མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དུས་ཚོད་རིང་པོ་འགོར་གྱི་རེད་བསམ་གྱི་མེད།

བོད་ཀྱི་དུས་བབ།
༢༠༡༠/༠༥/༢༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་རིགས་རྩོམ་པོ་ཝང་ལི་ཞུང་གིས་གོ་སྒྲིག་ཞུས་པའི་ཊི་ཝི་ཊར་ (Twitter) དྲ་རྒྱ་བརྒྱུད་ཐེངས་དང་པོར་རྒྱ་རིགས་རྣམས་ཀྱིས་༧གོང་ས་མཆོག་ལ་ཕུལ་བའི་དྲི་བ་ལས་ཟུར་འདོན་ཞུས་པའི་གནད་ཡོད་དྲི་བ་ཁག་བཅུ་དང་དེ་དག་གི་བཀའ་ལན།

དྲི་བ་དང་པོ། བོད་ཀྱི་མ་འོངས་པའི་ཆོས་ལུགས་ཀྱི་དབུ་ཁྲིད་སྐོར་ཡིན། ༧པཎ་ཆེན་ལ་ཡང་སྲིད་གཉིས་བྱུང་བ་ནང་བཞིན་ཏཱ་ལའི་བླ་མ་ཁྱེད་རང་ལའང་རྗེ་སུ་ཡང་སྲིད་གཉིས་འབྱུང་སྲིད་ན་དེ་ལ་ཁྱེད་ཀྱིས་གཟིགས་ཚུལ་ཅི་འདྲ་ཞིག་ཡོད།
བཀའ་ལན། ༡༩༦༩ ལོར་ངོས་ནས་གཞུང་འབྲེལ་གཏམ་བཤད་ཅིག་གི་ནང་ཏཱ་ལའི་བླ་མའི་བླ་བྲང་ངམ་སྒྲིག་འཛུགས་ཤིག་ཡོད་པ་འདི་མ་འོངས་པར་གནས་དགོས་དང་མི་དགོས་མི་མང་གིས་ཐག་གཅོད་བྱེད་ཀྱི་རེད་ཅེས་དང༌། དེ་བཞིན་ ༡༩༩༢ ལོར་གཞུང་འབྲེལ་གཏམ་བཤད་གཞན་ཞིག་གི་ནང་གཞིས་བྱེས་མཉམ་འཛོམས་བྱུང་མཚམས་ངོས་ནས་འགན་འཁུར་གང་ཡང་ལེན་རྒྱུ་མིན། ད་ཡོད་བོད་ནང་གི་ལས་བྱེད་རྣམས་ནས་འགན་ཁུར་ལེན་དགོས་བརྗོད་པ་དང་། དེ་རྗེས་ ༢༠༠༡  ལོ་ནས་ང་ཚོས་བཙན་བྱོལ་གྱི་སྒྲིག་འཛུགས་དབུས་ཀྱི་ཆབ་སྲིད་ཀྱི་འགན་འཁུར་མཁན་ལོ་ལྔ་རེའི་མཚམས་ནས་མི་མང་གིས་འོས་བསྡུ་བྱས་ཏེ་གཏན་འབེབས་ལག་བསྟར་བྱེད་ཀྱི་ཡོད།  དེར་བརྟེན་ངོས་ནས་ཏཱ་ལའི་བླ་མའི་ཡང་སྲིད་གལ་ཆེན་པོ་གང་ཡང་མཐོང་གི་མི་འདུག ངོས་རང་གསོན་པའི་རིང་ཧུར་ཐག་བྱེད་རྒྱུ་ལས་གཞན་ངོས་ལ་བསམ་བློ་(རེ་བ་) དང་འགན་འཁུར་གང་ཡང་མེད། ཏཱ་ལའི་བླ་མའི་བླ་བྲང་སྐོར་ལ་ངོས་རང་ལས་ཀྲུང་གོ་གུང་ཁྲན་ཏང་ཐུགས་འཁུར་ཆེ་བ་འདུག དེར་བརྟེན་པཎ་ཆེན་གཉིས་ཡོད་པ་ལྟར་ཡོང་སྲིད་ཀྱི་རེད། དེ་ནི་རྙོག་དྲ་སྣོན་མ་ལས་ཕན་ཐོགས་གང་ཡང་མེད།

དྲི་བ་གཉིས་པ། ཁྱེད་རང་གི་ངོས་ནས་རྒྱ་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་སྐུ་འཕྲེང་ ༡༡ པ་ཆོས་ཀྱི་རྒྱལ་པོ་ལ་གཟིགས་ཚུལ་ཅི་འདྲ་ཡོད།
བཀའ་ལན།  ངོས་ནས་གོ་ཐོས་བྱུང་བ་ལྟར་ན་ཁོང་རིག་པ་ཡག་པོ་ཡོད་པ་དང་། ཆོས་ཕྱོགས་ལ་དོ་སྣང་ཆེན་པོ་འདུག་ཟེར། འོན་ཀྱང་མི་མང་རྣམས་ཐེ་ཚོམ་ངང་གནས་ཡོད། གཙོ་བོ་ཁོང་རང་ཉིད་ལ་རག་ལས་པ་རེད། དངོས་གནས་ལུང་དང་རྟོགས་པའི་བདག་ཉིད་ཅན་གྱི་སྐྱེས་བུ་དམ་པ། བསྟན་པ་བཤད་སྒྲུབ་གཉིས་ཀྱིས་འཛིན་ཐུབ་མཁན་ཞིག་བྱུང་ན་འགྲིག་པ་རེད།

