ཐོབ་ཐང་ཡོད་པ་དང་། བོད་ཡོངས་རྫོགས་འཛིན་སྐྱོང་གཅིག་གྱུར་ཡོང་དགོས་པ་སོགས་བཀོད་ཡོད། དེ་དག་ཡོངས་རྫོགས་ལ་རྒྱ་གཞུང་གིས་རྩ་འཛིན་མ་བྱས་པར་བཙན་དབང་འོག གྲོས་མཐུན་དོན་ཚན་བཅུ་བདུན་གྱི་ནང་དོན་ཡོངས་རྫོགས་ཁོ་རང་ཚོས་བཟོས་པ་རེད། གྲོས་མཐུན་དོན་ཚན་བཅུ་བདུན་དེ་ཁས་ལེན་བྱེད་མིན་ཐད། བོད་ལྗོངས་ཚོགས་འདུ་རྒྱས་འཛོམས་ཐོག བོད་རིགས་ཡོངས་གཅིག་གྱུར་དགོས་པ་སོགས་ཀྱི་ཆ་རྐྱེན་དོན་ཚན་གསུམ་བཞག་ཡོད། རྒྱ་གཞུང་གིས་བོད་རིགས་ཡོངས་རྫོགས་གཅིག་གྱུར་ཟེར་བ་དེར། ད་ལྟ་ཀན་སུའུ་དང་མཚོ་སྔོན། སི་ཁྲོན་ཡུན་ནན་སོགས་བཅིངས་གྲོལ་ཐོབ་ཚར་ཡོད། ལྷ་ས་ཁུལ་དེ་བཅིངས་གྲོལ་གཏོང་རྒྱུ་ལྷག་ཡོད་པ་རེད། མ་འོངས་པར་ཀན་སུའུ་དང་མཚོ་སྔོན་སོགས་སུ་འོས་ཤོག་བླུག་སྟེ། བོད་ཡོངས་རྫོགས་གཅིག་གྱུར་དགོས་ཟེར་ན་ཁོང་ཚོའི་འདོད་པ་ལྟར་བྱ་རྒྱུ་ཡིན། ཞེས་ཁས་ལེན་བྱས་ཡོད།
སྐལ་བཟང་རྒྱལ་མཚན་མཆོག་གིས་གྲོས་མཐུན་དོན་ཚན་བཅུ་བདུན་དང་དབུ་མའི་ལམ་གཉིས་མཚུངས་བསྡུར་གནང་དོན། བོད་ལྗོངས་མི་དམངས་ཀྱི་ཚོགས་འདུ་རྒྱས་འཛོམས་ཆེན་མོ་ཟེར་བ་དེ་དེང་གི་གྲོས་ཚོགས་ཀྱི་ངོ་བོ་དང་གཅིག་མཚུངས་རེད། གདན་ས་ཁག་གི་སྐུ་ཚབ་ཀྱང་ཡོད། འདི་ལྟར་བཤད་ན་ད་ལྟའི་བོད་རིགས་ཡོངས་རྫོགས་ལ་གྲོས་མཐུན་དོན་ཚན་བཅུ་བདུན་གྱིས་ཁྱབ་དགོས་པ་རེད། ཕྱི་ལོ་ ༡༩༥༡ ཟླ་ ༥ ཚེས་ ༢༣ ཉིན་གྲོས་མཐུན་དོན་ཚན་བཅུ་བདུན་ལ་ས་ཡིག་བརྒྱབས་པ་དེ་བོད་རང་བཙན་ཤོར་བའི་རྟགས་མཚན་ལྟ་བུ་ཆགས་ཡོད། དེ་བཞིན། ཕྱི་ཟླ་ ༦ ཚེས་ ༢༤ ཉིན་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་དང་བོད་གཞུང་གིས་ངོས་ལེན་ཡོད་པའི་ཏར་བཏང་བ་རེད། ཕྱིས་སུ་རིམ་གྱིས་ཆིངས་ཡིག་དེ་བོད་བཙན་བཟུང་གི་བཀག་རྡོ་ལྟ་བུར་གྱུར་ཡོད་སྟབས། རྒྱ་ཕྱོགས་ནས་ཆིངས་ཡིག་དེ་རྡོག་རོལ་བཏང་ཡོད། གནས་སྟངས་དེ་འདྲ་ཞིག་གི་འོག་ནས་བོད་མི་དམངས་ཚོས་འོས་ལངས་བྱས་པ་རེད། གལ་སྲིད་རྒྱ་གཞུང་གིས་གྲོས་མཐུན་དོན་ཚན་བཅུ་བདུན་ཁ་ཞེ་གཉིས་མེད་ཐོག་ལག་ལེན་བསྟར་ཡོད་ན། དེང་དུས་ང་ཚོས་རྩོད་བཞིན་པའི་དབུ་མའི་ལམ་དང་མཚུངས་བསྡུར་བྱ་ཐུབ་མེད་པ་ཞིག་མ་རེད། གྲོས་མཐུན་དོན་ཚན་བཅུ་བདུན་ནང་ང་ཚོར་ཁེ་ཕན་གང་ལ་གང་འཚམ་ཞིག་ཡོད་པ་རེད། ཅེས་གསུངས་བྱུང་།
གསར་འགོད་པ་དོན་གྲུབ་བཀྲ་ཤིས།
དྲ་གྲོགས་ཚིག་འདི་གོང་ས་མཆོག་གི་གསུང་དྲི་མ་མེད་པ་རེད། ༼རྒྱ་དམར་ཁོ་རང་ཚོས་བཟོས་པའི་རྟགས་ཐེལ་ཞིག་བོད་གཞུང་གི་ཡིན་ཚུལ་དུ་ཕབ་བཅུག༽
ཕྱི་ལོ་ ༡༩༦༠ ལོའི་གསུམ་བཅུའི་དུས་དྲན་སྐབས་༸་གོང་ས་མཆོག་གི་གསུང་འཕྲིན་ནང་འདི་ལྟར་བྲིས་ཡོད། ༼༼༡༩༤༩ ལོ་ནས་བོད་སར་རིམ་འཛུལ་གྱིས་མཐར་ ༡༩༥༠ བོད་ལྕགས་སྟག་ལོར་ཆབ་མདོར་དྲག་ཤུགས་ཀྱིས་བཙན་འཛུལ་བྱས་ཏེ། ༡༩༥༡ བོད་ལྕགས་ཡོས་ལོར་བཟང་བཙོན་ལྟ་བུའི་དོ་དམ་དུ་གནས་པའི་རང་རེའི་སྐུ་ཚབ་རྣམས་ ལ་རྒྱ་དམར་གྱིས་རང་འདོད་ལྟར་བྲིས་པའི་གྲོས་མཐུན་ལ་རང་མིང་བཀོད་དུ་བཅུག་ ཅིང༌། རྒྱ་དམར་ཁོ་རང་ཚོས་བཟོས་པའི་རྟགས་ཐེལ་ཞིག་བོད་གཞུང་གི་ཡིན་ཚུལ་དུ་ཕབ་བཅུག༽༽
དྲ་གྲོགས་ཚོ་འདི་ཡང་དཔྱད་གཞི་ཆེན་པོ་ཞིག་རེད་སྙམ།
གྲོས་ཆོད་དོན་ཚན་བཅུ་བདུན་ཅན་འདི་མ་བཞག་སྔོན་ལ་སྐུ་ངོ་ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་གྱིས་སྲིད་དོན་རྒྱལ་རབས་དུ་འདི་ལྟར་བཤད་འདུག ༡༩༤༨ལོར་ལྡི་ལི་ནས་རྒྱ་ནག་གཞུང་གི་སྐུ་ཚབ་དང་མཉམ་དུ་རྒྱ་གར་བར་བཞུགས་ཀྱིས་གྲོས་ཆོད་ཅིག་བཞག་ན་དོན་ཚན་བཅུ་བདུན་ལྟ་བུའི་ཐབས་སྡུག་ཅིག་ཡོང་དགོས་དོན་མེད་ཚུལ་བྲིས་ཡོད། སྐབས་དེར་རྩིས་དཔོན་ཞྭ་སྒབ་ཅན་གྱི་བོད་གཞུང་སྐུ་ཚབ་ལ་རྒྱ་ནག་ཁོ་རང་གི་ངོས་ནས་གྲོས་ཆོད་འཇོག་དགོས་པའི་བསམ་ཚུལ་བཏོན་པ་ཞིག་རེད་འདུག ཞྭ་སྒབ་པས་བཀའ་ཤག་ལ་བཀའ་འདྲི་བྱེད་སྐབས་གྲོས་ཆོད་འཇོག་མི་དགོས་པའི་བཀའ་ལན་གནང་འདུག དེ་དུས་ཀྱང་ནོར་འཁྲུལ་གཅིག་ཤོར་བ་རེད། དེ་དུས་ཞྭ་སྒབ་ཅན་གྱིས་རྒྱ་གར་བར་བཞུགས་ཀྱི་་གྲོས་ཆོད་ཅིག་འཇོག་ཐུབ་ན་བོད་པས་ཁེ་ཕན་དེ་ལས་ཆེ་བ་རག་གི་ཡོད་རེད།
འབའ་པ་སྐལ་བཟང་རྒྱལ་མཚན་དེ་ཡང་སྐྱར་སྐབས་བཅོ་ལྔ་པའི་མཐུས་མིར་ཤུགས་རྒྱག་དགོས་ས་འདུག་ཁོང་བློ་གཟུར་བོ་གནས་པའི་མཐུས་མི་ཞིག་ཡིན་པརམངོན་གིན་འདུག
གྲོས་མཐུན་དོན་ཚན་བཅུ་བདུན་དང་འབྲེལ་བའི་གསུང་བཤད་གནང་སྐབས་འབའ་པ་སྤྱི་འཐུས་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་གལ་གནད་ཆེ་བའི་གནད་དོན་འགའ་ཞིག་གཙིགས་སུ་འཛིན་ནས་གཟེངས་སྤོབས་ཆེན་པོའི་སྒོ་ནས་ཐེར་བརྗོད་བྱས་འདུག གཤམ་དུ་དེ་དག་ཟུར་ཙམ་བརྗོད་ན། བོད་ས་གནས་སྲིད་གཞུང་ཞེས་མིང་ཚིག་དེ་གྲོས་མཐུན་དོན་ཚན་བཅུ་བདུན་འཇོག་སྐབས་ཐོག་མར་བྱུང་སྐོར་དང༌། གྲོས་མཐུན་དོན་ཚན་བཅུ་བདུན་ནང་བོད་ཟེར་བ་དེ་རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་གཅིག་པུ་ཟེར་ཡང་བོད་ས་གནས་སྲིད་གཞུང་ནང་ཆབ་མདོ་ཚུད་མེད་པའི་སྐོར། རྒྱ་གཞུང་གིས་བོད་རིགས་ཡོངས་རྫོགས་གཅིག་གྱུར་དགོས་པའི་བོད་ལྗོངས་ཚོགས་འདུ་རྒྱས་འཛོམས་ཐོག་ཐག་གཅོད་བྱུང་དོན་ལྟར་ཁས་ལེན་བྱས་ཡོད་ཀྱང་ལག་ལེན་མ་བསྟར་བར་དེ་ལས་ལྡོག་ནས་དོན་ཚན་གྱི་འབྲུ་དོན་རེ་རེ་བཞིན་མེ་མདའི་སོ་ཁའི་འོག་མི་འདོད་བཞིན་ཁས་ལེན་བྱེད་དུ་བཅུགས་པས་བོད་གཞུང་ནས་དོན་ཚན་དེའི་འགོ་མཇུག་བར་གསུམ་ཀུན་ལ་ངོས་ལེན་མེད་པའི་འཛམ་གླིང་ཡོངས་ལ་གསལ་བསྒྲགས་སྤེལ་ཏེ་རྩིས་མེད་བཏང་ཡོད་པ་སོགས་ཧ་ཅང་གསལ་ཁ་བཏོན་ནས་བཤད་འདུག