དྲི་བ་གསུམ་པ། བོད་གཞུང་གི་སྐུ་ཚབ་དང་རྒྱ་གཞུང་བར་གྲོས་མོལ་བྱས་པ་རྣམས་ལ་འབྲས་བུ་མེད་པར་གྲོལ་འགྲོ་གི་འདུག  དོན་དངོས་ཐོག་ཕྱོགས་གཉིས་བར་གནད་དོན་གང་གི་ཐོག་བསམ་ཚུལ་གཅིག་གྱུར་ཡོང་གི་མེད་པ་རེད། ལོ་ངོ་བཅུ་ཕྲག་དུ་མའི་རིང་གྲོས་མོལ་བྱས་ཀྱང་ཅིའི་ཕྱིར་གྲུབ་འབྲས་མ་ཐོན་པ་ཡིན་ནམ།
བཀའ་ལན།  རྒྱ་ནག་གཞུང་གི་ཕྱོགས་ནས་བོད་ཀྱི་དཀའ་རྙོག་གོ་བསྡུར་བྱེད་རྒྱུ་གང་ཡང་མེད། ཏཱ་ལའི་བླ་མ་སྒེར་གྱི་གནད་དོན་ཡིན་བརྗོད་ཀྱི་ཡོད། ང་ཚོའི་ངོས་ནས་ང་སྒེར་གྱི་གནད་དོན་གང་ཡང་ཤོད་དགོས་མེད། ད་ལྟ་བར་བཤད་པ་མེད་ལ་མ་འོངས་པར་ཡང་ཤོད་དགོས་དོན་གང་ཡང་མེད། ངོས་རང་སེམས་ཁྲལ་བྱེད་ས་ནི་བོད་མི་ས་ཡ་དྲུག་གི་གཞི་རྩའི་ཐོབ་ཐང་དང༌། ཆོས་དང་རིག་གཞུང་། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་དཀའ་ངལ་སྐོར་ཤོད་ཀྱི་ཡོད། ནམ་ཞིག་ཀྲུང་དབྱང་ནས་ཤིན་ཅང་ལ་གནད་དོན་རྙོག་དྲ་ཡོད་པར་ངོས་འཛིན་གནང་བ་ཇི་བཞིན། བོད་ཀྱི་གནད་དོན་རྙོག་དྲ་ཡོད་པ་དེ་ཡང་ངོས་འཛིན་བྱས་ཏེ་དེ་ལུགས་ཀྱིས་སེལ་ཐབས་ཀྱི་འབད་བརྩོན་བྱས་པ་ཡིན་ན་ང་ཚོའི་བར་སྐད་ཆ་ཤོད་རྒྱུ་ཡོད། ངོང་རང་གི་ངོས་ནས་ཕྱར་བ་གྲུ་འདེགས་ཀྱིས་བརྟན་ལྷིང་དང་། མཐུན་སྒྲིལ། ཡར་རྒྱས་བཅས་ཡོང་བ་ཞིག་བྱུང་ན་ང་ཚོའི་དམིགས་ཡུལ་གཅིག་པ་ཆགས་པ་རེད། དཔེར་ན་ལུང་པ་འཛུགས་སྐྲུན་དང་ཡར་རྒྱས་གཏོང་བའི་དམིགས་ཡུལ་གཅིག་པ་ཆགས་ཡོད། འོན་ཀྱང་རྒྱ་ནག་གཞུང་གིས་བརྟན་ལྷིང་ནི་དྲག་ཤུགས་བེད་སྤྱོད་བྱས་ཏེ་ཡོང་གི་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དང༌། ང་ཚོའི་ངོས་ནས་བསམ་བློའི་ནང་ཡིད་ཆེས་ཡོད་པ་ཞིག་དང་འདོད་པ་ཁེངས་པ་ཞིག་གི་ཐོག་ནས་བརྟན་ལྷིང་ཡོང་བ་བྱེད་པ་འདི་ཡིན།

དྲི་བ་བཞི་པ། མ་འོངས་པར་རྒྱ་ནག་གི་ཆབ་སྲིད་ཀྱི་འགྱུར་འགྲོས་ཁ་ཕྱོགས་གང་དུ་ཕྱིན་ཀྱང་རུང་། ད་ལྟ་རྒྱ་རིགས་དང་བོད་རིགས་མི་སེར་དཀྱུས་མའི་བར་འགལ་ཟླ་ཆེ་རུ་འགྲོ་བཞིན་པ་དང་། བོད་མི་མང་པོ་ཞིག་གིས་གནད་དོན་དེ་ལས་སླ་པོའི་ཐོག་རྒྱ་རིགས་ཧན་གྱིས་བོད་དབང་བསྒྱུར་བྱས་པར་བསྙད་མོད། དོན་དངོས་ཐོག་ང་ཚོ་ཧན་མི་རིགས་རྣམས་ཀྱང་གཅིག་སྡུད་ཀྱི་སྲིད་དབང་འོག་སྡུག་བསྔལ་མྱོང་མཁན་གཅིག་མཚུངས་ཡིན། དེ་ལ་ཁྱེད་ཀྱི་དགོངས་ཚུལ་ཅི་འདྲ་ཡིན།
བཀའ་ལན།  བོད་རྒྱའི་འབྲེལ་བ་ནི་ ༡༩༤༩ ། ༥༠ ལོར་གཞི་ནས་མགོ་ཚུགས་པ་ཞིག་མ་རེད། ལོ་ངོ་སྟོང་ལྷག་གི་རིང་འབྲེལ་བ་ཡོད་པ་རེད།  སྐབས་རེར་འཆམ་མཐུན་ངང་གནས་པ་དང༌། ཡང་སྐབས་རེར་ཏོག་ཙམ་མ་འཆམ་པ་བྱུང་ཡོད། ད་ལྟའི་དུས་ཚོད་འདི་མ་འཆམ་པར་གནས་པའི་དུས་ཚོད་དེ་རེད། དེའི་རྩ་བ་གཞུང་གི་སྲིད་བྱུས་ལ་ཐུག་པ་ལས་མི་མང་བར་མ་མཐུན་པ་བྱུང་པས་མིན། དེར་བརྟེན་ང་ཚོ་མི་མང་དང་མི་མང་བར་གྱི་འབྲེལ་བ་ཧ་ཅང་གལ་ཆེན་པོ་ཡིན། ང་ཚོ་རང་དབང་ལུང་པའི་ནང་བོད་རྒྱ་མི་རིགས་ཡོད་སའི་ས་ཁུལ་ཁག་ལ་ང་ཚོས་བོད་རྒྱ་མཛའ་འབྲེལ་ཚོགས་པ་འཛུགས་དགོས་པའི་འབོད་སྐུལ་བྱེད་མུས་ཡིན་ལ་གྲུབ་འབྲས་ཀྱང་གང་འཚམ་ཐོན་ཡོད། དཀའ་ངལ་ངོ་མ་ནི་ཏིང་ཞོའོ་ཕིང་གིས་དངོས་ཐོག་བདེན་འཚོལ་ཞེས་བཤད་པ་དེ་ལག་ལེན་དངོས་ཀྱི་ཐོག་མི་འཁྱོལ་བ་དེ་ཡིན། ཧུའུ་ཡོ་པང་གིས་དངོས་ཡོད་གནས་ཚུལ་ཤེས་རྒྱུར་དོ་སྣང་ཆེན་པོ་གནང་ཡོད། ཉེ་ཆར་ཝུན་ཅཱ་པོའོ་ཡིས་ཧུའུ་ཡོ་པང་གི་ལས་ཀ་གནང་སྟངས་ལྟར་གཞུང་གི་ལས་བྱེད་པས་སྙན་ཞུ་གཅིག་པུར་ཆ་མ་བཞག་པར་ས་གནས་ས་ཐོག་ལ་ཕྱིན་ཏེ་མི་མང་ལ་ཐུག་ནས་གནས་ཚུལ་ཤེས་རྟོགས་བྱེད་དགོས་ཞེས་གསུངས་པ་དེ་དངོས་གནས་ཡག་པོ་རེད། དངོས་ཡོད་གནས་ཚུལ་ལ་ཞིབ་འཇུག་བྱས་ཏེ་ཕྱི་གསལ་ནང་གསལ་མ་བཟོས་པའི་ཉེར་ལེན་གྱིས་རྒྱ་ནག་ནང་ལ་སྐྱོན་ཆ་མང་པོ་ལྷག་ཡོད།   ཕྱི་གསལ་ནང་གསལ་བཟོས་པ་ཡིན་ན་ལྐོག་ཟ་རུལ་སུངས་ཉུང་དུ་འགྲོ་བར་ཏན་ཏན་ཕན་གྱི་རེད།

དྲི་བ་ལྔ་པ། ཁྱེད་ཀྱིས་ཐབས་ལམ་གང་ཞིག་གི་སྒོ་ནས་རྒྱ་བོད་མི་རིགས་བར་ཀྱི་མཛའ་བརྩེའི་འབྲེལ་བ་སྲུང་སྐྱོང་གནང་རྒྱུ་ཡིན་ནམ།
བཀའ་ལན། ངོས་རང་འཛམ་གླིང་གི་ས་ཕྱོགས་མང་པོར་སླེབས་དུས་ངོས་མིའི་རིགས་གཅིག་གྱུར་གྱི་འདུ་ཤེས་བཞག་སྟེ་འབྲེལ་བ་བྱེད་ཀྱི་ཡོད། འབྲེལ་བ་ཧ་ཅང་ལྷུག་པོ་ཡོང་གི་འདུག བོད་རྒྱ་མི་རིགས་གཉིས་ནི་མིའི་རིགས་གཅིག་གྱུར་ཙམ་དུ་མ་ཟད་ལོ་རྒྱུས་ཐོག་འབྲེལ་བ་ཧ་ཅང་ཆེན་པོ་ཡོད་པ་ཞིག་ཀྱང་རེད། ང་ཚོ་ཕན་ཚུན་བར་ཁ་གསལ་གཏིང་གསལ་དང་འདྲ་མཉམ་བྱུང་ན་དཀའ་ངལ་ཚང་མ་སེལ་འགྲོ་གི་རེད། ངོས་ནས་རྒྱ་ནག་སྐམ་ས་ཆེན་པོ་ནས་ཡོང་བའི་རྒྱ་རིགས་དང་ཡང་ཡང་ཐུག་གི་ཡོད། བསམ་པ་རྣམ་དག་དང་སེམས་ཐག་ཧ་ཅང་ཉེ་པོ་ཡོང་གི་འདུག འོན་ཀྱང་གཅིག་གིས་གཅིག་ལ་རྣམ་རྟོག་གིས་བཟོས་པའི་དོགས་པ་དང་ཐེ་ཚོམ་ནི་རྙོག་དྲ་ཞིག་ཡིན། བོད་རྒྱ་མི་རིགས་ཙམ་མ་ཡིན་པར་འཛམ་གླིང་ས་ཕྱོགས་གང་སར་དེ་འདྲ་ཡོད། དེ་ནི་ངེས་པར་དུ་སེལ་དགོས་པའི་གནད་དོན་ཞིག་ཡིན། ངོས་རང་སླེབས་སའི་ས་གནས་གང་འདྲ་ཞིག་ཡིན་རུང་ང་ཚོ་མི་གཅིག་མཚུངས་རེད། ཆོས་དང་རིག་གཞུང་སྐད་ཡིག་མི་འདྲ་བ་ནི་རིམ་པ་གཉིས་པ་རེད། གལ་ཆེ་ཤོས་ང་ཚོ་ཚང་མ་མིའི་རིགས་གཅིག་པ་རེད་ཅེས་རྟག་ཏུ་བརྗོད་ཀྱི་ཡོད། སྔ་མོ་ ༡༩༥༤ ། ༥༥ ལོར་ངོས་རང་རྒྱ་ནག་པེ་ཅིང་དུ་ཡོད་དུས་མ་ཁེ་སི་རིང་ལུགས་ཀྱི་རྒྱལ་མཚམས་རིས་མེད་རིང་ལུགས་ཞེས་པའི་ཐོག་སྐད་ཆ་ཤོད་ཀྱི་ཡོད། དེར་ངོས་རང་ཧ་ཅང་དགའ་པོ་ཡོད།

དྲི་བ་དྲུག་པ། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆའི་ནང་། བོད་དུ་ཡོད་པའི་རྒྱ་རིགས་རྣམས་ཀྱི་ཁེ་དབང་ཇི་ལྟར་སྲུང་སྐྱོབ་བྱ་རྒྱུའི་སྐོར་འཁོད་མི་འདུག ད་ལྟ་བོད་ཁུལ་དུ་ཡོད་པའི་རྒྱ་རིགས་སྡོད་དམངས་རྣམས་རང་སྐྱོང་ཐོབ་རྗེས་མུ་མཐུད་གནས་སྡོད་བྱེད་རྒྱུར་ཁྱེད་ལ་མོས་མཐུན་ཡོད་དམ།
བཀའ་ལན།  སྔ་མོ་ ༡༩༥༠ གོང་ནས་བོད་ནང་རྒྱ་རིགས་ཡོད། དཔེར་ན་ངོས་རང་སྐྱེ་སའི་ས་ཁུལ་ལ་མཚོན་ནའང་ཁ་ཆེའི་ཆོས་བྱེད་མཁན་དང་རྒྱ་རིགས་མང་པོ་ཡོད། མ་འོངས་པར་ཡིན་ནའང་རྒྱ་རིགས་ངེས་པར་དུ་ཡོད་དགོས་ཀྱི་རེད། ཡིན་ནའང་གནད་འགག་གཅིག་ནི་དཔེར་ན་ནང་སོག་ལྟ་བུར་ཆ་མཚོན་ན་སོག་པོའི་མི་རིགས་ནི་ཆེས་གྲངས་ཉུང་ཆགས་འདུག  དེ་འདྲ་ཆགས་པ་ཡིན་ན་མི་རིགས་རང་སྐྱོང་གི་དགོས་དོན་མ་ཚང་བ་རེད། གཉིས་ནས་བོད་ནང་ཆ་བཞག་ན་གྲོང་འགའ་ཤས་ནང་རྒྱ་རིགས་ཧ་ཅང་ཕོན་ཆེ་ཡོད་པ་དང་བོད་རིགས་ཉུང་ཉུང་ཡིན་པ་དེ་ཚོའི་གྲས་ལ་རང་བཞིན་བོད་སྐད་རྒྱག་རྒྱུ་དང་བོད་པའི་གོམས་གཤིས་ཉམས་ཆག་འགྲོ་གི་འདུག གནད་དོན་དེའི་ཐད་བསམ་བློ་གཏོང་དགོས་པ་ལས་གཞན་རྒྱ་རིགས་གྲོགས་པོ་ཚོ་བདེ་སྐྱིད་ངང་སྡོད་ཐུབ་པ་ཞིག་ངེས་པར་དུ་དགོས། ང་ཚོ་ཚང་མ་མིའི་རིགས་གཅིག་མཚུངས་རེད།