གསུང་བཤད་གནང་མཁན་གཉིས་ཀས་གཅིག་མཚུངས་ལྟ་བུ་བརྗོད་དོན་གཅིག་ནི་གྲོས་མཐུན་དོན་ཚན་བཅུ་བདུན་ནང་བོད་པ་ལ་ཁེ་ཕན་རེ་བཟུང་བྱུང་ཡོད་སྐོར་ཡང་བརྗོད་འདུག གང་ལྟར་ཡང་བཀུར་འོས་སྤྱི་འཐུས་ཀྱིས་རྣག་ཐོག་གཙག་འཁེལ་ལྟ་བུའི་གསུང་བཤད་ཡིད་ཚིམས་པ་ཞིག་གནང་འདུག་སྙམ། འོན་ཀྱང་གསུང་བཤད་ཆ་ཚང་ཉན་ཀློག་མ་བྱུང་ཀྱང་དུས་བབ་དྲ་རྒྱའི་ནང་ཟུར་བཀོད་ཞུས་པའི་གསུང་བཤད་གནང་མཁན་གཉིས་ཀའི་གཏམ་བཤད་ནང་སྔ་ཕྱི་འགལ་བ་ལྟ་བུའི་བརྗོད་བབས་མི་མཐུན་པ་ཡང་རེ་ཟུང་བྱུང་འདུག་པས་གོ་སྐབས་འབྱུང་ཚེ་ཐེར་བཏོན་ཞུ་ཆོག
གྲོས་མཐུན་དོན་ཚན་བཅུ་བདུན་དང་དབུ་མའི་ལམ་གཉིས་བསྡུར་ནས་ཁྱད་པར་ཆེ་ཤོས་ནི། བཅུ་བདུན་ནི་བཙན་འོག་ཏུ་བྱུང་བ་དང་། དབུ་མ་ནི། རང་རིགས་གཅིག་གིས་དབུ་འཁྲིད་ནས་མི་མང་གི་རྒྱབ་སྐྱོར་ལ་བརྟེན་ནས་བྱུང་བ་ཡིན་པས་དེ་གཉིས་དོན་གཅིག་ཏུ་རྩིས་ནའང་ཁྱད་པར་འདི་ལ་ཐུག་ཡོད།
གྲོས་མཐུན་དོན་ཚན་ 17་དང་། དབུ་མའི་ལམ་གཉིས་ཀྱི་མཚུངས་ཆ་ཆེ་ཤོས་ནི། གཉིས་ཀའི་བོད་མི་རྣམས་རྒྱ་ནག་འོག་ཏུ་སྡད་རྒྱུ་ཡིན་པའི་ཁས་ལེན་གཙང་མ་ཞུས་ཀྱི་ཡོད། དེ་ཡང་གྲོས་མཐུན་དོན་ཚན་ 17་ ནི་བོད་པའི་མི་འདོད་བཞིན་དུ་རྒྱ་ནག་གིས་བཙན་དབང་ཐོག་བཞག་བཅུག་པ། དབུ་མའི་ལམ་ནི་བོད་མི་ཚོས་མ་སྐུལ་དྭང་བླང་གིས་རྒྱ་ནག་འོག་ཏུ་སྡད་རྒྱུ་ཡིན་པས་རེ་སྐུལ་ཇི་སྙེད་ཅིག་བྱས་ཀྱང་རྒྱ་ནང་གིས་ཡ་ལན་བྱས་མེད་ཅིང༌། མཐའ་དོན་འབུ་ཆེས་ཆུང་བ་ལ་ཁྱུར་མིད་བཏང་བ་དང༌། ཐུབ་ཚོད་བཏང་བ་གསལ་པོ་རེད།