དྲི་བ་བདུན་པ། སློབ་དཔོན་ཆེན་པོ་ཁྱེད་ཀྱིས་དེབ་ནང་སྔར་གྱི་བོད་དེ་ཞི་མཐུན་ཆོས་ཀྱི་རྒྱལ་ཁབ་ཅིག་ཡིན་ཞེས་བཀོད་གནང་བ་དང། རྒྱ་གཞུང་གིས་མུན་ནག་གི་ཞིང་བྲན་ཡུལ་ལུང་ཞིག་ཡིན་པར་བརྗོད་པ་དེ་གཉིས་ཧེ་བག་ཧ་ཅང་ཆེ་བར་མ་ཟད། འདྲ་པར་དང་བརྙན་འཕྲིན་ཐོག་ནས་སྔར་གྱི་ཞིང་བྲན་ལམ་ལུགས་དེ་གདུག་རྩུབ་དང་མུན་ནག་ཡིན་པའི་ར་སྤྲོད་མང་པོ་བྱས་ཡོད། དེ་འདྲའི་ཧེ་བག་ཡོང་དོན་སྐོར་འགྲེལ་བཤད་གནང་རོགས།
བཀའ་ལན།  དེ་སྔའི་ ༡༩༥༠ གོང་གི་བོད་སྤྱིའི་ལམ་ལུགས་ཀྱི་ཆ་ནས་ཞིང་བྲན་ཚེ་གཡོག་རྗེས་ལུས་ཡིན་པ་བདེན་པ་རེད། སྔ་མོའི་བོད་ཡུལ་ལྷ་ཡུལ་ལྟ་བུ་རེད་ཟེར་མཁན་བོད་སུ་གཅིག་ཡོད་ཀྱི་མ་རེད་ལ། ད་ལྟ་བོད་ཕྱི་ནང་གཉིས་ཀྱི་བོད་མིའི་ནང་བོད་རྙིང་བ་བསྐྱར་གསོ་བྱེད་བསམ་པ་རྨི་ལམ་ཚུན་ཆད་ལ་མེད། ཡང་ཕྱོགས་གཅིག་ནས་རྒྱ་ནག་གཞུང་གིས་དེ་སྔའི་བོད་དེ་དམྱལ་བ་ལྟ་བུ་རེད་ཅེས་བརྗོད་པ་ནི་ཧེ་བག་ཆེན་པོ་ཡོད། སྔ་མོའི་བོད་ཀྱི་ལོ་རྒྱུས་གློག་བརྙན་༼སྐྱེས་མི་ཆོག་པའི་མི་དང་། ཞིང་བྲན་ (བྱམས་པའི་ལོ་རྒྱུས་)༽ འཁྲབ་སྟོན་སྐབས་ཧང་ཟོམ་ཆེ་དྲག་པས་ལྟད་མོ་ལྟ་མཁན་ཚོ་གད་མོ་ཤོར་བའི་གནས་ཚུལ་བྱུང་བ་ང་ལ་ཤོད་མཁན་བྱུང༌། དཔེར་ན་རིག་གནས་གསར་བརྗེ་ཆེན་པོའི་སྐབས་རིག་གནས་གསར་བརྗེ་ཆེན་པོར་རྒྱལ་ཁ་ཆེན་པོ་ཐོབ་པ་བརྗོད་ཀྱི་ཡོད། རྗེས་སུ་དངོས་ཡོད་གནས་ཚུལ་གང་ཡིན་པ་གསལ་པོ་ཆགས་ཏེ་འགྱུར་བ་ཕྱིན་པ་ལས་སྐབས་དེའི་ཀྲུང་གོའི་ཤོད་རྒྱུན་ལ་ཧ་ཅང་སྐད་གྲགས་ཆེན་པོ་ཡིན་པ་ཤོད་ཀྱི་ཡོད། དཔེར་ན་ཐེན་ཨན་མེན་གྱི་དྲུག་བཞིའི་དོན་རྐྱེན་འཛམ་གླིང་ཐོག་ཡོངས་གྲགས་ཡིན་ཡང༌། ཀྲུང་གོས་ཧ་ལམ་མི་ཉུང་ཤས་ཀྱིས་བཟོས་པ་ལྟ་བུ་ཤོད་ཀྱི་ཡོད། དེར་བརྟེན་གལ་ཆེ་ཤོས་ཁྱེད་རང་ཚོ་རང་ཉིད་ནས་ཚན་རིག་དང་མཐུན་པའི་བློ་གཟུ་བོར་གནས་པའི་ཐོག་ནས་ཞིབ་འཇུག་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ངོས་ཀྱིས་བཤད་པར་ཆ་མ་བཞག་པར་སོ་སོས་ཞིབ་འཇུག་བྱེད་དགོས་ཞེས་ངོས་ནམ་རྒྱུན་བོད་པ་ཚོར་ཡང་ཤོད་ཀྱི་ཡོད། ང་ཚོ་ནང་པ་སངས་རྒྱས་པའི་ཆོས་པ་ཞིག་གི་ངོས་ནས་བཤད་པ་ཡིན་ན་བཅོམ་ལྡན་འདས་ཀྱི་བཀའ་ལའང་ཞིབ་འཇུག་བྱེད་དགོས་ཀྱི་ཡོད་པ་རེད།

དྲི་བ་བརྒྱད་པ། གལ་སྲིད་གཞུང་གི་ངོས་ནས་ཁྱེད་རང་བོད་དུ་ཕྱིར་ཕེབས་བཅུག་པ་དང་། བོད་རང་སྐྱོང་བྱེད་བཅུག་ན། ཁྱེད་རང་གི་ངོས་ནས་བོད་ལ་ཆབ་སྲིད་ཀྱི་ལམ་ལུགས་ཅི་འདྲ་ཞིག་ཡོང་བའི་རེ་བ་གནང་གི་ཡོད།
བཀའ་ལན། བོད་ནང་གི་བོད་རྒྱ་ཆེའི་མི་མང་དང་ལྷག་པར་དུ་ཤེས་ཡོན་ཅན་དངོས་ཐོག་བདེན་འཚོལ་བྱེད་མཁན་ཚོས་མང་མོས་ཐག་གཅོད་བྱེད་རྒྱུ་རེད། ང་ཚོ་བཙན་བྱོལ་ལ་ཆ་མཚོན་ན་འདས་པའི་ལོ་ལྔ་བཅུའི་རིང་གི་ང་ཚོའི་སྒྲིག་འཛུགས་འདི་དམངས་གཙོའི་ཐོག་འགྲོ་གི་ཡོད།

དྲི་བ་དགུ་པ། དྲི་བ་འདི་རྣོ་ངར་ལྡན་པ་ཞིག་ཡིན། ངས་ཏཱ་ལའི་བླ་མར་བཀའ་འདྲི་ཞུ་རྒྱུར། རྒྱ་ནག་གཞུང་གིས་ཁྱེད་ལ་སྐྱོན་བརྗོད་ཆེ་ཤོས་ཤིག་ནི་ཁྱེད་ཀྱིས་བོད་ལ་དམག་དཔུང་མི་སྡོད་པའི་དགོས་འདུན་བཏོན་པ་དང་། དེ་ནི་རྣམ་པ་འགྱུར་བའི་རང་བཙན་གྱི་རྩ་བ་ཡིན་ཟེར། ད་དུང་བོད་ལ་དམག་དཔུང་མི་སྡོད་པའི་དགོས་འདུན་རྒྱུན་འཁྱོངས་གནང་གི་ཡོད་དམ།
བཀའ་ལན། རང་སྐྱོང་རེད་དེ་ཕྱི་འབྲེལ་དང་རྒྱལ་སྲུང་གི་ལས་ཀ་དབུས་གཞུང་གིས་བྱེད་ཀྱི་རེད་ཅེས་ངོས་ནས་ག་དུས་ཡིན་ཡང་གསལ་པོར་ཤོད་ཀྱི་ཡོད། ངོས་ནས་དེ་སྔོན་དེ་ལྟ་བུའི་རེ་འདོད་བཏོན་པ་ཡིན། དེ་ནི་མ་འོངས་པར་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་དང་བལ་པོ་སོགས་མཛའ་མཐུན་ཡིད་ཆེས་ཀྱི་ཐོག་གནས་ནས་བོད་ཀྱི་ས་ཁུལ་འདི་བཞིན་རིམ་པས་ཞི་བདེའི་བསྟི་གནས་ཤིག་བསྐྲུན་ཐུབ་ན་སྙམ་པ་ངའི་རྨི་ལམ་ཡིན། བོད་ཙམ་མ་ཡིན་པར་འཛམ་གླིང་ཡོངས་སུ་མ་འོངས་པར་དམག་དཔུང་མེད་པའི་འཛམ་བུའི་གླིང་ཞིག་བཟོ་དགོས་ཞེས་ངོས་རྟག་ཏུ་བརྗོད་ཀྱི་ཡོད། གནད་དོན་དེར་འདྲོག་འགོ་ལངས་པ་དང་སེམས་ཁྲལ་བྱེད་དགོས་དོན་རྩ་བ་ནས་མེད།

དྲི་བ་བཅུ་པ། ད་ལྟའི་གནས་བབ་ཀྱི་ཐོག་ནས་བལྟས་ན། ཏཱ་ལའི་བླ་མ་མཆོག་གི་སྐུ་ཚེའི་རིང་བོད་ཀྱི་གནད་དོན་ཞི་བས་ཐག་གཅོད་ཐུབ་རྒྱུ་ཀླད་ཀོར་རེད། དེས་ན་སྐུ་ཉིད་ཀྱིས་བོད་ཀྱི་མ་འོངས་པར་གཟིགས་ཚུལ་ཅི་འདྲ་ཞིག་ཡོད།
བཀའ་ལན།  ངོས་ནས་ཀྲུང་གོ་བཙུགས་ནས་ལོ་ངོ་དྲུག་ཅུ་ལྷག་ཙམ་གྱི་འདས་པའི་ལོ་རྒྱུས་ལ་ཕྱོགས་བསྡོམས་བྱེད་ཀྱི་ཡོད། དེ་ནི་མའོ་ཡི་དུས་རབས་དང་། ཏིང་གི་དུས་རབས། ཅང་གི་དུས་རབས། ཝུའུ་ཡི་དུས་རབས་བཅས་ཡིན། དེ་དག་ནང་དངོས་ཡོད་གནས་ཚུལ་ལ་གཞིག་ནས་འགྱུར་བ་མང་པོ་ཕྱིན་འདུག དེ་འདྲ་ཡིན་དུས་མི་རིགས་ཀྱི་སྲིད་བྱུས་ལ་ཡང་འགྱུར་བ་ཏན་ཏན་འགྲོ་གི་རེད་བསམ་གྱི་འདུག་ལ། འགྱུར་བ་འགྲོ་དགོས་པའང་རེད། དེ་འདྲ་ཡིན་དུས་ངོས་ནས་བོད་ཀྱི་གནད་དོན་དེ་གཉིས་མོས་ཀྱི་ཐོག་ནས་འགྲིག་མཐུན་ཡོང་རྒྱུ་དེ་ཕྱོགས་གཅིག་ནས་མི་སྲིད་པ་མ་རེད་ལ། གཉིས་ནས་དུས་ཚོད་ཀྱང་རིང་པོ་འགོར་གྱི་རེད་བསམ་གྱི་མེད། དེ་སྔ་བོད་ལ་ལས་ཀ་བྱེད་མྱོང་མཁན་ད་ལྟ་རྒས་ཡོལ་ཞུས་ཟིན་པ་དང་། དེ་བཞིན་དེང་སང་གི་རྒྱ་རིགས་ཤེས་ཡོན་ཅན་མང་པོ་ཞིག་གིས་ད་ལྟའི་མི་རིགས་སྲིད་བྱུས་འདི་རན་གྱི་མེད་པས་བསྐྱར་ཞིབ་བྱེད་དགོས་ཞེས་རེ་འདོད་འདོན་གྱི་ཡོད། དེ་འདྲ་ཡིན་དུས་དུས་ཚོད་རིང་པོ་མི་འགོར་བར་ཐག་གཅོད་ཡོང་གི་རེད་བསམ་གྱི་འདུག

རྩོམ་སྒྲིག་པའི་གསལ་བཤད།

༡། (གོང་གི་དྲི་བ་དྲི་ལན་འདི་དག་ནི་སྐུ་སྒེར་དྲུང་ཆེ་རྔ་བ་ཚེ་རྒྱམ་མཆོག་དང་རྒྱལ་བ་རིན་པོ་ཆེའི་དྲ་རྒྱའི་དོ་དམ་པའི་བཀའ་འཁྲོལ་ལྟར་འདིར་བཀོད་པ་ཡིན།)