གླེང་རྟགས་འདི་ལམ་འགྲོ་ཡོང་བར་སེམས་ནས་སྨོན་ལམ་འདེབས།
ཁ་སང་ས་རཱ་མཐོ་སློབ་དུ་རྡ་ས་ས་གནས་གཞོན་ནུས་ཆིངས་ཡིག་དོན་ཚན་བཅུ་བདུན་བཙན་དབང་འོག་འཇོག་དགོས་བྱུང་བའི་མུན་ནག་གི་ཉིན་མོ་སྲུང་གཙི་དང་འབྲེལ་ཆིངས་ཡིག་དོན་ཚན་བཅུ་བདུན་དང་འབྲེལ་བའི་བགྲོ་གླེང་ཞིག་ཀྱང་གོ་སྒྲིག་ཞུས་འདུག
བགྲོ་གླིང་གི་སྐུ་མགྲོན་དུ་སྤྱི་འཐུས་འབའ་པ་སྐལ་བཟང་རྒྱལ་མཚན་ལགས་དང་དབུས་གཞོན་ནུའི་དྲུང་ཆེ་དོན་འགྲུབ་ལྷག་དར་གཉིས་ཆེད་ཕེབས་ཀྱིས་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་ཡོད།
གཞོན་ནུའི་དྲུང་ཆེས་དམིགས་ཀར་གཙོ་འདོན་བྱས་པ་ཁག་ཅིག་ནི།
༡ གཞོན་ནུ་ལྷན་ཚོགས་ཀྱིས་ལྟ་སྟངས་དང་འབྲེལ་བའི་ཐོག་ནས་གསུང་དོན། གཞོན་ནུ་ལྷན་ཚོགས་ཀྱིས་དེ་རིང་གི་ཉིན་མོ་ནི་མུན་ནག་གི་ཉིན་མོ་ཞིག་ཏུ་ངོས་འཛིན་བྱས་ཏེ་ལོ་ལྟར་ས་གནས་གང་སར་ལས་འགུལ་སྤེལ་མུས་ཡིན་སྐོར། ཕྱི་ལོ་ ༡༩༡༣ ནས་ ༡༩༤༧ བར་བོད་ཕྱོགས་ནས་གོ་སྐབས་དང་ཉེན་ཁག་གི་འོག་ནས་འཐུ་ཤོར་མང་པོ་བཏང་རབས། ཕྱི་ལོ་ ༡༩༥༠ ལོར་ཆབ་མདོའི་ཕྱོགས་སུ་བོད་དམག་འཕར་བསྣོན་བྱེད་རྒྱུ་དང་མདོ་སྤྱིའི་སྐུ་དབང་ཆེ་རུ་སྤྲོད་རྒྱུའི་ཚབ་ཏུ་མདོ་སྤྱི་བརྗེ་སྤོ་བྱས་པ་དེ་ཆེས་ནོར་འཁྲུལ་ཚབས་ཆེན་ཞིག་ཡིན་སྐོར།
བོད་གཞུང་ནས་སྲོལ་རྒྱུན་རྩ་ཆེན་བརྩིས་ཏེ་མདོ་སྤྱི་ལྷ་ཀླུའི་ཚབ་ཏུ་ང་ཕོད་བཏང་བ། བོད་ཀྱི་མཐའ་མཚམས་ཆབ་མདོ་ཤོར་ཉེན་སྐབས་བཀའ་ཤག་གིས་ལྷ་སར་ཐུགས་སྤྲོ་བཏང་ནས་བསྡད་ཅིང༌། ཆབ་མདོའི་གནས་ཚུལ་ཆུང་ཚགས་ཤིག་ཏུ་བརྩི་ནས་རེ་ཞིག་ཐུགས་སྤྲོ་མ་གྲོལ་བར་གསང་བ་བྱེད་དགོས་པ། དེ་ལ་བརྟེན་ནས་མཐར་ཉིན་བཅོ་བརྒྱད་ནང་ཆབ་མདོ་རྒྱ་ལག་ཏུ་ཤོར་ཞིང༌། ཆིངས་ཡིག་དོན་ཚན་བཅུ་བདུན་མི་འདོད་བཞིན་མགོ་ཐོག་ཏུ་འཇོག་དགོས་པ་བཅས་ཀྱི་གནས་ཚུལ་བྱུང་བ་ནི་ད་ལྟའི་བོད་ཀྱི་གནས་སྟངས་འདིའི་འབྱུང་རྩ་གཙོ་བོ་དེ་ཡིན་པ་ཤུགས་ཀྱིས་བསྒྲུབས་འདུག