༢། ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་༢༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཙམ་གྱི་ཐོག་ྋགོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཕྲུལ་སྒྲ་ (Twitter) དྲ་གནས་བརྒྱུད་རྒྱ་ནག་སྐམ་སའི་རྒྱ་རིགས་མི་མང་ཁྲི་ཚོ་རྒལ་བས་ཆེད་དོན་བཀའ་འདྲི་ཞུས་པར་བཀའ་ལན་སྩལ། དེ་ཡང་རྒྱ་རིགས་རྩོམ་པ་པོ་སྐུ་ཞབས་ཝང་ལི་ཞུང་གིས་དྲྭ་རྒྱའི་ཐོག་རྒྱ་ནག་སྐམ་སའི་ནང་ཡོད་པའི་རྒྱ་རིགས་དྲྭ་རྒྱ་བདེ་སྤྱོད་ བྱེད་མཁན་མི་གྲངས་ ༡༢༥༣ ཙམ་གྱི་ྋགོང་ས་མཆོག་ལ་ཆེད་དོན་དྲི་བ་ཁག་ ༢༨༩ ཕུལ་ཡོད། དེ་ནས་མི་གྲངས་༡༢༤༧༣ཙམ་གྱི་དྲི་བ་ལས་འདེམས་སྒྲུག་བྱས་པའི་གཙོ་གནད་ཅན་གྱི་དྲི་བ་ ༢༥༠ ལ་ྋགོང་ས་མཆོག་གིས་བཀའ་ལན་སྩལ་ཡོད་པ་དེ་དག་སྐུ་ཞབས་ཝང་ལི་ཞུང་གིས་རྒྱ་སྐད་ ཐོག་ནས་རྒྱ་ནག་སྐམ་སའི་ནང་ཡོད་པའི་རྒྱ་རིགས་ཚོར་དྲྭ་ཐོག་ནས་སྤེལ་ཡོད། གཙོ་གནད་ཅན་གྱི་དྲི་བ་ཁག་བཅུ་ཕྱི་ཚེས་ ༢༡ ཉིན་གྱི་སྔ་དྲོ་སྐུ་ཞབས་ཝང་ལི་ཞུང་གིས་ྋགོང་ས་མཆོག་ལ་ཕུལ་ཡོད་པ་དེ་དག་ལ་ བཀའ་ལན་གནང་ཡོད། སྤྱིར་རྒྱ་ནག་ནང་འཕྲུལ་སྒྲ་ (Twitter)དྲྭ་རྒྱར་དམ་བསྒྲགས་བྱེད་བཞིན་ ཡོད་ཀྱང་ (Google Moderator) བརྒྱུད་ཕྱིའི་གནས་ཚུལ་རྣམས་རྒྱ་ནག་སྐམ་སའི་ནང་སླེབས་ཐུབ་ཀྱི་ཡོད་ཅེས་སྐུ་སྒེར་ཡིག་ཚང་གི་དྲ་ངོས་སུ་བཀོད་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧
Close view of Chinese PLA combat helicopter in Tibet_January 05 2021
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཟིགས་ཞིབ་དགོས་པའི་རེ་སྐུལ་ཞུས། 

༢༠༢༥/༠༦/༢༦
Mobile App

མི་འགྱངས་བར་སྟོབས་ཆེན་རྒྱལ་ཁབ་ལྔ་ཡིས་ཚོགས་ཆེན་འཚོག་རྒྱུ་ཡིན་འདུག 

༢༠༢༥/༠༦/༢༦
ལྕམ་སྐུ་པེ་ལོ་སི་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

ཨ་རིའི་གྲོས་ཚོགས་ནང་༧སྐུའི་གོ་སྟོན་སྲུང་གཙི་གནང་།

༢༠༢༥/༠༦/༢༦

མཆན། 15

  1. ཨོ་རྒྱན་གླིང་། says:
    ལོ་ 15 སྔོན།

    ༧གོང་ས་མཆོག་ལགས།
    ང་ཚོ་བོད་མི་ས་ཡ་དྲུག་གིས་མགོན་དང་དཔུང་གཉེན་ཁྱེད་ཉིད་ལ་བཅོལ་ནས་གནས་ཀྱང་།
    ཁྱེད་ཀྱིས་ཞལ་ནས་རིས་མེད་གསུང་བཞིན་དོན་ལག་ལེན་དགེ་ལྡན་པའི་གྲུབ་མཐའ་ཁོ་ན་རྒྱ་བསྐྱེད་གནང་བ་ཅིའི་ཕྱིར།
    དོན་གཅོད་དང་འབྲེལ་ཡོད་ཀྱི་བྱ་བ་ཆེ་ཕྲ་མཐའ་དག་དགེ་ལུག་ལས་གཞན་གྱིས་མི་འབྱོན་པ་རེད་དམ།
    ཁྱེད་ཀྱི་རིས་མེད་དེ་མི་དབང་དུ་བསྡུད་བྱེད་ཀྱི་ལག་ཆ་ཞིག་ཏུ་མཐཽང་།

    Reply
  2. ཨ་སྤེན་ཚེ། says:
    ལོ་ 15 སྔོན།

    རྒྱལ་མཚན་ནོར་བུ་ནི་༧ གོང་ས་མཆོག་གིས་པཎ་ཆེན་སྐུ་གོང་མའི་ཡང་སྲིད་མིང་གཉིས་པ་རུ་འདེམས་པ་དེ་ལའང་དགོས་པ་ཆེན་པོ་ཞིག་ཡོད་པ་རེད།
    དགེ་འདུན་ཆོས་ཀྱི་ཉི་མའི་གནས་སྟངས་འདི་འདྲ་ཞིག་ཡོང་བར་༧ གོང་ས་མཆོག་གིས་མཁྱེན་ཡོད་པ་རེད་ཡིན་ཙང་མིང་གཉིས་པ་དེར་རྒྱལ་མཚན་ནོར་བུ་བཞག་པ་རེད།
    འོན་ཀྱང་། སྟབས་མ་ལེགས་པ་ཞིག་ལ་རྒྱ་གཞུང་གིས་ཁོང་ལ་ལག་པ་འཆང་པ་རེད།
    དེ་ནི་གཅིག་བྱས་ན་རྐྱེན་ངན་གྲོགས་ཤར་ལྟར་བུའི་བོད་མི་རིགས་ཀྱི་མ་འོངས་པའི་མགོན་སྐྱབས་ཆེ་ཤོས་དེ་ཆགས་རྒྱུའི་འོས་བབ་ཡོད་པ་ཞིག་རེད།

    Reply
  3. ཆུ་ཤུར་མིག་དམར་ says:
    ལོ་ 15 སྔོན།

    ཨ་སྤེན་ཚེ་་་པན་ཆེན་རིན་པོ་ཆེའི་ཡང་སྲིད་གཅིག་མ་གཏོག་གཉིས་ཡོང་ཐབས་ཡོད་མ་རེད
    དེ་ནི་༧གོང་ས་མཆོག་གིས་ངོས་འཛིན་མཛད་པའི་ཀུན་གཟིགས་དགེན་འདུན་ཆོས་ཀྱི་ཉི་མ་རེད

    Reply
  4. སྣང་རྒྱལ་ཤེར་དགེ says:
    ལོ་ 15 སྔོན།

    ཨ་སྤེན་ཚེ་ལགས་ལ་ཞུ་རྒྱུར། ༸གོང་ས་མཆོག་གིས་༼བྱུང་ན་འགྲིག་པ་རེད།༽ཅེས་གསུངས་པ་མ་གཏོགས༼འབྱུང་གི་རེད།༽ཅེས་མ་གསུངས་པ་དེ་ལའང་དགོས་པ་ཆེན་པོ་ཡོད་པ་རེད། ལར་ནས་༼ན་༽སྒྲ་སྦྱར་བ་འདིས་མ་འོངས་པ་གང་ཞིག་འབྱུང་མིན་བཤད་ཚོད་མ་ཐིག་པའི་དོན་མངོན་གསལ་དུ་བསྟན་ཡོད་པ་ལས་ཐག་བཅད་མེད་པ་རེད། དེ་དང་ཕྱོགས་མཚུངས་གསུང་ཚིག་དེས་རྒྱལ་མཚན་ནོར་བུས་པཎ་ཆེན་གྱི་གོ་ས་ནོན་མིན་ཁོ་རང་ལ་རགས་ལུས་པའང་གསལ་བོར་བསྟན་འདུག

    Reply
  5. ཨ་སྤེན་ཚེ། says:
    ལོ་ 15 སྔོན།

    ༧ གོང་ས་མཆོག་གིས་གསུང་པ་བཞིན་ང་ཚོ་བོད་མི་ཚོས་རྒྱལ་མཚན་ནོར་བུ་ལ་ཐེ་ཚོམ་ངང་གནས་ཡོད་པ་རེད།
    འོན་ཀྱང་། ངས་ལྟས་ན་ཁོང་ལ་ཐེ་ཚོམ་དང་དོགས་པ་རྩ་བ་ནས་བྱེད་དགོས་ཀྱི་མ་རེད་སྙམ།
    གང་ཡིན་ཟེར་ན་ཁོང་ནི་རིག་པ་ཡག་པོ་དང་།ཆོས་ལ་དོ་སྣང་ཤུགས་ཆེན་པོ་ཡོད་མཁན་ཞིག་ཡིན་པས། མ་འོངས་པར་པཎ་ཆེན་སྐུ་གོང་མ་ཆོས་ཀྱི་རྒྱལ་མཚན་ལྟ་བུའི་དངོས་གནས་ལུང་དང་རྟོགས་པའི་བདག་ཉིད་ཅན་གྱི་སྐྱེས་བུ་དམ་པ་ཞིག་ཏན་ཏན་ཡོང་གི་རེད། ད་དུང་ཁོང་ནི་བོད་མི་རླབས་ཆེན་ཞིག་ཡིན་པས་བོད་མི་རིགས་ལ་ཤ་ཞེན་དང་ལ་རྒྱ་ཡང་རང་བཞིན་གྱིས་བསླེབ་ཡོང་གི་རེད།
    ད་རུང་དེ་མ་ཟད་པཎ་ཆེན་སྐུ་གོང་མའི་ལོ་རྒྱུས་ཀྱི་ཆ་ནས་བལྟས་ནའང་ཁོང་གིས་འཇོན་ན་དེ་ག་རང་པཎ་ཆེན་སྐུ་ཕྲིང་བཅུ་གཅིག་པ་རྒྱལ་མཚན་ནོར་བུ་རང་ཡིན་དགོས།
    དེ་ནི་འུར་བརྗོད་དང་འཁང་ར་མིན་པར་དོན་དངོས་ཐོག་དེ་ལྟར་འགྱུར་ཡོང་གི་རེད། ༧ གོང་ས་མཆོག་གིས་༼ བྱུང་ན་འགྲིག་པ་རེད ༽ ཅེས་པའི་བཀའ་སློབ་དེ་ག་རང་གིས་ཁོང་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་དུ་སྩལ་བ་རེད།

    Reply
  6. སྒྲོལ་དཀར་བུ says:
    ལོ་ 15 སྔོན།

    ཐུགས་རྗེ་ཆེ།

    Reply
  7. karma dorje says:
    ལོ་ 15 སྔོན།

    ་་་་་་གཉིས་མོས་ཀྱི་ཐོག་ནས་འགྲིག་མཐུན་ཡོང་རྒྱུ་དེ་ཕྱོགས་གཅིག་ནས་མི་སྲིད་པ་མ་རེད་ལ། གཉིས་ནས་དུས་ཚོད་ཀྱང་རིང་པོ་འགོར་གྱི་རེད་བསམ་གྱི་མེད། །་་་་་་་་་་་་་་་་་་་་་་་་་་་་

    Reply
  8. ཤེལ་དཀར་བློ་བཟང་། says:
    ལོ་ 15 སྔོན།

    དྲི་བ་དགུ་པ་ལས་བཅུ་པ་འདི་རྣོ་ངར་ལྡན་པ་ཞིག་ཏུ་མཐོང་།

    Reply
  9. སྣང་རྒྱལ་ཤེར་དགེ says:
    ལོ་ 15 སྔོན།

    རྒྱ་བོད་མཐུན་སྒྲིལ་བྱུང་ན་བཟང་མོད། མཐུན་སྒྲིལ་བྱེད་ཀྱིན་བྱེད་ཀྱིན་བོད་ཆུང་ངུ་འདི་རྒྱ་ཆེན་པོའི་ནང་དུ་འཐིམ་འགྲོ་ངེས་རེད།

    Reply
  10. སྣང་རྒྱལ་ཤེར་དགེ says:
    ལོ་ 15 སྔོན།

    རྒྱ་བོད་ཀྱི་འཐབ་རྩོད་འདི་ངོ་བོའི་ཐོག་ནས་མི་སེར་ནང་ཁུལ་གྱི་འཐབ་རྩོད་ཅིག་མིན་ནའང་ཐང་། འོན་ཀྱང་ད་ལྟའི་ཆར་མི་སེར་གྱི་འཐབ་རྩོད་ཅིག་ཏུ་གྱུར་ཟིན་པ་རེད། དེ་ཡང་རྒྱ་མི་མང་པོ་ཞིག་བོད་ཀྱི་སར་ཡོང་སྟེ་རང་ཉིད་དབང་སྒྱུར་པ་པོ་དང་བློ་སྟོབས་ཅན། ཤེས་ཡོན་ཅན་ཡིན་པ་པ་དང་། བོད་རིགས་རྣམས་ནི་བྲན་གཡོག་དང་བག་འཁུམ། བླུན་རྨོངས་ཅན་ཡིན་པའི་ལྟ་བ་ཁྱེར་ཏེ་རྒྱ་རིགས་ལྷམ་འཚེམ་མཁན་ཡན་ཆད་ཀྱིས་བོད་རིགས་རྣམས་ལ་མཐོང་ཆུང་བྱེད་པའི་མི་རིགས་རིང་ལུགས་ཀྱི་བསམ་བློ་འདི་འཐབ་རྩོད་ཀྱི་ངོ་བོ་འགྱུར་བའི་རྒྱུ་རྐྱེན་ཉག་ཅིག་ཏུ་གྱུར་འདུག གཞི་རྩའི་ནད་རྙིང་དེ་འདྲ་ཞིག་ཡོད་པ་དེའི་ཐོག་ཏུ་༼ས་བྱིའི་ཞི་རྒོལ་༽་དང་༼ཨོརྩལ་འགྲན་ཚོགས་༽དཔལ་འབར་སྐོར་བསྐྱོད་སྐབས་ཀྱི་ངོ་རྒོལ་ལས་འགུལ་སོགས་ཀྱིས་མེ་འབར་བའི་ཐོག་ཏུ་ཤིང་གཡུག་པ་ལྟར་གྱུར་ཡོད། འདི་ལྟར་བརྟག་ཡོང་དུས་གཞུང་སྒེར་གྱི་འཐབ་རྩོད་མཉམ་བསྲེས་བྱེད་མཁན་རྒྱ་རིགས་རྣམས་ཡིན་པ་ལས་བོད་རིགས་རྣམས་མ་རེད། རྒྱ་རིགས་ཤིག་གིས་མཐོང་ན་ངའི་སྐད་ཆ་འདི་ཕྱོགས་རིས་ཀྱི་སྐད་ཆ་ཞིག་ཏུ་མཐོང་ནའང་ཐང་མོད། རྒྱ་རིགས་ཤེས་ཡོན་ཅན་ཚོའི་ནང་དུ་འདི་འདྲའི་སྐད་ཆ་བཤད་མཁན་མང་པོ་ཡོད་པ་དེས་ལྟ་ཚུལ་འདིར་རྒྱབ་གནོན་བྱ་ཐུབ་སྙམ།