གང་ལྟར་བགྲོ་གླིང་ཧ་ཅང་གནད་ལ་འཁེལ་བ་དང་ཚོར་ཤུགས་ཆེ་བའི་གསུང་བཤད་དཔེ་ཟླ་བྲལ་བ་ཞིག་གནང་ཤག
གྲོས་མཐུན་དོན་ཚན་བཅུ་བདུན་དང་དེ་རིང་གི་དབུ་མའི་ལམ་གཉིས་ངས་ཐེངས་མང་པོར་བསྡུར་མྱོང་། བསྡུར་ན་སྙིང་རླུང་སྟོད་ལ་འཚང་རྒྱུ་ལས་མེད། དེ་རིང་གི་དབུ་མའི་ལམ་འདིས། གྲོས་མཐུན་དོན་ཚན་བཅུ་བདུན་སླར་ཡང་ངོས་ལེན་ཐེངས་གཅིག་བྱེད་ཀྱི་ཡོད་པའི་ཚོར་སྣང་སྟེར། དབུ་མའི་ལམ་འདི་རྒྱ་ནག་གི་རྩ་ཁྲིམས་སྒྲོམ་གཞིའི་འོག་ན་ཡོད། གྲོས་མཐུན་དོན་ཚན་བཅུ་བདུན་འདི་ལག་བསྟར་ཡག་པོ་མ་བྱུང་བ་ལས། རྩ་ཁྲིམས་ཀྱི་འོག་ཞབས་རིམ་པ་དགུ་དེ་དང་འབྲེལ་བ་མེད། བོད་གཞུང་དང་སྐུ་ཚབ་རྣམ་གཉིས་མཉམ་འབྲེལ་གྱིས་དབུ་མའི་ལམ་རྒྱ་ནག་གི་རྩ་ཁྲིམས་སྒྲོམ་གཞིའི་འོག་ལ་བཅུག་པ་རེད། འདི་གླེང་གི་ཡིན་ན། བོད་གཞུང་དང་སྐུ་ཚབ་རྣམ་པ་གཉིས་རང་ལ་གླེང་བཅུག་ན་ཉན་རྒྱུ་ཞིག་ཡོད་རེད། དབུ་མའི་ལམ་གྱི་ཚོས་གཟི་ལ་འགྱུར་བ་གཏོང་མཁན་བཀའ་ཤག་དང་སྐུ་ཚབ་རྣམ་གཉིས་རེད། ཁ་སྔོན་གྱི་ཉན་ཞིབ་སྐབས་གསལ་པོ་གསུངས་སོང་ང།
སྤྱི་ལོ་ ༡༩༥༡ ལོར་བོད་རྒྱའི་བར་བཞག་པའི་ཞི་བའི་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་དང་། ང་ཚོས་ད་ལྟ་རྩོད་བཞིན་པའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཟེར་བའི་དབུ་མའི་ལམ་གྱི་ཆ་རྐྱེན་ཁག་ལས། སྔར་གྱི་གྲོས་མཐུན་དོན་ཚན་བཅུ་བདུན་ཚད་མཐོ་བ་དང་། ང་ཚོར་ཁེ་ཕན་ཆེ་བ་ཡོད།