    Reply
  11. ནད་པ says:
    ལོ་ 15 སྔོན།

    རྒྱ་རིག་རྩོམ་པ་པོ་ཝང་ལི་ཞོང་གིས་རྒྱ་ནག་སྐམ་ས་ཆེན་པོའི་ནང་བཞུགས་བཞིན་ཡོད་པའི་རྒྱ་མི་རིགས་ཀྱི་དྲི་བ་ཁག་ལ་༸ བོད་ཀྱི་དབུ་འཁྲིད་༸ གོང་ས་སྐྱབས་མགོན་ཆེན་པོས་བཀའ་ལན་བསྩལ་གནང་ཡོད་པ་འདི་དོན་སྣིང་ཆེན་པོ་ལྡན་ཡོད།

    ང་ཚོས་རྣམ་དཔྱོད་ལྡན་པའི་རྒྱ་རིགས་རྩོམ་པོ་པོ་ཝང་ལི་ཞོང་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་དགོས། དེ་ནི་རྒྱ་མི་རིགས་དང་བོད་མི་རིགས་གཉིས་ཀར་ཕན་པའི་རླབས་ཆེན་གྱི་བྱ་བཞག་བཟང་པོ་རེད།

    ད་དུང་སྐུ་ཞབས་ཝང་ལི་།ོང་གིས་གཙོས་པའི་རྒྱ་རིགས་ཚོས་རྒྱ་བོད་མི་དམངས་ཕྱོགས་གཉིས་ཀས་ཕན་ཚུན་བསམ་བློ་བརྗེད་རེས་དང་མཐུན་སྒྲིལ་གྱི་རྨང་གཞི་འཛུགས་ཐུབ་པ་བྱེད་རྒྱུ་ནི་གལ་ཆེན་པོ་རེད།

    Reply
  12. གནམ་ལྕགས། says:
    ལོ་ 15 སྔོན།

    གོང་གི་གསར་འགྱུར་འདི་འདྲ་ནི་དབྱིན་ཡིག་གི་བློ་མིག་ལྡོང་བའི་མི་དག་ལ་ཧ་ཅང་ཕན་པ་འདུག དངོས་གནས་ཀློག་སྤྲོ་བ་དང་བཀླགས་རྗེས་ཕན་ཐོགས་པ་རང་རེད། ཐུགས་རྗེ་བླ་མེད་ཞུ།

    Reply
  13. བོད་ says:
    ལོ་ 15 སྔོན།

    དངོས་གནས་ཡག་པོ་འདུག།
    བོད་དོན་ཐོག་བསྩལ་བའི་༸གོང་ས་མཆོག་གི་བཀའ་སློབ་སྤྱི་དང་ལྷག་པར་ད་ལྟའི་བཀའ་ལན་ཁག་ལ་གཞིགས་ན། ང་ཚོ་ཕྱི་སྡོད་བོད་མི་སྒེར་པ་འགའ་ཤས་དང་གཞོ་ནུ་ལྟ་བུའི་ཚོགས་སྡེ་ཁ་ཤས་ཀྱི་ལྟ་བ་ལ་ངེས་པར་དུ་འགྱུར་བ་གཏོང་དགོས་པ་ལས་རང་ལྟ་མཆོག་འཛིན་གྱིས་ལས་འགུལ་སྤེལ་ན་བོད་དོན་ལ་ཕན་ལས་གནོད་ཆེ། ཁྱེད་ཚོས་མདའ་འཕེན་ན་་་འབེན་དམར་ཤོག་ཚོགས་པ་རེད་མ་གཏོགས་་་་རྒྱ་མི་རིགས་མ་རེད། སོང་ཙང་ང་ཚོའི་ངོས་ནས་་་་དམར་ཤོག་ཚོགས་པ་དང་རྒྱ་མི་རིགས་གཉིས་ངེས་པར་སོ་སོར་ཤེས་པར་བྱས་ན་བཟང་། བོད་མིའི་བཏམ་དཔེ་ལ། དགྲ་ཉུང་ན་བཟང་། གྲོགས་མང་ན་བཟང་། ཟེར་བ་བཞིན་རྒྱ་མི་རིགས་དགྲ་ཚོད་དུ་འཛིན་དགོས་དོན་མེད། དེ་ལས་ཁ་མཐུན་གྲོས་འགྲིག་གིས་དམར་པོའི་བཙན་འོག་ཏུ་ཡོད་པའི་བོད་རྒྱ་མི་རིགས་རྣམས་ལ་བདེ་སྐྱིད་ཐོབ་ཐབས་ལ་འབད་ན་་་ཁ་ཚ་དགོས་གཏུགས་རེད། དཔེར་ན། སྐུ་ཞབས་ཝང་གི་དྲི་བ་བཞི་པའི་ནང་་་་་དོན་དངོས་ཐོག་ང་ཚོ་ཧན་མི་རིགས་རྣམས་ཀྱང་གཅིག་སྡུད་ཀྱི་སྲིད་དབང་འོག་སྡུག་བསྔལ་མྱོང་མཁན་གཅིག་མཚུངས་ཡིན།་་་་ཞེས་པ་དངོས་གནས་རེད།

    Reply
  14. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    ཐུགས་རྗེ་ཧ་ཅང་ལེགས།

    Reply
  15. བྱ་གཞུང་འཇམ་དབྱངས། says:
    ལོ་ 15 སྔོན།

    གལ་གནད་འདི་དག་གསར་འགོད་པས་དོན་སྣང་ཆེན་པོས་མིི་དམངས་ཀྱི་དོན་སྣང་ཡོང་ཆེད་དང་ངེས་པར་དུ་ཡིད་ལ་འཛིན་དགོས་བའི་གལ་གནད་དུ་རྕི་ནས་དམངས་ཀྱི་སྤྱན་ལམ་འབུལ་བར་ཡི་རངས་བྱེད་།   རྒྱུན་དུ་ནས་སྤྱི་ཚོགས་ཀྱི་དོན་དངོས་ལ་ཕན་པའི་རིགས་འདི་ལྟར་འགོད་ཐུབ་ན་དགོས་མཚན་ཤུན་ཏུ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese