མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གནམ་ས་གོ་འབྱེད་ཀྱི་དཔེ་དེབ་དབུ་འབྱེད་དང་བགྲོ་གླེང་།

བོད་ཀྱི་དུས་བབ།
༢༠༡༠/༠༥/༣༡
Share on FacebookShare on TwitterShare on EmailShare on Whatsapp

“ རྩོམ་ཡིག་འདི་བཀྲམ་པའི་རྗེས་ལ། ནམ་ཞིག་མི་ཡུལ་གྱི་ཚ་དམྱལ་དང་གྲང་དམྱལ་དུ་སྡོད་ལོས་དགོས་སྙམ་སྟེ་འཇིགས་སྐྲག་ཆེ་མོད། ཁ་ཡི་རྐྱེན་ལས་མགོ་བོ་ཤོར་ནའང་ལམ་འདི་རང་གིས་བདམས་པ་ཡིན་ཕྱིར་རང་འགན་རང་གིས་འཁུར་རྒྱུ་ཡིན་ནོ ” ཞེས་རྩོམ་པ་པོ་སྐུ་ཞབས་ཞོགས་དུང་ལགས་ཀྱིས་ས་བྱི་ཞི་རྒོལ་ཆེན་མོར་ཆེད་དུ་བྲིས་པའི་དཔེ་དེབ་༼ གནམ་ས་གོ་འབྱེད ༽ ཞེས་པའི་ནང་བཀོད་ཡོད།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩ སྟེང་གངས་སྐྱིད་སྤྱི་ཐབ་ཐོག་ཁང་དུ། མདོ་སྨད་བཙན་རྒོལ་བདེན་རྒྱབ་མནའ་འབྲེལ་དང་། ངྷ་ས་མདོ་སྨད་ས་གནས་རྒྱུན་ལས་མཉམ་འབྲེལ་ཐོག རྩོམ་པ་པོ་སྐུ་ཞབས་ཞོགས་དོང་ལགས་ཀྱིས་བརྩམས་པའི་༼ གནམ་ས་གོ་འབྱེད ༽ ཅེས་པའི་དཔེ་དེབ་བསྐྱར་དཔར་དབུ་འབྱེད་དང་དེའི་སྐོར་ལ་བགྲོ་གླེང་ཞིག་གོ་སྒྲིག་གནང་ཡོད། དཔེ་དེབ་དབུ་འབྱེད་ཀྱི་སྐུ་མགྲོན་གཙོ་བོར་བོད་གཞུང་ཕྱི་དྲིལ་བཀའ་བློན་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག བགྲོ་གླེང་སྟེང་ཆེད་དུ་གདན་ཞུའི་སྐུ་མགྲོན་དུ་བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་དང་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ཉམས་ཞིབ་འགན་འཛིན་རྡ་རྗེ་དབང་ཕྱུག བོད་ཀྱི་དཔེ་མཛོད་ཁང་གི་དཔར་སྐྲུན་འགན་འཛིན་ན་གཱ་སངས་རྒྱས་བསྟན་དར་ལགས་བཅས་ཕེབས་འདུག

 

མཛད་སྒོ་དབུ་འཛུགས་ཀྱི་ཐོག་མར་ངྷ་ས་མདོ་སྨད་ས་གནས་རྒྱུན་ལས་ཚོགས་གཙོ་ཨ་ལོ་ལགས་ཀྱིས་མཛོད་སྒོ་ངོ་སྤྲོད་གནང་དོན། དེ་རིང་དབུ་འབྱེད་གནང་རྒྱུའི་དཔེ་དེབ་གནམ་ས་གོ་འབྱེད་འདི་ཕྱི་ལོ་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོ་བརྗོད་བྱར་བཟུང་བའི་དཔེ་དེབ་ཅིག་ཡིན་ཞིང་། འདིའི་མཚོན་པའི་གཞིས་བཞུགས་ཤེས་ལྡན་མི་སྣ་སྙིང་སྟོབས་ཅན་དག་གིས་བརྩམས་གནང་མཛད་པའི་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་ནས་མགོ་བཙུགས་ཏེ། དེ་རིང་གི་གནམ་ས་གོ་འབྱེད་བར་རྩོམ་ཡིག་རིང་ཐུང་སྣ་ཚོགས་དང་། དཔེ་དེབ་ཆེ་ཆུང་འདྲ་མིན་འདོན་སྤེལ་བྱས་ཡོད་པ་ཚང་མས་མཁྱེན་གསལ་ལྟར་རེད། བོད་ནང་ནས་འདི་དང་འདི་ལྟ་བུའི་རྩོམ་ཡིག་དང་གཏམ་བཤད་གནང་སྐབས། ཐོག་མ་ནས་སོ་སོའི་ཁེ་ཕན་བློས་གཏོང་དང་ཉེན་ཁ་རྒྱབ་བསྐྱུར་བྱས་ཡོད་པ། པཎ་ཆེན་སྐུ་ཕྲེང་བཅུ་བ་དང་འབའ་པ་ཕུན་ཚོགས་དབང་རྒྱལ་སོགས་མཁས་པ་རྒན་རབས་པ་མང་པོ་ཞིག་བཙོན་དུ་བཅུག་པ་དང་། ད་ཆར་ཡང་བོད་ཆོལ་ཁ་གསུམ་ནས་རྩོམ་པ་པོ་བཞི་བཅུ་ཞེ་གྲངས་ཀྱིས་མནར་གཅོད་མྱོང་གིན་ཡོད་པ་འདི་དག་གིས་མཚོན་ཐུབ། རླབས་ཆེན་གྱི་རྒྱལ་གཅེས་པ་འདི་དག་གི་ཕྱག་རྩོམ་ཁག་བོད་ནང་དཔར་སྐྲུན་གྱི་གོ་སྐབས་མེད་སྟབས། མདོ་སྨད་བཙན་རྒོལ་བདེན་རྒྱབ་མནའ་འབྲེལ་གྱིས་མ་སྐུལ་དང་བླང་ཐོག ༼ ས་བྱི་ཞི་རྒོལ་ཆེན་མོའི་དེབ་ཕྲེང་ ༽ གི་ངོ་བོར་ཕྱོགས་བསྒྲིགས་གི་ལས་གཞི་མགོ་འཛུགས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་བྱུང་།

 

དེའི་རྗེས་སྐུ་མགྲོན་གཙོ་བོ་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་མཆོག་གིས་དཔེ་དེབ་དབུ་འབྱེད་གནང་ཞིང་། བོད་མི་མང་སྤྱི་འཐུས་རྒྱ་རི་སྒྲོལ་མ་མཆོག་གིས་གསུང་བཤད་གནང་དོན། དཔེ་དེབ་འདིའི་ནང་དུ་བཀོད་པ་ལྟར། ༢༠༠༨ ལོར་བོད་ཆོལ་ཁ་གསུམ་གྱི་ས་ཁྱོན་ཡོངས་སུ་ཞི་རྒོལ་ཆེན་མོ་བྱུང་ཞིང་། རང་དབང་དང་འདྲ་མཉམ། ཐོབ་ཐང་དང་དམངས་གཙོ། ས་ཁོངས་དང་མི་རིགས་ཀྱི་འདུ་ཤེས་ཆེན་པོ་སྐྱེས་ཏེ་རང་སྲོག་བློས་གཏོང་བྱས་ཡོད། ལོ་ལྔ་བཅུ་འདིའི་རིང་བོད་ནང་རང་སྲོག་ལ་མ་འཛེམ་པར་གཞས་གཏོང་མཁན་དང་རྩོམ་འབྲི་མཁན་མང་པོ་ཞིག་གིས་མི་རིགས་ཀྱི་ཆེད་དུ་ཕྱག་ལས་གནང་བར་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱིས་གུས་འདུད་དང་བཅས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་ནང་གི་རྒྱལ་གཅེས་པ་འདི་དག་གིས་གོམ་པ་གང་རེ་བྱས་ཏེ་མདུན་དུ་སྐྱོད་སྐབས། ཕྱི་ལོགས་སུ་ཡོད་པ་དག་གིས་ཀྱང་མཉམ་སྐྱོད་བྱ་ཐུབ་རྒྱུར་འབད་བརྩོན་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། བོད་ནང་ནས་ཤེས་ཡོན་ཅན་དང་འཇོན་ཐང་ཅན། ལ་ཞེན་ཅན་མང་པོ་ཞིག་བཙན་བྱོལ་དུ་ཕེབས་ཡོད། ང་ཚོས་ཁོང་ཚོ་དང་མཉམ་རུབ་ཐུབ་ཀྱི་ཡོད་མེད་ཐེ་ཚོམ་དང་བློ་འཚབ་སྐྱེ་གཞི་ཞིག་རེད། ད་ལོའི་ཕྱི་ཟླ་ ༨ ནང་སྤྱི་འཐུས་ལྷན་ཚོགས་ཀྱི་གོ་སྒྲིག་འོག བྷེལ་ཀོབ་ཏུ་བོད་གཞུང་དམངས་རྒྱལ་ཡོངས་ཚོགས་ཆེན་ཚོགས་འཆར་ཡོད། དེའི་སྟེང་མི་ ༢༥ ཙམ་དང་བླང་ཐོག་ཕེབས་རྒྱུའི་ལམ་ཁ་ཡོད་ཀྱང་། དེ་དག་ནང་ངས་གོང་དུ་བཤད་པའི་བོད་ནས་ཕེབས་པའི་མི་སྣ་གལ་ཆེན་དེ་དག་དང་། དེ་རིང་འདིར་ཕེབས་ཡོད་པའི་རྩོམ་པ་པོ་དག་མི་འདུག འོན་ཀྱང་། བཙན་བྱོལ་གཞུང་གི་བྱེད་སྟངས་སྤྱོད་སྟངས་ཐད་དགོངས་འཆར་གསར་པ་ཡོད་ན་ངེས་པར་དུ་སྤྱི་འཐུས་ལྷན་ཚོགས་ལ་གནང་རོགས། ང་ཚོས་གང་ཐུབ་ཀྱིས་ཚོགས་ཆེན་ནང་ཚུད་ཐབས་བྱ་རྒྱུ་ཡིན། ཞེས་གསུངས་བྱུང་།

 

དེའི་རྗེས་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་མཆོག་གིས་བདེན་པའི་གནས་ཚུལ་ཡི་གེར་བཀོད་ཡོད་པ་དག་ལ་ཉར་ཚགས་གནང་བར་ཡི་རངས་གནང་དོན། འདས་པའི་ལོ་ངོ་ལྔ་བཅུ་ནས་དྲུག་ཅུའི་རིང་གི་བོད་ནང་གི་གནས་སྟངས་དེ་འཛམ་གླིང་གི་དཀའ་ངལ་ཆེ་ཤོས་ཤིག་ཆགས་ཡོད། དེ་བཞིན་སྐྱབས་བཅོལ་ནང་ཡོད་མཁན་ཚོ་མིའི་ལུང་པར་ཆ་རྐྱེན་ཐད་དཀའ་ངལ་ཆེ་ཡང་། གཞིས་ཀྱི་མི་མང་དང་བསྡུར་ན། ང་ཚོ་རང་དབང་ལུང་པར་སྐྱིད་པོ་དང་གོ་སྐབས་བཟང་པོ་ཡོད། བོད་ཀྱི་ལོ་རྒྱུས་ལ་ཕྱིར་མིག་བལྟས་ན། དཀའ་ངལ་མང་དག་ཅིག་གི་འབྱུང་ཁུངས་དེ་སོ་སོའི་ལོ་རྒྱུས་མ་ཤེས་པ་དང་། ལོ་རྒྱུས་དཔེ་དེབ་དཔར་སྐྲུན་འགྲེམས་སྤེལ་མ་ཐུབ་སྟབས། རྒྱལ་སྤྱིའི་ཐོག་བོད་ཀྱི་ལོ་རྒྱུས་ཤེས་མཁན་དཀོན་པོ་ཡིན་པའི་རྒྱུ་མཚན་གྱིས་བྱུང་བ་ཞིག་ཆགས་ཡོད། ཕྱི་རྒྱལ་གྱི་མི་རེ་ཟུང་གིས་བོད་ཐོག་ཉམས་ཞིབ་ཀྱི་དཔེ་དེབ་རེ་ཟུང་བྲིས་ཡོད་པའི་བཀའ་དྲིན་གྱིས་བོད་ཀྱི་ལོ་རྒྱུས་ཕྲན་བུ་ཕྱི་ལོགས་སུ་ཁྱབ་པ་རེད། ད་ཆར་ཆ་རྐྱེན་འཛོམས་ཀྱང་། བོད་ནང་ལ་མཚོན་ན་ལས་དོན་ཞིག་བསྒྲུབ་རྒྱུར་སོ་སོའི་སྲོག་གི་བདག་པོ་ཡང་སོ་སོ་བྱེད་མ་ཐུབ་པའི་གནས་སྟངས་འོག་ཡོད། གནས་སྟངས་དེའི་འོག་སོ་སོའི་མི་རིགས་ཀྱི་བདེན་པའི་གནས་ཚུལ་ཡིག་ཐོག་དུ་ཕབ་ཡོད་པ་འདི་དག་ཁྱེད་ཅག་གིས་ཉར་ཚགས་དང་དཔར་སྐྲུན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་ཏེ་མཛད་སྒོའི་དངོས་གཞི་གྲུབ་རྗེས་བགྲོ་གླེང་མགོ་འཛུགས་གནང་ཡོད།

 

སྐབས་དེར་བོད་མི་མང་སྤྱི་འཐུས་རྒྱལ་རོང་ཟླ་བ་ཚེ་རིང་མཆོག་གིས་བགྲོ་གླེང་དབུ་འཛུགས་ཀྱི་གཏམ་བཤད་གནང་དོན། གནམ་ས་གོ་འབྱེད་སྐོར་ལ་བགྲོ་གླེང་གནང་དགོས་པའི་དམིགས་ཡུལ་གང་ཡིན་ཟེར་ན། བོད་ཀྱི་ལོ་རྒྱུས་སྟེང་བྱུང་མ་མྱོང་བའི་ཆིག་སྒྲིལ་སྟོབས་ཤུགས་ཕྱིར་མངོན་བྱེད་སྟངས་གཞི་རྒྱ་ཆེ་ཤོས་ཡིན་པའི་ས་བྱི་ཞི་རྒོལ་ཆེན་མོ་ནི། ཇི་སྲིད་བོད་མི་རིགས་གནས་པ་དེ་སྲིད་དུ་ལོ་རྒྱུས་ཀྱི་སྟེང་ནས་གསལ་པོར་གནས་དགོས་པ་ཞིག་ཡིན་ནའང་། རྒྱ་གཞུང་གིས་ཞི་རྒོལ་ཆེན་མོའི་སྐོར་འདི་ལོ་རྒྱུས་ཀྱི་སྟེང་ནས་རྩ་བརླག་ཕྱིན་ན་བསམ་པའི་ནང་བྱུས་འོག ཞི་རྒོལ་བ་མང་པོ་ཞིག་དམར་གསོད་དང་བཙོན་འཇུག ཞི་རྒོལ་སྐོར་གྱི་རྩོམ་ཡིག་དང་གཏམ་གླེང་རིགས་བཀག་སྡོམ་བྱེད་ཀྱིན་ཡོད་པ་དེར་ཡ་ལན་སྤྲོད་པ་དང་། བགྲོ་གླེང་འདི་བརྒྱུད་དེ་གཞིས་བྱེས་ཕན་ཚུན་བར་དམ་ཚིག་རྡོག་རྩ་གཅིག་སྒྲིལ་དང་། གཞིས་བྱེས་ཤེས་ཡོན་པ་ཕན་ཚུན་བར་གདེང་འཇོག་དང་ཡིད་ཆེས་ཀྱི་གཞི་རྩ་དེར་ཞི་དྲག་གི་གནོན་ཤུགས་གང་གིས་ཀྱང་ཉམས་དམས་སུ་གཏོང་ཐུབ་ཐབས་རྩ་བ་ནས་མེད་པའི་རྣམ་འགྱུར་གསལ་པོ་བསྟན་པ་ཞིག་ཡིན། བགྲོ་གླེང་འདི་བརྒྱུད་ནས། ད་ལྟའི་ཆར། རྒྱ་གཞུང་གིས་གནམ་ས་གོ་འབྱེད་འདི་བོད་ནང་ནས་བཀག་སྡོམ་བྱས་ཡོད་པའི་གནས་སྟངས་དེ་དང་། རྩོམ་པ་པོ་ཁོང་འཛིན་བཟུང་བྱས་ཡོད་པའི་གནས་སྟངས་དེ་ནི། དྲང་བདེན་གྱི་ཐག་གཅོད་ཅིག་རྩ་བ་ནས་ཆགས་མེད་སྟབས། དྲང་བདེན་གྱི་ཐག་གཅོད་ཅིག་ཡོང་བའི་འབོད་སྐུལ་དང་ཆབས་ཅིག གནམ་ས་གོ་འབྱེད་ཀློག་མཁན་བརྒྱ་ཕྲག་ནས་སྟོང་ཕྲག་དང་། སྟོང་ཕྲག་ནས་ཁྲི་ཕྲག་ཏུ་འཕེལ་བ་དང་། ས་བྱི་ལོའི་ཞི་རྒོལ་ཆེན་མོ་འདི་བཞིན་དུས་གཏན་དུ་བོད་མི་རིགས་ཀྱི་ངོས་ནས་མི་རབས་ནས་མི་རབས་བར་སྙིང་སྟོབས་ཀྱི་འབྱུང་ཁུངས་སུ་ངོས་འཛིན་ཐོག མི་རབས་ནས་མི་རབས་བར་རྒྱུད་འཛིན་དར་སྤེལ་བྱེད་པའི་གཞེན་སྐུལ་ཞུ་བཞིན་ཡོད། ཅེས་གསུངས་བྱུང་།

 

བགྲོ་གླེང་གི་ཐོག་མར་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ཉམས་ཞིབ་འགན་འཛིན་རྡོ་རྗེ་དབང་ཕྱུག་ལགས་ཀྱིས་༼ གནམ་ས་གོ་འབྱེད་དང་ངོས་འཛིན་ལྟ་ཚུལ་སྐོར་གླེང་བ ༽ ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་བ་ལས་ཕྱོགས་བསྡུས་བྱས་པ། ཉེ་བའི་ལོ་ངོ་བཅུ་གྲངས་ཤིག་གི་རིང་ལ། ཞོགས་དུང་གིས་བོད་ཀྱི་བསམ་བློ་དང་སྤྱི་ཚོགས་གནས་སྟངས་གཉིས་བསྡུར་ཏེ་རང་ཉིད་ཀྱི་བསམ་ཚུལ་དང་དྲན་ཚུལ་ཁ་གསལ་པོས་བྲིས་ཤིང་བཤད་པ་རེད། དེ་ཡང་ཕྱི་ལོ་ ༢༠༠༡ ཟླ་ ༧ ནང་༼དཔྱོད་ཤེས་རྒྱང་འབོད༽དང༌། ཕྱི་ལོ་ ༢༠༠༥ ལོར་༼དོགས་སློང་སྙིང་སྟོབས༽ ཕྱི་ལོ་ ༢༠༠༨ ལོར་༼རིགས་ཤེས་ཀུན་གྲོལ༽བཅས་སྔ་རྗེས་སུ་དཔར་སྐྲུན་བྱས་པ་དེས། ཉེ་བའི་ལོ་ངོ་བཅུའི་རིང་ལ་ཞོགས་དུང་དང་ཁོང་གི་དེབ་དེ་དག་གི་སྐོར་གླེང་མཚམས་མ་ཆད་པ་ལྟ་བུ་ཆགས་ཡོད་ཅིང༌། དེ་དག་ལ་དགག་ལན་གྱི་རྩོམ་ཡིག་དང་དགག་ལན་གྱི་དེབ་སྤེལ་བའི་གྲངས་ཀ་ནི་ཁོང་གི་རྩོམ་ཡིག་དང་དེབ་དག་ལས་བརྒལ་བ་བྱུང་ཡོད་སྟབས། དེང་རབས་བོད་ཀྱི་རྩོམ་རིག་གནས་བབ་ལ་ཞིབ་འཇུག་གནང་མཁན་མང་པོས། འདས་མ་ཐག་པའི་ལོ་ངོ་བཅུའི་རིང་དེ་ནི་ཞོགས་དུང་གི་རྩོམ་རིག་དང་བརྗོད་གཞི་ལ་དབང་བར་གྱུར་པའི་ལོ་བཅུ་ཆགས་ཡོད་པ་རེད་ཅེས་གླེང་གིན་ཡོད། ཡིན་ནའང༌། ལོ་ངོ་བཅུ་དེའི་ནང༌། ཞོགས་དུང་གི་སྐོར་གླེང་སྟངས་དེ་ནི། དམའ་འབེབས་བྱེད་མཁན་དང་ཁྱད་གསོད་བྱེད་མཁན་མང་བ་ལས། ཞོགས་དུང་གི་ལྟ་ཚུལ་ལ་གདེང་འཇོག་བྱེད་མཁན་ཆེས་ཉུང་ངུ་ཞིག་ཡོད་པ་དེ་ཡང་སློབ་ཆེན་དང་སློབ་འབྲིང་གི་སློབ་མ་དང༌། གཞི་རིམ་གྱི་ཤེས་ཡོན་པ་ཁག་ཅིག་ཆགས་ཡོད་པ་ལས། བོད་ཕྱི་ནང་ན་གདེང་འཇོག་གི་ཚད་གཞི་ངེས་ཅན་ཡོད་པའི་མཁས་པ་དང་ཤེས་ཡོན་པའི་རིགས་ཀྱིས་དེ་ཙམ་གྱི་གདེང་འཇོག་ཅིག་བྱས་མ་མྱོང་བ་ལྟ་བུ་རེད། བོད་པའི་ཤེས་ཡོན་པའི་སྤྱི་ཚོགས་ནང༌། ཞོགས་དུང་ལ་གདེང་འཇོག་སྤྱི་སྙོམས་བྱེད་པ་དེ་ཁོང་བཙོན་ཁང་དུ་བཅུག་པའི་ཕྱི་ཉིན་དེ་ནས་མགོ་ཚུགས་པ་ལྟ་བུ་ཞིག་རེད། དེ་ནི་གཞན་གང་ཡང་མ་རེད། བོད་ཀྱི་ལོ་རྒྱུས་ལ་ཕྱིར་མིག་བལྟས་པ་ཡིན་ནའང༌། མཁས་པ་དང་འཇོན་ཐང་ཅན་གང་ཞིག་སྐུ་འཚོ་བཞུགས་ཀྱི་སྐབས་ལ་འགྲན་སེམས་བྱེད་པ་ལས། གདེང་འཇོག་བྱེད་སྲོལ་དེ་ཙམ་མེད་པས་ཡིན་ནམ་གང་ལྟར། མཁས་པ་འཇོན་པོ་ཚོ་གཤེགས་ཤུལ་ཤིག་ལ་དེའི་མཛད་རྗེས་གླེང་སྲོལ་དང་གདེང་འཇོག་བྱེད་སྲོལ་ཞིག་སྔོན་ནས་ད་བར་ལུགས་སྲོལ་ལྟ་བུར་འདུག ཁ་སང་དེ་རིང་ཞོགས་དུང་ལ་གདེང་འཇོག་བྱེད་སྟངས་འདི་ཡང་ལམ་དང་ལུགས་སྲོལ་འདིའི་གཡས་གཡོན་ལ་ཐག་ཉེ་བ་ལྟ་བུ་ཞིག་རེད། ཅེས་གསུངས་བྱུང་།

 

དེའི་རྗེས་བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་གིས་༼ གནམ་ས་གོ་འབྱེད་ཀྱི་དེབ་ནང་། བོད་དོན་བདེན་མཐའ་གསལ་བའི་ཐབས་ལམ་སྐོར་དང་དེའི་རིན་ཐང་ ༽ ཞེས་པའི་བརྗོད་གཞི་ལས་གནམ་ས་གོ་འབྱེད་ཀྱི་རིན་ཐང་དང་བསམ་ཚུལ་ཞེས་པའི་ཚན་པའི་ནང་བཀོད་དོན། གནམ་ས་གོ་འབྱེད་ནང་། “ རྩོམ་ཡིག་འདི་བཀྲམ་པའི་རྗེས་ལ། ནམ་ཞིག་མི་ཡུལ་གྱི་ཚ་དམྱལ་དང་གྲང་དམྱལ་དུ་སྡོད་ལོས་དགོས་སྙམ་སྟེ་འཇིགས་སྐྲག་ཆེ་མོད། ཁ་ཡི་རྐྱེན་ལས་མགོ་བོ་ཤོར་ནའང་ལམ་འདི་རང་གིས་བདམས་པ་ཡིན་ཕྱིར་རང་འགན་རང་གིས་འཁུར་རྒྱུ་ཡིན་ནོ ” ཞེས་གསལ་བ་ལྟར། རང་དབང་ཏིལ་འབྲུ་ཙམ་ཡང་མེད་པའི་སྒེར་གཅོད་དབང་བསྒྱུར་བའི་འོག་གནས་པའི་བོད་དོན་འཐབ་རྩོད་པ་ཞིག་གིས་རང་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་སྟེ། ཕྱི་ལོ་ ༢༠༠༨ ལོའི་ཞི་རྒོལ་ཆེན་མོ་ལས་འཕྲོས་ཏེ་བོད་ཀྱི་གནད་དོན་ཐག་གཅོད་ཡོང་ཐབས་དང་འབྲེལ་བའི་ཐད། གོ་རིམ་དང་རྒྱུ་མཚན་འགྲེལ་བརྗོད་ལྡན་པའི་རྩོམ་ཡིག་འདི་ཉིད་རིན་ཐང་ཆེན་པོ་ལྡན་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད། ཡིན་ནའང་དེབ་འདིའི་ནང་དཔེ་དོན་དུ་མའི་སྒོ་ནས་འཚེ་མེད་ཞི་བའི་ལྟ་གྲུབ་སྐོར་ལ་རྒྱས་བཤད་མང་པོ་བྱས་འདུག་ཀྱང་། ༧གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དང་ཨ་རིའི་གསེར་གྱི་རྟགས་མ་སོགས་འཛམ་གླིང་དུ་གྲགས་ཆེ་པའི་ཞི་བདེ་གཟེངས་རྟགས་བརྒྱ་ཕྲག་མང་པོ་ཕུལ་ཡོད་པ་དང་། དེ་ལྟ་བུ་ཐོབ་མཁན་གྱི་བོད་མི་ཞིག་བྱུང་ཡོད་པའི་སྐོར་དང་། རྒྱུ་རྐྱེན་བཅས་བགྲངས་མི་འདུག་པ་ནི་དགོས་དབང་གིས་དཀའ་ཚེགས་ལ་བརྟེན་ཏེ་ཡིན་མོད་ཀྱང་། རང་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་ཟིན་དུས་ཅུང་ཆ་མ་ཚང་པའི་རྣམ་པ་ཞིག་ཏུ་མཐོང་། ད་དུང་དེབ་འདིའི་ནང་གི་གནད་དོན་མང་པོ་ཞིག་གི་ཐད་བསམ་ཚུལ་མི་མཐུན་པ་འདུག་ཀྱང་། རང་ཉིད་དང་བསམ་ཚུལ་མི་མཐུན་པ་ཡོད་པ་རྒྱུ་མཚན་དུ་བྱས་ཏེ། དེབ་འདིར་རིན་ཐང་མེད་པ་དང་དེབ་འདིའི་རྩོམ་པ་པོ་ཚད་དང་མི་ལྡན་པར་ངོས་འཛིན་རྩ་བ་ནས་བྱེད་ཀྱི་མེད། དེབ་འདིའི་ནང་བཀོད་པའི་རང་ཉིད་དང་བསམ་ཚུལ་མི་མཐུན་པ་རྣམས་ནི་སྲིད་དོན་ཚན་རིག་དང་འབྲེལ་བའི་གལ་ཆེའི་དཔྱད་གཞི་ལའང་ངོས་འཛིན་བྱེད་ཀྱིན་ཡོད། ༢༠༠༨ ལོར་བོད་མི་རྣམས་ཀྱིས་རླབས་ཆེ་བའི་ཞི་རྒོལ་རྔམ་སྟོན་བྱས་སྐབས། ཁོང་དང་ཁོང་ལྟ་བུའི་ཤེས་ལྡན་པ་རྣམས་ཀྱིས་ལས་དོན་གང་ཡང་བྱེད་ཐུབ་མེད་པར་ངོས་འཛིན་གྱིས་འཁང་ར་བྱས་འདུག་ཀྱང་། ད་ལྟའི་དཔེ་དེབ་འདི་ཉིད་མཐོང་ན་སྐབས་དེར་འཕྲལ་མར་ལས་དོན་སྤེལ་བ་ལས་ཀྱང་གནད་དོན་ཞིབ་ཕྲ་འཁོད་པའི་དཔེ་དེབ་འདི་ཉིད་འབྲི་ཐུབ་པ་ནི་དེ་ལས་ལྷག་པའི་རིན་ཐང་དང་ལྡན་པ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། ཅེས་བཀོད་འདུག

 

དེའི་རྗེས་བོད་ཀྱི་དཔེ་མཛོད་ཁང་གི་དཔར་སྐྲུན་འགན་འཛིན་ན་གཱ་སངས་རྒྱས་བསྟན་དར་ལགས་ཀྱིས་༼ ས་བྱི་ཞི་རྒོལ་ཆེན་མོའི་བྱུང་རྐྱེན་ངོས་འཛིན་སྐོར་དང་དེའི་རིན་ཐང་སྐོར ༽ ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་དོན། ནམ་ས་གོ་འབྱེད་ཀྱི་དཔེ་དེབ་འདི་ག་འདྲ་ཞིག་རེད་ཟེར་ན། དེ་སྔ་རྒྱ་ནག་གིས་མནར་བཅོད་བཏང་བའི་དཔེ་དེབ་མང་པོ་ཡོད། དེ་དག་ཕལ་ཆེ་བར་ལྟ་གྲུབ་ཀྱི་རྒྱབ་ལྗོངས་རྩལ་དུ་བཏོན་ཡོད་པ་མེད། གནམ་ས་གོ་འབྱེད་དེ་དག་དང་བསྡུར་ན་གནད་དོན་གལ་ཆེན་གཉིས་མཐོང་གི་འདུག དང་པོ། བོད་མི་ཚོ་རྒྱ་ནག་གི་སྡུག་རྩུབ་འོག་ལོ་མང་པོར་མྱང་པའི་ལོ་རྒྱུས་ཀྱི་དཔེ་མཚོན་དང་། རང་དབང་དང་འདྲ་མཉམ་ཐོབ་ཐང་སོགས་མེད་པའི་སྤྱི་ཚོགས་སྒེར་ལངས་བྱེད་སྐབས། ལྟ་གྲུབ་ཅིག་ལ་གཞི་མ་བཅོལ་ན་མུ་མཐུད་སྡུག་བསྔལ་མྱོང་རྒྱུ་ཉག་ཅིག་ཡིན་པ་དེ་རེད། ལེའུ་ལྔ་པ་ནས་དམིགས་སུ་བཀར་ཏེ་གྷན་ངྷི་ཡི་ལྟ་གྲུབ་མང་པོ་ལུང་འདྲེན་བྱས་འདུག འཚེ་མེད་ཞི་བའི་ཐོག་ནས་མི་རིགས་ཤིག་གི་རང་དབང་དང་དམངས་གཙོ། ཐོབ་ཐང་དང་འདྲ་མཉམ་སོགས་རྩོད་ཕྱོགས་སྐོར་བཀོད་འདུག ཞི་རྒོལ་སྐབས་རྒྱ་གཞུང་གིས་སྐྱོན་འཛུགས་བྱས་ཏེ། བོད་པས་དྲག་སྤྲོད་བྱས་སོང་ཟེར་བ་དེའི་ཐད། ཐེའུ་རང་གིས་བརྩམས་པའི་༼ ཁྲག་ཡིག ༽ ནང་བོད་མི་ཚོའི་ལས་འགུལ་དེ་འཚེ་མེད་ཞི་བ་ཡིན་པ་དང་། དྲག་པོའི་རྣམ་པ་ཕྲན་བུ་བྱུང་ཡོད་པ་ཡང་རྒྱ་གཞུང་གི་ལྐོག་གཡོ་ཡིན་ཚུལ། གནས་ཚུལ་བཞི་ཡིས་བདེན་དཔང་བྱས་འདུག གནམ་ས་གོ་འབྱེད་ཟེར་བའི་ཐ་སྙད་འདིའི་ཐད། ང་རང་གི་བསམ་ཚུལ་བྱས་ན། གནམ་ཟེར་སྐབས་ཆོས་ཟེར་བ་དང་ལྷ་ཟེར་བ། ཚེ་ཕྱི་མ་ཟེར་བ་སོགས་ལ་གོ་བ་ལེན་དགོས་པ་དང་། ས་ཟེར་སྐབས་འཇིག་རྟེན་མི་དང་རང་དབང་། ཐོབ་ཐང་སོགས་ལ་ཟེར་བ་རེད་དྲན་ཡོད། ཆོས་དང་སྲིད། ལྷ་དང་མི་ཁ་ཁ་བྱས་པའི་ཐོག་ནས་མིའི་བདེ་བ་སྡུག་བསྔལ་བསྒྲུབ་པར་མི་རང་གིས་བརྩོན་ལེན་བྱ་དགོས་པ་ལས་མི་མ་ཡིན་པ་ཞིག་ལ་སྐྱབས་བཅོལ་ན། དོན་དག་འགྲུབ་པ་ཞིག་དེ་སྔ་བྱུང་མེད་ལ་མ་འོངས་པར་ཡང་འབྱུང་གི་མ་རེད་གསུངས་འདུག་སྙམ། སྲིད་དོན་ཚན་རིག་ནང་ཆོས་དང་སྲིད་ཟེར་བ་དེ་ག་དུས་ཡིན་རུང་ལོགས་སུ་ཕྱེས་ཡོད། སྐྱེས་བུ་སྒེར་བ་ཞིག་དང་དཀོན་མཆོག་གཉིས་ཀྱི་འབྲེལ་བ་དེ་ཆོས་ཀྱི་གནས་ཚུལ་རེད། སྤྱི་ཚོགས་ནང་གི་སྐད་ཆ་ཚང་མ་སྲིད་ཀྱི་གནས་ཚུལ་རེད་ཅེས་བསྟན་ཡོད། ཞོགས་དུང་གི་དཔེ་དེབ་ནང་སྒེར་གྱི་གནས་ཚུལ་མིན་པར་སྤྱི་བའི་གནད་དོན་རེད། བོད་པ་ལོ་ངོ་ལྔ་བཅུའི་རིང་དབང་སྒྱུར་དང་གཉའ་གནོན་དེ་ལས་ཐར་ཐུབ་བྱེད་དགོས་ན། ཐོག་མར་མི་སོ་སོའི་སེམས་ནང་རང་དབང་གལ་ཆེན་ཡིན་པ་དང་། བདེན་པ་གལ་ཆེན་ཡིན་པ། དམངས་གཙོ་དང་འདྲ་མཉམ་གལ་ཆེན་དུ་རྩི་དགོས་པ་དེབ་འདིས་ཁ་གྲགས་འདུག ཅེས་གསུངས་རྗེས། དྲི་བ་དྲིས་ལན་དང་ཟུར་ཞུགས་པ་ ༢༡ ཙམ་གྱིས་ཞོགས་དུང་ཐད་བཟུང་བའི་རང་རང་གི་ལྟ་ཚུལ་དང་། ཞོགས་དུང་གིས་བོད་མི་རིགས་ལ་བཅངས་པའི་ཤ་ཞེན་གྱི་ཟབ་ཚད། གནམ་ས་གོ་འབྱེད་དཔེ་དེབ་ཀྱི་ལྗིད་ཚད་སོགས་གླེང་ཡོད།

གསར་འགོད་པ་དོན་འགྲུབ་བཀྲ་ཤིས།

 

འབྲེལ་ཡོད་གསར་འགྱུར།

Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

སྐར་མ ༢༦ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༡ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༢ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༢ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༣ སྔོན་ལ།
The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

༢༠༢༥/༠༥/༠༨

མཆན། 35

  1. རང་རྟོན། says:
    ལོ་ 15 སྔོན།

    ངས་བསམ་ན་གནམ་ས་གོ་འབྱེད་བསྐྱར་དཔར་བྱས་པ་ཧ་ཅང་གི་ཉུང་ཉུང་རེད་འདོད་གི
    མང་པོ་བསྐྱར་དཔར་བྱེད་ཐུབ་ན་ཧ་ཅང་གི་བཟང་ས་རེད།
    དེབ་དེ་གཅིག་པོ་མིན་པའི་དེ་འདྲ་བའི་དེབ་མང་བོ་བསྐྱར་དཔར་བྱེད་རྒྱུ་ཐུགས་རྗེ་ཆེ་ཞུ་བ་ཡིན།

    Reply
  2. zhenzhu says:
    ལོ་ 15 སྔོན།

    through the sharp writing of shokdong ,he is not a easy person that i have reliazed from many years back .
    this time he proved himself not a coward man.
    i am thirsty to leaving through his new book as soon as possible .
    i hope we have to work together for sooner release.
    don’t use him like political tool for a dry name.
    specially the exile govt need to do something .

    Reply
  3. ཚེ་རིང། says:
    ལོ་ 15 སྔོན།

    གང་ལྟར་ཞོགས་དུང་སྐད་གྲགས་ཆེན་པོ་ཆགས་ཚར་བས། ཕྱི་ནང་གི་སྐད་ཆ་བཤད་སྟངས་ཀྱིས་ཁྱད་པར་ཡོད་པ་མ་རེད། ཡིན་ནའང་ཁོང་བོད་ནང་གི་གཞོན་སྐྱེས་ནང་ཤུགས་རྐྱེན་ཆེན་པོ་ཡོད་པས། དཀའ་ངལ་སྤྲད་ངེས་རེད། དཔེ་དེབ་འགྲེམས་སྤེལ་བྱེད་ཐུབ་པ་ཡག་པོ་རེད། ཕན་ཚུན་འགྲན་རྩོད་ལྟ་བུ་བྱས་པ་དང། དེབ་དེ་བརྒྱུད་ནས་སོ་སོ་ཁྱབ་བསྒྲགས་བྱེད་པ་ལྟ་བུ་ཡག་པོ་མ་རེད།

    Reply
  4. ནད་པ says:
    ལོ་ 15 སྔོན།

    ཕྱི་ནས་གནམ་ས་སྒོ་འབྱེད་བྱེད་རྒྱུར་དགའ་སྤྲོ་ཚད་མེད་གཅིག་བརྟས་བཞིན་ཡོད་པ་དེར་བསམས་ན་བཀྲིས་བདེ་ལེགས་ཞུ་དགོས་ཀྱི་ཡོད་པ་འདྲ།

    ནང་དུ་གནམ་ས་གཉིས་ཀྱི་བར་ན་རྩོམ་པ་པོར་མནར་གཅོད་ཚད་མེད་གཅིག་གཏོང་བཞིན་ཡོད་པ་དེར་བསམས་ན་མྱ་ངན་ཞུ་དགོས་ཀྱི་ཡོད་པ་འདྲ།

    གང་ལྟར་ངས་ཡང་ཡང་བསམས་ཀྱང་དཔྱད་དཔྱོད་ཡག་པོ་ཞིག་མ་ཐུབ་སྟབས་རེ་ཞིག་ཆབ་སྲིད་ཀྱི་རླུང་འཚུབ་འཁྲོད་དུ་བར་གནས་སུ་འདུག་རྒྱུར་ཐག་བཅད་ཟིན། །

    Reply
  5. སྟག་སྨྱོན། says:
    ལོ་ 15 སྔོན།

    རྩོམ་པ་པོའི་ཚེ་སྲོག་ལ་འགན་ཁུར་གང་ཡང་མེད་པར་དགྲ་དམར་ལག་འོག་ཤོར་བའི་རྩོམ་པ་པོ་ཁོང་གི་ལུས་སྲོག་སྐྱོབས་ཐབས་ཀྱི་ལས་འགུལ་མི་སྤེལ་པར་མི་མཐུད་ཁོང་གི་སྟེང་ལ་ཆབ་སྲིད་ཀྱི་ནག་ཉེས་དགའ་བཞིན་སྤྲོ་བཞིན་སྤུངས་བཞིན་པ་དྲང་བདེན་མ་རེད། ང་ཚོས་ངོས་ནས་ཁོང་ཉེས་མེད་ཡིན་པ་དང་གློད་དགོས་པའི་འབད་བརྩོན་སྐད་འབོད་བྱེད་དགོས་པ་ལས། རྩོམ་པ་རང་ཉིད་ཀྱིས་ཀྱང་མ་དྲན་པའི་ནང་དོན་མང་པོ་སྤུངས་ནས་གང་ལྟར་རྒྱ་ནག་ལ་མི་དེ་མ་གློག་རོགས་ཟེར་གྱི་ཡོད་པ་འདྲ་མཐོང་གི་འདུག

    Reply
  6. རྟུལ་ཕོད། says:
    ལོ་ 15 སྔོན།

    འུ་ཚོ་ཅི་འདྲའི་ཅོལ་ཆུང་བ་ལ།ཁྲིམས་ལ་སྦྱར་སོང་བ་ཞིག་མིན་ན།བཙོན་དུ་བཅུག་སོང་བ་ཞིག་མིན་ན།སྲོག་ལ་རྒོལ་སོང་བ་ཞིག་མིན་ན་ཅི་ཡང་ངོས་འཛིན་མི་བྱེད་པ་ནི་རང་ཉིད་ཤེས་རྨོངས་ཡིན་པའི་དན་རྟགས་རྣལ་མ་ཞིག་དང་།གཞིས་བཞུགས་སྤུན་ཟླ་ཚོའི་ཚེ་སྲོག་གཉེད་མར་སྦྱིན་དགོས་པ་དང་།མི་ཚེ་སྡུག་ལ་སྦྱར་དགོས་པའི་སྐུལ་མ་ཞིག་གཏོང་གི་ཡོད་པ་ཅི་ལ་མིན་ནམ།སྐུ་ཞབས་ཞོགས་དུང་ལ་མཚོན་ན་མི་ལོ་བཅུའི་ཡར་སྔོན་ནས་འུ་ཚོའི་ལོ་རྒྱུས་དང་ཤེས་རིག་གི་ཆ་སོགས་ལ་ཕྱིར་རྟོགས་གང་འཚམ་བྱས་ཏེ་འུ་ཚོའི་གནས་བབ་དང་བསྟུན་ནས་དུས་རབས་ཤིག་གི་དཀྱོགས་མཚམས་ནས་གྲོང་ངེར་འགྲེང་སྟེ།བསམ་གཞིགས་སྟོང་ཕྲག་དང་རིག་པ་བརྒྱ་ཕྲག་གི་ཀློང་ནས་སྲེག་བཅད་བརྡར་གསུམ་དགྱེས་ཏེ་རྔུལ་ཁྲག་ལས་གྲུབ་པའི་བསྟུན་མར་རྩམ་དེབ་བཞི་ཐོན་ཡོད་པ།འུ་ཅག་གི་མིག་ཅེར་གྱིས་ལོང་སོང་བ་ཡིན་ནམ།རྣ་གྲོང་ངེར་འོན་སོང་བ་ཡིན་ནམ།ད་ཁྱེད་ཅག་ལས་མཁན་བཞིན་གཞན་མགོ་རྡུང་བྱེད་ཆབ་སྲིད་ཀྱི་ཐོ་བ་ལག་ཏུ་ཐོགས་ནས་འཁྲབ་སྟོན་ཅི་ཡང་བྱེད་མི་དགོས་ལ།རང་སེམས་གསོ་བྱེད་ཀྱི་ཆོས་ལུགས་ངག་ལ་གྱེར་ནས་སེམས་གསོ་གང་ཡང་གཏོང་མི་དགོས།ཁ་བཙུམ་ནས་ངག་ཆོད།ལག་སྐུམ་ནས་སྡོད་ན་དགའ།ཞོར་དུ་འུ་ཚོའི་རིག་གནས་སེམས་ཁམས་ན་གཞན་མགོ་རྡུང་བྱེད་ཀྱི་སྲིད་ལུགས་དང་རང་སེམས་གསོ་བྱེད་ཀྱི་ཆོས་ལུགས་མ་གཏོགས་གཞན་གང་ལའང་།རིན་ཐང་དུམ་འབྲུ་ཙམ་ཡང་མེད་པར་གནས་ལུགས་དང་རྒྱུ་འབྲས་སྣོག་སྐྱང་བྱེད་པ་འདི་ངོ་རེ་མི་གནོང་ངམ།འདི་འདྲ་བའི་མི་རིགས་ཞིག་ལ་རེ་བ་ཡོད་དམ།

    Reply
  7. སྟག་སྨྱོན། says:
    ལོ་ 15 སྔོན།

    གནས་ས་གོ་འབྱེད་ཀྱི་ནང་དོན་རྩོམ་པ་པོ་རང་གིས་གསལ་བོ་ཤེས་པ་ལས། རང་རང་གི་བསམ་ཚུལ་བཤད་ནས་ཨུ་ཚུགས་བྱས་པས་ཕན་ཐོགས་མེད། རྩོམ་ཡིག་གི་ཁ་བྱང་ཙམ་ཡང་རྩད་མ་ཆོད་གོང་ལ་ནང་དོན་ལ་བསམ་ཚུལ་མཐུན་མིན་སོགས་བཤད་རྒྱུར་ངོ་ཚ་མི་ཤེས་པ་ཚོ་མཐོང་ན་སེམས་པ་སྐྱོ་སོང་། མ་གཞི་སྤྱི་འཐུས་རྒྱུན་ལས་ཟེར་བ་དེ་ཚོ་ལས་ཀ་མེད་ཙང་སྐབས་ནང་དཀྲུགས་འདྲ་བསླངས། ཡང་མིན་ན་མི་ཞིག་གི་ལས་ཀ་ལ་མོས་མཐུན་ཡོད་མེད་སོགས་གླེང་ནས་འདུག་དགོས་པ་ལས་གཞན་ལས་མེད་ཆགས་འགྲོ་གི་རེད། བོད་མི་ཤི་གསོན་ཚང་མས་ཡོད་ཚད་བློས་བཏང་བོད་དོན་འཐབ་རྩོད་ཀྱི་ས་བོན་བོད་གཞུང་ཟེར་དམངས་གཙོའི་སྒྲིག་འཛུགས་འདི་བཙུགས་པ་རེད། ཤི་བོད་མང་པོ་སྲོག་དང་ཁྲག་འཕང་མེད་བཏང་ནས་༧གོང་ས་མཆོག་གི་དབུ་ཁྲིད་པའི་དམངས་གཙོའི་གཞུང་འདི་བཙུགས་པ་རེད། ཡིན་ནའང་སྤྱི་འཐུས་གྲྭ་བ་རྒྱགས་པ་གླང་རྒོད་སྨྱོན་པ་འདྲ་བོ་འདི་ཚོས་རང་ཤེད་ངོམ་ས་བྱས་པ་མཐོང་བ་ནས་རེ་བ་རྦད་དེ་བརླག་ཡོད། ད་ནི་སེམས་པ་མ་སྐྱིད་པའི་སྐད་ཆ་རེ་བཤད་པ་ལས་རེ་བ་མེད།

    Reply
  8. སྣང་རྒྱལ་ཤེར་དགེ says:
    ལོ་ 15 སྔོན།

    དྲ་གྲོགས་ཚོ། གནམ་ས་གཉིས་སོ་སོེར་དབྱེ་བ་དང་། གནམ་ས་གཉིས་བླ་འོག་བརྗེས་པ་ལ་བོད་སྐད་དུ་ཤིན་ཏུ་མི་འདྲ་བའི་ཚིག་དང་ནང་དོན་ཡོད་པ་བཞིན་རྒྱ་སྐད་ཐོག་ཤིན་ཏུ་ཐ་དད་པའི་ཚིག་བེད་སྤྱོད་བྱེད་དགོས། རྒྱ་མཚན་ནི་སོ་སོར་དབྱེ་བ་དང་བླ་འོག་བརྗེ་བ་གཉིས་ལ་ཁྱད་པར་ཆེན་པོ་ཡོད་པས་རེད། ཁ་བྱང་གི་ངོ་གདོང་ལ་ཇི་ཙམ་གྱི་ཐག་ཉེ་ན་ནང་དོན་ལའང་དེ་ཙམ་གྱིས་ཐག་ཉེ་བར་སེམས། དེར་བརྟེན་ཐག་རིང་དུ་མ་ཁྲིད་ན་བཟང་།

    Reply
  9. སྣང་རྒྱལ་ཤེར་དགེ says:
    ལོ་ 15 སྔོན།

    རྩོམ་པ་པོ་ཞོགས་དུང་ལ་གདེངས་འཇོག་བྱེད་སྟངས་སྣ་ཚོགས་ཡོད་པ་དེ་ལྟར་ཡང་། བོད་ལ་དུང་བའི་བློ་སེམས་དང་བློས་གཏོང་ལ་སུས་ཀྱང་ཐེ་ཚོམ་ཟ་མི་དགོས་པར་གྱུར་འདུག རྡོ་རྗེ་དབང་ཕྱུག་གིས་ཞོགས་དུང་ལ་གདེངས་འཇོག་བྱེད་པའི་གནས་ཚུལ་འདི་ཁོང་བཙོན་འཇུག་བྱས་པའི་རྗེས་སུ་བྱུང་བ་གསུང་འདུག་ཀྱང་། དེའི་སྔོན་དུ་རྒྱན་སྤགས་བསྲེག་སྦྱོར་གྱི་སྐབས་སུ་ལས་འགུལ་འདི་དབུ་ཁྲིད་གནང་མཁན་ཁག་ཅིག་རྒྱ་གཞུང་གིས་བཀག་ཉར་བྱས་པར་ཁོང་གིས་རྒྱུ་མཚན་དུ་མའི་སྒོ་ནས་རྒོལ་ལན་བྱས་པ་དང་། རྒོལ་གཏམ་གྱི་ཡི་གེའང་༼ཤར་དུང་རི།༽དུས་དེབ་ཀྱི་སྟེང་དུ་བཀོད་པ་དེས་བོད་མི་མང་པོ་ཞིག་གིས་ཁོང་ལ་གདེངས་འཇོག་བྱས་ཡོད། དེས་ན་ས་མཚམས་འདི་ཅུང་མི་འཚམས།

    Reply
  10. འདྲེ་རིག་ལྡན། says:
    ལོ་ 15 སྔོན།

    བློ་གྲོས་རྒྱལ་བོ་དང་མགོ་རིལ་གཉིས་ཀྱིས་་་གནམ་ས་གོ་འབྱེད་་་ལ་འགྲེལ་བཤད་རྒྱག་སྟངས་དེ་ཡང་་་སྐད་ཆ་་ཞིག་རེད། འོན་ཀྱང་ཞ ཐབས་སྐྱོ་བ་ཞིག་ལ། དེང་སང་བཙན་བྱོལ་ནང་གི་མང་པོ་ཞིག་གིས་་་་་་ བོད་རང་ཉིད་ཀྱི་ཐ་སྙད་ལ་འགྲེལ་རྒྱག་དུས་ཀྱང་་་་ དབྱིན་སྐད་ལ་ལག་རྟེན་བྱས་ནས་འགྲེལ་བརྒྱབ་པ་ལྟར། འདིར་་་ ཡང་་་ བོད་ཡིག་བོད་སྐད་ཙམ་ཡང་མི་ཤེས་པའི་འོད་ཟེར་གྱིས་རྒྱ་ཡིག་ཐོག་འདི་འདྲ་བྲིས་འདུག་པས་་་དེའི་གོ་དོན་འདི་རེད་་་་་ཟེར་ནས་རྒྱ་ཡིག་ཐོག་ལ་འཁེན་སོང་བ་དེ་རེད། 天翻地覆 ཟེར་བ་འདི་རྩོམ་པ་པོ་རང་ཉིད་ཀྱིས་བསྒྱུར་ལུགས་བཙན་གྱིས་བསྒྲུབ་ཐབས་འདྲ་བྱས་འདུག་ཀྱང་ཡིད་ཆེས་པའི་གནས་སུ་ད་དུང་རྒྱང་ཐག་ཧ་ཅང་རིང་པོ་འདུག དེ་ཙམ་དུ་མ་ཟད། དེ་རྩོམ་པ་པོ་རང་ཉིད་ཀྱིས་བསྒྱུར་བ་ཡིན་པའི་དབང་དུ་བཏང་རུང་། སྐད་ཡིག་གཉིས་ཀྱི་གཞི་རྩའི་ཁྱད་པར་གྱི་དབང་གིས་ཆུ་ལ་ཆུ་བཞག་ཅིག་སུས་ཀྱང་སྒྱུར་མི་བཏུབ་པ་ཞིག་རེད།
    གང་ལྟར། གནམ་ས་བླ་འོག་བརྗེ་བ་ཟེར་བ་དེ་ཡང་འགྲེལ་ལུགས་ཡག་པོ་ཞིག་རེད། དེ་ཡང་སྐད་ཆ་ཞིག་ཏུ་བརྩིས་རུང་བ་འདུག་གོ

    Reply
  11. སྟག་སྨྱོན། says:
    ལོ་ 15 སྔོན།

    ངའི་རེ་བ་དང་སེམས་ཤུགས་གམར་གསོད་གཏོང་མཁན་ཚོར་མུ་མཐུད་གཏིང་ནས་རྩོད་རྒྱུ་ཙམ་ལས་དམིགས་ཡུལ་གཞན་ལྷག་མི་འདུག

    Reply
  12. སྟག་སྨྱོན། says:
    ལོ་ 15 སྔོན།

    སྨན་དྷི་ཁྱེད་ཀྱིས་སྨོན་མཐར་མིང་ཅན་གང་ན་ཡོད་མ་བཤད་ན་ངས་ཤེས་ཡོད། མ་ཟད་ནང་དཀྲུགས་ཀྱི་ཁྲག་དྲི་ཁ་བའི་ཁོའི་སྐད་ཆ་རེ་རེ་བཞིན་ཐོས་མྱོང་། ངས་སེམས་ཤུགས་ཡོད་མདོག་གིས་སྐད་ཆ་འདི་ལྟར་བཤད་པ་མ་ཡིན་པར། མི་ངན་འདི་ཚོའི་ནང་ཁུལ་ལ་བཟུང་བའི་རྣམ་འགྱུར་དང་བྱ་སྤྱོད་ཁྲག་དྲི་ཅན་མཐོང་ནས་སེམས་ཤུགས་ཆགས་རེ་བ་བརླག་ནས་འུ་ཐུག་གི་སྐད་འདི་ལྟར་བརྒྱབ་པ་ཡིན། ངའི་སེམས་ཤུགས་དང་རེ་བ་རྩག་མེད་བཏང་སོང་། ད་ལྟ་ངའི་རེ་བ་དང་སེམས་ཤུགས་གམར་གསོད་གཏོང་མཁན་གྱི་མི་ངན་འདི་ཚོར་གཏིང་ནད་ཀྱི་ཚིག་ངན་བཤད་འདོད་པ་ལས་གཞན་ལྷག་མི་འདུག བོད་ཡུལ་ནས་རྒྱ་དམར་བཙན་གནོན་འོག་རེ་བ་བརླག་ཏེ་རྒྱ་གར་ལ་ཡོང་། རྒྱ་གར་ནས་ནང་དཀྲུགས་ཀྱི་ཁྲག་མཚོ་བསྐྱིལ་མཁན་གྱི་མི་ངན་འདི་ཚོའི་བྱས་ཉེས་མཐོང་ནས་སླར་ཡང་རེ་བ་བརླག་ཏེ། མི་ཤི་བར་དུ་ལྟོ་གོས་འགྲིག་ཐབས་ཙམ་ལ་རེ་བ་བརྒྱབནས་ནུབ་ཕྱོགས་སུ་འཁྱམ་སོང་བ་ཡིན། སྨོན་མཐར་ལྟ་བུ་གནས་ལུགས་དང་རྒྱུ་མཚན་ར་སྤྲོད་བྱེད་ན་མི་ངན་དེ་གངས་སྐྱིད་དུ་ཡོད་པ་རེད་ཟེར་ཡང། མི་ངན་འདི་འདྲ་ལ་གནས་ལུགས་མི་འགྲོ་བ་ངས་སྔ་མོ་ནས་ཤེས་སོང་། གནས་ལུགས་ཉན་ཤེས་མཁན་ཞིག་ཡིན་ན་ངས་དང་པོ་ནས་གནས་ལུགས་བཤད་པ་ལས། འུ་ཐུག་ཀྱི་སྐད་ཆ་འདི་འདྲ་བཤད་ཀི་མ་རེད།

    Reply
  13. karma dorje says:
    ལོ་ 15 སྔོན།

    ་་་་་་ང་རང་གིས་གནམ་ས་གོ་འབྱེད་ཅེས་པའི་ཁ་བྱང་དེའི་ནང་དོན་འདི་འདྲ་ཞིག་ཏུ་གོ་བ་མཐོང་སྟེ། གནམ་ཟེར་བ་དོན་དམ་བདེན་པ། སྣང་གནས་མཐུན་པ། ཆོས་དབྱིངས། དེ་བཞིན་ཉིད། དེ་ཁོ་ན་ཉིད། འདུས་མ་བྱས་སོགས་ལ་གོ་བ་དང༌། ས་ཟེར་བ་ནི་ཀུན་རྫུབ་བདེན་པ། སྣང་གནས་མི་མཐུན་པ། ཐ་སྙེད་བདེན་པ། འདུས་བྱས་སོགས་ལ་གོ་ཞིང༌། དེ་གཉིས་སོ་སོར་དབྱེ་སྟེ་བཤད་པའི་གཞུང་ཞིག་ཡིན་ཞེས་སྟོན་ཏོ་སྙམ། ད་དུང་དེབ་ཀྱི་ནང་དོན་ལ་མ་འཇུ་བར་ཐོག་དང་པོར་དེབ་དེའི་ཁ་བྱང་ལ་མུ་མཐུད་ནས་དཔྱད་དགོས་འདུག་སྙམ། ་་་
    ལྟར་ཡིན་ན། ཞོགས་དུང་ཁོང་གིས་བོད་ཀྱི་ནང་ཆོས་བཀག་འདུག་ཟེར་བ་དང་མཐུན་མ་སོང་། གང་ལྟར་ཡང་བོད་མི་ལ་རྒྱ་ཅན་ཞིག་ཡིན་པས་མྱུར་དུ་གློད་གྲོལ་ཡོང་བའི་སྨོན་འདུན་བཅས།

    Reply
  14. karma dorje says:
    ལོ་ 15 སྔོན།

    དག་ཡིག་གསར་བསྒྲིགས ༽ དོན་དག – ནི་བྱ་བ་དང་ལས་དོན་གྱི་མིང་སྟེ། དོན་དག་བསྒྲུབས། དོན་དག་བཤད་ལྟ་བུ།

    ༼ བོད་རྒྱ་ཚིག་མཛོད་ཆེན་མོ ༽ ༡ དོན་དག – ལས་དོན། བསྒྲུབ་བྱའི་དོན་དག་ཇི་ཙམ་བསྒྲུབ་པ་དེ་ཙམ་དུ་འཐོབ་བྱའི་རང་སྐལ་འཐོབ་ཡོང་།
    འདི་ནི་ཁྱེད་བདེན་ཡང་། ངས་ཀྱང་མཐོང་བྱུང་། འོན་ཀྱང་།
    ༢ ཚིག་གི་དོན། ༣ དགོས་པའམ། ཆེད། ཅེས་དང་།
    ༤ མི་འདི་དག དེ་དག ༥ བཞིན་དོན་དེ་དག་སྟེ་དོན་དག་དང་ཡང་ནོར་ཉེན་ཡོད།
    དེ་ཡིན་ཙང་དོན་བདག་ཅེས་དགོས་འདུག་ཞུས་པ་ཡིན་ང་ནོར་ཡོད་ན་བརྗེད་པར་བྱ་འོས་སོ། །

    Reply
  15. དོན་འགྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    ཞོགས་དུང་གི་ཡིད་ཆེས།
    ༼ དཔྱོད་ཤེས་རྒྱང་འབོད། ༽ ལས – དུང་ཞེན་ཇི་ལྟར་ཤུགས་ཆེ་ན། གནས་ལུགས་ལ་དེ་ལྟར་གནོད།

    ༼ གནམ་ས་གོ་འབྱེད། ༽ ལས – བདེ་སྐྱིད་ནི་རང་དབང་གི་འབྲས་བུ་ཡིན་ལ། རང་དབང་ནི་དཔའ་སྤོབས་ཀྱི་འབྲས་བུ་ཡིན་ནོ།

    Reply
  16. རྒྱང་རིང་ནས། says:
    ལོ་ 15 སྔོན།

    ནམ་གྱི་ཆ་སྟོད་ཞིག་དུ།།
    སད་པའི་ཞོགས་དུང་གཏང་མཁན།།
    བཙན་པོ་ཕ་ཡི་བུ་རྒོད།།
    མི་བུ་བཀྲ་རྒྱལ་སྐྱེ་ཐལ།།

    Reply
  17. ཟླ་བ་གཞོན་ནུ། says:
    ལོ་ 15 སྔོན།

    གང་ལྟར་བསམ་ཙུལ་འདིར་རྒྱབ་སྐྱོར་ཡོད་པ་ཤེས་ནས་དགའ་ཡོད།

    Reply
  18. ཟླ་བ་གཞོན་ནུ། says:
    ལོ་ 15 སྔོན།

    བློ་གྲོས་རྒྱལ་པོ་ལགས། ཁྱེད་ཀྱི་དགོངས་ཚུལ་ཡིན་པར་སྐད་པ་འདི་ངས་དུས་བབ་ཚང་དང་ཁ་བརྡ་ཚང་ལ་བསྐུར་བའི་རྩོམ་ཡིག་དེའི་འདོད་ཚུལ་དང་ཅི་འདྲའི་འདྲ་བ་ལ།
    ང་གཉིས་ཀྱི་སེམས་གཅིག་མིན་འགྲོ།
    ཧ་ཧ་ཧ་ཧ

    Reply
  19. བློ་གྲོས་རྒྱལ་པོ། says:
    ལོ་ 15 སྔོན།

    ང་ཚོས་ཁོང་གི་རྩོམ་བྱང་གི་ནང་དོན་ཙམ་ཡང་མ་རྟོགས་ན་རྩོམ་ཡིག་ལ་གདེང་འཇོག་ཇི་ལྟར་བྱེད། དྲ་གྲོགས་མང་པོ་ཞིག་ནས་རང་གི་བསམ་ཚུལ་དང་རྣམ་རྟོག་གིས་བསླངས་པའི་འགྲེལ་ཚུལ་དང་གོ་བ་ལེན་ཚུལ་གང་མང་ཞིག་བྱུང་སོང་། རྒྱུ་མཚན་དང་དམིགས་པ་གང་ཞིག་གིས་མཚན་གདགས་པ་ནི་རྩོམ་པོ་རང་ཉིད་ལས་གཞན་སུས་ཀྱང་རྟོགས་ཐབས་མེད་ལ། འོད་ཟེར་ལགས་ཀྱི་རྒྱ་ཡིག་གི་ཟིན་བྲིས་སུ་《གནམ་ས་གོ་འབྱེད》་ཅེས་པའི་དེབ་མིང་རྒྱ་ཡིག་ཏུ་༼天翻地覆༽ཞེས་པར་རྩོམ་པ་པོ་རང་ཉིད་ཀྱིས་བསྒྱུར་བར་བཤད་འདི་ལས་ཁུངས་བཙན་པ་ཞིག་མེད་པར་འདོད།
    དེས་ན་ང་ཚོས་༼天翻地覆༽ཞེས་པ་དོན་གང་འདྲ་ཞིག་ལ་འཇུག་གིན་ཡོད་མེད་བརྟག་ན་ད་གཟོད་རྩོམ་པ་པོས་དེབ་མིང་དེ་ལྟར་འདོགས་དགོས་པའི་རྒྱུ་མཚན་དང་དེའི་དོན་ཅི་ཞིག་སྟོན་གྱིན་ཡོད་མེད་རྟོགས་ཐུབ་པར་འདོད། སྤྱིར་རྒྱ་ཡིག་གི་༼天翻地覆༽ཞེས་པའི་དོན་ནི་སྐབས་དོན་གྱི་འཇུག་ས་མང་ཡང་གོ་སླ་བར་འགྲེལ་ན་གནམ་ས་བླ་འོག་བརྗེ་བ་ཞེས་པ་དེ་རེད། དེ་ནི་འགྱུར་ལྡོག་གམ་འགྱུར་བ་ཤུགས་ཆེན་པོ་ཞིག་ལ་གོ་དགོས།
    གུས་པའི་བསམ་ཚུལ་ལྟར་ན་དེ་གནམ་ས་དང་། ཆོས་སྲིད། བོད་རྒྱ། ཚེ་འདི་ཕྱི་སོགས་ཀྱི་འགྲེལ་ཚུལ་དེ་དག་ཟུར་དུ་བཞག་ནས་འགྱུར་ལྡོག་ཆེན་པོ་ཞིག་གམ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་ཞེས་པར་གོ་ན་འགྲིག་པར་སྙམ།

    Reply
  20. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    གྲོགས་པོ་ཚོ།ཞོགས་དུང་ད་ལྟ་དགྲ་ལག་ཏུ་ཡོད་པའི་ཁོང་གི་སྐོར་འདྲ་མིན་མང་པོ་མ་གསུངས་ན་ཡག་བ་མིན་འགྲོ།
    གུས་པའི་དེབ་དེ་ད་ལྟ་མཇལ་རྒྱུ་རག་མ་སོང་ཡངརྩོམ་པ་པོ་ཁོང་གྲགས་ཅན་སོང་ཙང།་དེབ་དེ་རྒྱ་ཡིག་དང་དབྱིན་ཡིག་གཉིས་ནང་ལོ་ཙ་བ་རྣམས་ཀྱི་བསྒྱུར་ཐུབ་པའི་རེ་བསྐུལ་ཞུ་རྒྱུ་ཡིན།ཡིག་རིགས་འདི་གཉིས་ཀྱི་མི་མང་པོ་ཞིག་ལ་གོ་རྟོགས་སྤེལ་སྲིད་པ་རེད།ཐུགས་རྗེ་ཆེ།

    Reply
  21. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    ངས་བསམ་ཚུལ་དེ་གོང་གི་ལས་རིམ་དང་འབྲེལ་བ་གང་ཡང་མེད་པའི་བསམ་ཚུལ་ཞིག་འབྲི་འདོད་པས་དགོངས་འགལ་མེད་ཞུ།

    བང་ཆེན་ཚང་གི་དྲྭ་རྒྱ་ཐོག་མང་གཙོ་ཚོགས་པས་སྟོན་པའི་བཀའ་བློན་འོས་དམིགས་གཉིས་ལ་འོས་བླུགས་སྒམ་ཞིག་བཞག་འདུག དེ་ནི་སྤྱི་པའི་གསང་གཅོད་དང་གཅིག་པ་གཅིག་ཀྱང་ཞིག་རེད་འདུག་དྲྭ་གྲོགས་རྣམས་ནས་ཉམ་ཞིབ་ཐེངས་ཞིག་གནང་དང༌། ངས་དེ་ག་འདྲ་ཞིག་ཡིན་ནམ་སྙམ་ནས་ཚོད་ལྟ་ཐེངས་ཁ་ཤས་བྱས་པ་ཡིན། འོན་ཀྱང་ཐེངས་མ་ག་ཚོད་འོས་བླུགས་ཀྱང་འོས་གྲངས་ཇེ་ཐོར་འགྲོ་བཞིན་འདུག། ཁྱོད་ནས་འདོད་མོས་ཡོད་པའི་འོས་དམིགས་དེར་ཁྱོད་ནས་ཉིན་རེ་འོས་རེ་བླུགས་དང་འོས་ཐོབ་རྒྱུ་རང་རེད་འདུག དངོས་ཡིན།

    Reply
  22. སྨར་དྷཱིཿཟེར། says:
    ལོ་ 15 སྔོན།

    དྲ་གྲོགས་སྟག་སྨོན་ཁྱེད་རང་སྨོན་མཐར་ལ་རྒྱུ་མཚན་དང་གནས་ལུགས་ཐོག་ནས་ར་སྤྲོད་འདོད་ཡོད་ན་ཁོང་ནི་ད་ལྟར་གང་སྐྱིད་དཀྱིལ་ཤོང་དུ་ཡོདརེད། ལྷག་བསམ་དང་སེམས་ཤུགས་ཡོད་མདོག་གི་རྒྱབ་ལོག་ནས་མིར་སྐྱོན་བརྗོད་རྐྱང་བྱས་པ་དང་་མིང་བརྫུན་འོག་ནས་དྲ་ཚིགས་འདིའི་ལྷིང་འཇགས་ཀྱི་ཁོར་ཡུག་དེ་མ་བཀྲོགས་རོགས།

    Reply
  23. གནམ་ལྕགས། says:
    ལོ་ 15 སྔོན།

    བོད་ཀྱི་མཛེས་མ་ལགས། ངས་བལྟས་ན་དེ་ཚོ་གང་ཡང་མ་རེད། གནམ་ས་གོ་འབྱེད་ཅེས་པ་ནི་དཔེའི་སྒོ་ནས་བཀྲོལ་དགོས་སྙམ། བོད་ཀྱི་དཔེ་ལ་གནམ་འཇོག་པ་དང་དགྱའི་དཔེ་ལ་ས་བཞག་པ་དེབ་ཏུ་གསལ་གསལ་ཐིང་ཐིང་རེད། རྩོམ་པ་པོ་ཁོང་གིས་བོད་དང་དགྱ་གཉིས་གནམ་དང་ས་ལྟ་བུར་ཁ་ཁ་ཕྱེ་བ་དེ་རེད། མདོར་བསྡུས་ན། གནམ་དང་ས་ནི་འབྲེལ་མེད་ཡིན་པ་ལྟ་བུའི་དཔེ་སྤྱད་ནས་བོད་དང་དགྱ་གཉིས་ཁ་ཁར་ཕྱེ་བའམ། ས་ཞིའི་ཞི་རྒོལ་གྱི་ཉིང་དོན་གླེང་བ་དེ་རེད། དེ་གོ་དོན་མི་རྟོགས་པ་གང་ཡང་མི་འདུག

    ཐ་སྙད་མཁན་འགའ་རེས་འདི་ལ་གོ་དོན་མང་བོ་ཞིག་ཡོད་པར་འགྲེལ་ཡང་། གཙོ་བོ་རྩོམ་པ་པོ་ཁོང་གི་དགོངས་པ་ལས་འགལ་མི་རུང་།

    གཤམ་དུ་ངས་གསལ་བཤད་ཞུ་རྒྱུ་ཞིག་ལ། 《གནམ་ས་གོ་འབྱེད》གླེང་མཁན་དག་གི་མ་མཐའི་ཆ་རྐྱེན་ནི་དེབ་དེ་ཐེངས་གཅིག་ཀློག་རྒྱུ་དེ་ཡིན། དེ་ཙམ་ཡང་མེད་ན་སྐད་ཆ་བཤད་འདོད་ཀྱང་ལྕེ་མེད་པ་དེའོ།།

    Reply
  24. བོད་ཀྱི་མཛེས་མ། says:
    ལོ་ 15 སྔོན།

    ཉིན་སྔོན་ཞིག་ལ་སྐུ་ཞབས་ཧོར་གཙང་གིས་ཨ་རིའི་བརྙན་འཕྲིན་བརྒྱུད་ནས་གནམ་ས་གོ་འབྱེད་སྐོར་འགྲེལ་བཤད་བྱས་པ་ཞིག་དྲན་གསོས་ཀྱི་འདུག ཁོང་གིས་འགྲེལ་དོན། གནམ་ཟེར་བ་བོད་ལ་གོ་དགོས་ཏེ་བོད་མི་རྣམས་གནམ་ལ་དགའ་ཞིང༌། གནམ་མཁའ་ནས་བྱུང་བ་རྣམས་ལ་ཆེས་རྩ་ཆེན་དུ་བརྩི་སྲོལ་ཡོད་ཅེས་དང༌། ས་ཟེར་བ་རྒྱ་མིར་གོ་ཞིང༌། རྒྱ་མི་རྣམས་རང་བཞིན་གྱིས་སར་དགའ་ཞེས་ཟེར། གོ་བ་འབྱེད་པ་ནི་དེ་གཉིས་སོ་སོར་ནས་དབྱེ་ཞིང་འབྱེད་དགོས་པའི་དོན་ཡིན་པར་བརྗོད། ཁ་སང་བགྲོ་གླེང་བ་ན་གས་གནམ་ཟེར་སྐབས་ཆོས་ཟེར་བ་ལྷ་ཟེར་བ་ཚེ་ཕྱི་མ་ཟེར་བ་སོགས་ལ་གོ་དགོས་པ་དང༌། ས་ཟེར་སྐབས་འཇིག་རྟེན་མི་དང་རང་དབང་ཐོབ་ཐང་སོགས་ལ་ཟེར་བ་ཡིན་ཞེས་བརྗོད་ཅིང༌། མིང་དོན་ཡང་ལྷ་མི་ཁ་ཁ་བྱས་པའི་ཐོག་ནས་མིའི་བདེ་སྡུག་བསྒྲུབ་པར་མི་རང་གིས་བརྩོན་ལེན་བྱ་དགོས་པ་ལས་མི་མ་ཡིན་པ་ཞིག་ལ་སྐྱབས་བཅོལ་ན་དོན་དག་ཅིག་ད་བར་སྔར་བྱུང་མྱོང་མེད་ལ་ཕྱིས་སུའང་འབྱུང་སྲིད་མ་རེད་ཅེས་པའི་དོན་ཡིན་ཟེར། ཡང་འགའ་ཞིག་གིས་གནམ་ས་གོ་འབྱེད་ཀྱི་མིང་དོན་དེ་གོ་བ་གཞན་དུ་བྱས་པ་མཐོང་བ་དང་ད་དུང་རྩོམ་པ་པོ་དང་དཔྱོད་བརྗོད་ང་ཡིན་ཟེར་མཁན་མི་ཉུང་བ་ཞིག་ནས་རང་རང་གིས་གོ་ཚོད་ཐུབ་ཚོད་ལྟར་མིང་དོན་ལ་དཔྱད་ནས་མཆན་བུ་རྒྱག་མཁན་གཅིག་རྗེས་གཉིས་མཐུད་དུ་ཡོང་ངེས་པ་རེད། འོན་ཀྱང་དེབ་དེའི་ཁ་བྱང་གི་ནང་དོན་དངོས་དེ་ཅི་ཞིག་ཏུ་གོ་དགོས་མིན་རྩོམ་པ་རང་གི་ཁོག་ནང་དུ་མཆིས་པའི་གནད་དོན་ཞིག་ཏུ་ལྷག་ཡོད་སྟབས་དེབ་དེར་བལྟ་ཀློག་བྱེད་པོ་རྣམས་ལ་རང་དབང་གིས་འགྲེལ་བ་བྱེད་ཆོག་ཙམ་ལས་འཁྲུན་ཐག་ཆོད་པའི་དོན་འགྲེལ་བྱེད་པའི་ནུས་པ་མེད་སྙམ།
    ང་རང་གིས་གནམ་ས་གོ་འབྱེད་ཅེས་པའི་ཁ་བྱང་དེའི་ནང་དོན་འདི་འདྲ་ཞིག་ཏུ་གོ་བ་མཐོང་སྟེ། གནམ་ཟེར་བ་དོན་དམ་བདེན་པ། སྣང་གནས་མཐུན་པ། ཆོས་དབྱིངས། དེ་བཞིན་ཉིད། དེ་ཁོ་ན་ཉིད། འདུས་མ་བྱས་སོགས་ལ་གོ་བ་དང༌། ས་ཟེར་བ་ནི་ཀུན་རྫུབ་བདེན་པ། སྣང་གནས་མི་མཐུན་པ། ཐ་སྙེད་བདེན་པ། འདུས་བྱས་སོགས་ལ་གོ་ཞིང༌། དེ་གཉིས་སོ་སོར་དབྱེ་སྟེ་བཤད་པའི་གཞུང་ཞིག་ཡིན་ཞེས་སྟོན་ཏོ་སྙམ། ད་དུང་དེབ་ཀྱི་ནང་དོན་ལ་མ་འཇུ་བར་ཐོག་དང་པོར་དེབ་དེའི་ཁ་བྱང་ལ་མུ་མཐུད་ནས་དཔྱད་དགོས་འདུག་སྙམ།

    Reply
  25. གནམ་ལྕགས། says:
    ལོ་ 15 སྔོན།

    ངས་ཀྱང་བླ་གྲོས་རྒྱལ་བོའི་སྐད་ཆ་དེ་ལ་རྒྱབ་སྐྱོར་མི་ཞུ་ཐབས་མེད་བྱུང་སོང་། ཡིན་ནའང་ཁ་སང་ན་ག་སངས་བསྟན་གྱིས་སྐད་ཆ་ཡག་པོ་ཞིག་བཤད་སོང་། དེ་མིན་འབྲེལ་མེད་དོན་གཞན་རྐྱང་རྐྱང་གིས་དུས་ཚོད་འཕྲོ་ལྷག་ཏུ་བཏང་སོང་། དྲང་མོར་བཤད་ན་རྒྱལ་རི་སྒྲོལ་མ་དང་བཀའ་བློན་རྒན་མོ་དེ་ཚོས་ཞོགས་དུང་ལ་ནག་ཉེས་འཛུགས་པའི་གཏམ་བཤད་ཚོགས་འདུ་འཚོགས་པ་ལྟ་བུ་བྱས་སོང་། དྲང་མོར་བཤད་ན་ཁ་སང་གི་དཔེ་དེབ་དབུ་འབྱེད་དེ་ཧ་ཅང་གི་བཀྲ་མ་ཤིས་པ་ཞིག་ཆགས་སོང་།

    Reply
  26. བློ་གྲོས་རྒྱལ་པོ། says:
    ལོ་ 15 སྔོན།

    མདོ་སྨད་བཙན་རྒོལ་བདེན་རྒྱབ་མནའ་འབྲེལ་དང་། ངྷ་ས་མདོ་སྨད་ས་གནས་རྒྱུན་ལས་མཉམ་འབྲེལ་ཐོག རྩོམ་པ་པོ་སྐུ་ཞབས་ཞོགས་དོང་ལགས་ཀྱིས་བརྩམས་པའི་༼ གནམ་ས་གོ་འབྱེད ༽ ཅེས་པའི་དཔེ་དེབ་བསྐྱར་དཔར་དབུ་འབྱེད་དང་དེའི་སྐོར་ལ་བགྲོ་གླེང་གོ་སྒྲིག་གནང་བར་བསྔགས་བརྗོད་དང་རྗེས་སུ་ཡི་རངས་ཡོད། ཡིན་ནའང་གདན་འདྲེན་ཞུས་པའི་མཁས་དབང་དང་དེ་དག་གི་དཔྱད་བརྗོད་ནི་ཇི་འདྲའི་སྐྱོ་བ་ལ། རྡོ་རྗེ་དབང་ཕྱུག་ཙམ་ཕུད་གཞན་གཉིས་ཀྱིས་བཀྲ་རྒྱལ་གྱི་རྩོམ་ཡིག་གི་རྗོད་བྱེད་ཀྱི་ཉམས་དང་བརྗོད་བྱའི་དོན། རྩོམ་པོའི་རང་གཤིས་སོགས་ལ་རྒྱུས་ལོན་ཡོད་པ་ཕར་ཞོག རྩོམ་བྱང་གི་གོ་བ་ཙམ་ཡང་ལོན་ཐུབ་མི་འདུག གནམ་ས་གོ་འབྱེད་ཅེས་པ་ནི་དྲ་གྲོགས་མགོ་རུལ་གྱིས་གསུངས་པ་བཞིན་རྒྱ་སྐད་ཀྱི་天翻地覆ཞེས་པའི་དོན་རེད། དེ་ལ་ལྷ་འདྲེ་དང་ཚེ་འདི་ཕྱིའི་སོགས་ཀྱི་དོན་གང་ཡང་ཡོད་པ་མ་རེད། གོ་བདེ་བར་བཤད་ན་གནམ་ས་གཡོ་བའི་ལས་འགུལ་ལམ་གནམ་ས་མགོ་མཇུག་བསློག་པའི་ལས་འགུལ་གོ་བས་ཆོག་ བདེན་རྒྱལ་མནམ་འབྲེལ་གྱི་མཁས་དབང་རྣམས་གང་དུ་ཕྱིན་པ་ཡིན་ནམ།

    Reply
  27. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    འཇིག་རྟེན་གྱི་གཏམ་དཔེར། ཝ་ཞྭ་ཅན་གྱི་གྲོས་རྒྱང་གང་ཝང་སུག་ཞྭ་ཅན་གྱིས་མི་གཏམ་བཤད་ཟེར་བ་བཞིན་དུ་གསར་འགྱུར་གྱི་མཐའ་ལ་ཡོད་པའི་མི་བུ་སངས་རྒྱས་བསྟན་དར་ལགས་ཀྱིས་གནམ་ས་གོ་འབྱེད་ཞེས་པའི་ཐ་སྙད་འདིར་འགྲེལ་བཤད་ཡག་པོ་ཅིག་རྒྱག་འདུག

    ཧོར་གཙང་འཇིགས་མེད་ཀྱིས་འགྲེལ་བཤད་གནང་སྟངས་རྒྱ་ས་ལ་དགའ་བོད་གནམ་ལ་དགའ་ཞེས་འགྲེལ་བཤད་གནང་སོང།

    ཞོགས་དུང་གིས་བོད་མི་རིགས་ཀྱི་ཆེད་དུ་དགག་པ་རྒྱབ་ས་བོད་ཀྱི་ནང་ཆོས་དང་རྒྱ་ཡི་ཆབ་སྲིད་གཉིས་རེད། དེ་འདྲ་ཡིན་དུས་ཆོས་དང་ཆབ་སྲིད་ཁ་ཁར་གོ་འབྱེད་དགོས་ཞེས་པའི་དོན་དང་འདྲ་ཆེ་ཁུ།

    Reply
  28. མགོ་རུལ། says:
    ལོ་ 15 སྔོན།

    གནམ་ས་གོ་འབྱེད་ཅེས་པའི་ཚིག་འདིས་ང་ལ་རྒྱ་ནག་གི་སྒྲུང་རྩོམ་གྲགས་ཅན་ཐོག་ཁང་དམར་པོའི་རྨི་ལམ་གྱི་གླེང་གཞིའི་ནང་དུ། འཇིག་རྟེན་ཁམས་འདིའི་ཆེས་ཐོག་མའི་དུས་སུ་གནམ་ས་གཉིས་གཞི་གཅིག་ཏུ་འདྲེས་ཡོད་པ་དང་། རྗེས་སུ་ལྷ་ཅིག་ཅིག་མུག་མུག་གིས་གནམ་ས་གཉིས་གོ་འབྱེད་དམ་ཁ་ཁར་ཕྱེས་པའི་རྗེས་སུ། ལྷ་མོ་ཅིག་ཅིག་མུག་མུག་གིས་རྡོ་ཕ་བོང་ཆེན་པོ་ཁྲི་ཁྲག་དུ་མ་བཞུ་སྦྱངས་བྱས་ཏེ་གནམ་སྔོན་པོར་ལྷན་པ་བརྒྱབ་པའི་གཏམ་རྒྱུད་མཚར་ལ་རིང་བ་ཞིག་ཡོད་པ་དེ་དྲན་པར་བྱས་སོང་། ཞོགས་དུང་འདིས་ཐོག་ཁང་དམར་པོའི་རྨི་ལམ་ནང་གི་སྒྲུང་དེ་བཀོལ་ནས་ཁོའི་རྩོམ་དེབ་དེར་མིང་བཏགས་པ་མིན་འགྲོ་ཡང་བསམ་གི

    Reply
  29. བཙན་པོའི་བུ། says:
    ལོ་ 15 སྔོན།

    རྩོམ་པ་པོ་སྐུ་ཞབས་ཞོགས་དོང་ལགས་ཀྱིས་བརྩམས་པའི་༼ གནམ་ས་གོ་འབྱེད ༽ ཅེས་པའི་བསྒྲགས་གཏམ་དེ་བཀླགས་རྒྱུ་བྱུང་བས་དགའ་སྤྲོ་བརྟས། འོན་ཀྱང་། ཡ་མཚན་པ་ཞིག་ལ། སྐུ་ཞབས་ཞོགས་དོང་གིས་བསྒྲགས་གཏམ་དེ་བོད་ཡིག་ནང་བྲིས་འདུག་པ་དང་། རྒྱ་རི་སྒྲོལ་མས་བོད་ཡིག་ཀློག་མི་ཤེས་པ་གཉིས་ལ་བསམ་ན། རྒྱ་རི་སྒྲོལ་མས་ཇི་ལྟར་སྐུ་ཞབས་ཞོགས་དོང་གི་ལྟ་གྲུབ་ལ་ཕྱོགས་བསྡོམས་བྱེད་ཐུབ་བམ། མ་གཞི་ནས་ངས་འདི་ནས་སྐད་ཆ་འདི་འདྲ་ཞིག་བཤད་དགོས་དོན་མ་མཆིས་མོད། འོན་ཀྱང་། ཞིབ་ཏུ་བསམ་ན་ངེས་པར་དུ་བཤད་དགོས་པ་ཞིག་རེད། གང་ཡིན་ཞེ་ན། བོད་ནང་གི་ཤེས་ཡོན་པ་དག་གིས་རང་གི་རྒྱུ་ནོར་ལོངས་སྤྱོད་ཐ་ན་རང་སྲོག་དང་བཅས་རང་གི་སྐད་ཡིག་དང་བདེན་དོན་ཆེད་འབུལ་གྱིན་ཡོད་ན། རྒྱ་རི་སྒྲོལ་མ་ལྟ་བུའི་རང་རློམས་ཅན་རིགས་གཅིག་གིས་བོད་ལ་མི་སེམས་པར་བོད་པ་རྣམས་ལམ་ལོག་ཏུ་འཁྲིད་བཞིན་པ་དང་། བོད་ཡིག་མི་ཤེས་བཞིན་བོད་ཀྱི་རྩོམ་པ་དང་ཤེས་ཡོན་པ་དག་གི་ཐོག་ལ་གཏམ་བཤད་བྱས་པ་དེ་ནི། བདག་ལ་མཚོན་ན་ཅིས་ཀྱང་སྣང་བར་མི་འགྲོ་བའི་བྱ་བ་ཞིག་རེད། འདིའི་ཐད་གོ་བསྒྲིགས་པ་དག་གིས་ཀྱང་བསམ་བློ་ཞིབ་ཏུ་གཏོང་དགོས་པར་སེམས།

    Reply
  30. མགོ་རུལ། says:
    ལོ་ 15 སྔོན།

    གནམ་ས་གོ་བརྗེས་ཞེས་བཏགས་ཡོད་ན་ང་ཚོ་མགོ་དེ་ཙམ་ཞིག་རྨོངས་དགོས་ས་མ་རེད་དྲན། དེ་མིན་གནམ་ས་གོ་འབྱེད་ཅེས་པ་འདིས་དཔེ་དེབ་འདི་བརྩམས་ནས་གནམ་ས་གོ་འབྱེད་མ་བྱས་པའི་སྔོན་དུ་གནམ་ས་གཉིས་ཀྱི་གོ་ས་གཞི་གཅིག་ཏུ་འདྲེས་བསྡད་ཡོད་པ་འདྲ་བོ་ཞིག་སྟོན་གིན་འདུག་ ཅིང་། དེ་ནི་ཡོང་ཐབས་མེད་པ་ཞིག་སྟེ་གནམ་ནི་སྟོང་བའི་རང་བཞིན་ཞིག་དང་ས་ནི་མཁྲེགས་གཟུགས་ཀྱི་དངོས་པོ་ཞིག་ཡིན་པས། སྟོང་མཁྲེགས་ཀྱི་ཆོས་གཉིས་གོ་ས་གཅིག་ཏུ་འདྲེས་པ་ནི་སོ་སྐྱེའི་སྣང་ངོར་ཡོང་ཐབས་མེད་པ་ཞིག་རེད། ཆོས་པ་ཚོར་སྣང་བཞིན་དུ་སྟོང་ཞིང་སྟོང་བཞིན་དུ་སྣང་ཞེས་པ་དང་། ཡང་ན་འཁོར་འདས་དབྱེར་མེད་ཟེར་བ་འདྲ་བོ། བདེན་གཉིས་ཟུང་འཇུག་ཟེར་བ་ལྟ་བུ་ཕལ་བའི་བློ་ངོར་མི་ཤོང་བའི་གཞུང་ཚིག་མང་པོ་ཞིག་ཡོད་ཀྱང་དེ་ཚོ་སྐུ་ཞབས་ཞོགས་དུང་གིས་ཁས་ལེན་གི་མ་རེད། ད་ནི་ཅི་བྱ། གནམ་ས་གོ་འབྱེད། གནམ་ས་གོ་བརྗེས། 天翻地覆

    Reply
  31. འདྲེ་རིག་ལྡན། says:
    ལོ་ 15 སྔོན།

    རྩོམ་པ་པོ་སྐུ་ཞབས་ཞོགས་དོང་ལགས་ཀྱིས་བརྩམས་པའི་༼ གནམ་ས་གོ་འབྱེད ༽ ཅེས་པའི་དཔེ་དེབ་བསྐྱར་དཔར་དབུ་འབྱེད་་་་་་་ ཟེར་བའི་དོང་དེ་་་དུང་ལ་ནོར་བཅོས་བྱེད་དགོས་འདུག གཏགས་ནོར་ཤོར་འདུག

    Reply
  32. འདྲེ་རིག་ལྡན། says:
    ལོ་ 15 སྔོན།

    དེ་རིང་འདི་ནས་དགེན་ན་ག་སངས་རྒྱས་བསྟན་དར་ལགས་ཀྱིས་སྐད་ཆ་ཚིག་འགའ་གསུངས་འདུག་པ་དང་། ཁོང་གི་རིག་པ་གསལ་བའི་པར་རིས་མཐོང་བས་དགའ་སྤྲོ་ཆེན་པོ་བྱུང་། གནམ་ས་གོ་འབྱེད་ལ་འགྲེལ་བཤད་གནང་ལུགས་དེ་གཅིག་པུས་ཐོག་ནས་ཀྱང་མི་གཞན་དག་ལྟར་མ་ཤེས་ཤེས་ཁུལ་གྱིས་བཤད་པ་མ་ཡིན། ཞོགས་དུང་གི་གཞི་རྩའི་བསམ་བློ་དང་བརྩམས་ཆོས་ཁག་གི་བརྗོད་དོན་གྱི་སྙིང་པོ་བསྡུས་ནས་འགྲེལ་འདུག་པས་དགེན་ལགས་ལ་ཐུགས་རྗེ་ཆེ་ཞུ། མི་རིང་བར་མཇལ་འཛོམས་ཡོང་བའི་སྨོན་འདུན་བཅས།

    Reply
  33. རྟུལ་ཕོད། says:
    ལོ་ 15 སྔོན།

    བཞི་གཅིག་བཞིའི་དོན་རྐྱེན་ནི་རང་བྱུང་གི་གོད་ཆག་ཅིག་ཡིན་པས་ལྡོག་ཏུ་མེད་པའི་ཆོས་ཉིད་ཅིག་རེད།ཡིན་ནའང་། བཞི་གཉིས་གསུམ་གྱི་དུས་ཚིགས་ནི་འུ་ཚོའི་བདེན་དོན་འཕྲོག་པའི་ཉིན་མོར་བརྩི་སྲུང་བྱས་ན་ཅི་ལ་མི་ཆོག་སྟེ། བདེན་དོན་དང་གནས་ལུགས་བཤད་ནས། ཆབ་སྲིད་དང་ཆོས་ལུགས་ཀྱི་ངན་མཚང་ལ་མཛུབ་མོ་འཛུགས་མཁན་གྱི་གདོང་མཆོང་པ་ཞིག་སྟེ་བོད་མིའི་དཔའ་རྒོད་སྐུ་ཞབས་ཞོགས་དུང་མུན་ཁོང་དུ་བཙུད་པའི་ཉིན་མོ་ཡིན་པས་སོ།རང་བྱུང་མ་ཡིན་པའི་གོད་ཆག་འདི་ནི་རྒྱུ་འབྲས་དང་གནས་ལུགས་མི་བརྩི་མཁན། ཁ་བཤད་དང་ལག་ལེན་མི་མཐུན་པའི་རྨོངས་རྟུལ་ཆེན་པོ་དག་གིས།དོན་མེད་ཀྱིས་མིས་མི་ལ་དཀའ་ངལ་འཕར་མ་ཞིག་དང་སྙོག་གྲ་སྙོན་མ་བཟོས་པ་འདི་འཚོ།དོན་དངོས་ཀྱི་ང་ཚོ་མིའི་རིགས་ཀྱི་གྱོང་རྒུད་ཡིན་པ་ལས།མི་རིགས་བྱེ་བྲག་པ་ཞིག་གི་གོད་ཆག་མ་ཡིན་པ་ཤེས་ན་འཚལ་ལོ།དོན་ངོ་མར་ཁོ་བ་ཚོས་སྔོན་མ་སྔོན་མའི་སྲིད་གཞུང་ཞིག་གི་སྐྱུག་པ་ཟ་བཞིན་ཞིམ་མདོག་སྟོན་པ་ནི་ཕྱི་རྫིག་ནང་སྟོང་དུ་གྱུར་པའི་རྟགས་མཚན་ཞིག་ཅི་ལ་མིན།ཞོར་དུ་དྲ་ཞུགས་པ་ཚོས་ཁོང་མི་རིགས་རིང་ལུགས་པ་ཞིག་ཡིན་ཚུལ་གྱི་ཁྱབ་ཁོངས་ཆུང་ཆུང་ཞིག་ལ་བཞག་ནས་གླེང་མི་འོས་སྙམ་མོ།རྒྱུ་མཚན་ནི་ཁོང་ལ་བཅར་རྡུང་ཇེ་ཆེ་དང་མུན་ཁོང་དུ་བཞུགས་རྒྱུའི་ཆ་རྐྱེན་རིང་དུ་སྐྲུན་པ་ཁོ་ནས་ངོས་ནས་ཀྱང་ངོ་།ལྷག་ཏུ་ཆབ་སྲིད་པ་ཚོར་ཞུ་རྒྱུ་ཞིག་ལ། འུ་ཚོར་མི་རིགས་རིང་ལུགས་པ་གཅིག་པུ་མ་གཏོགས་མི་མཁོ་པ་ཡིན་ནམ། འུ་ཚོའི་ཡོད་ཚད་དེས་ཐག་གིས་ཆོད་ཐུབ་བམ། ངས་དེ་ལྟར་མི་སེམས་པར་ལྡོག་སྟེ་དོན་བཟང་མང་དག་ཅིག་དེ་ཚོས་ཕོང་གི་ཡོད་པ་ལོ་རྒྱུས་དང་རྒྱུ་མཚན་གང་གིས་ཀྱང་བདེན་དཔང་བྱེད་ཐུབ། གུ་དོག་པོ་མ་བྱེད་ཅིག ལྷག་ཏུ་དེང་སྐབས།།

    Reply
  34. དོན་འགྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    ༼ དག་ཡིག་གསར་བསྒྲིགས ༽ དོན་དག – ནི་བྱ་བ་དང་ལས་དོན་གྱི་མིང་སྟེ། དོན་དག་བསྒྲུབས། དོན་དག་བཤད་ལྟ་བུ།

    ༼ བོད་རྒྱ་ཚིག་མཛོད་ཆེན་མོ ༽ དོན་དག – ལས་དོན། བསྒྲུབ་བྱའི་དོན་དག་ཇི་ཙམ་བསྒྲུབ་པ་དེ་ཙམ་དུ་འཐོབ་བྱའི་རང་སྐལ་འཐོབ་ཡོང་།

    Reply
  35. karma dorje says:
    ལོ་ 15 སྔོན།

    “དོན་དག”ཅེས་འབྲི་ཚུལ་དེ་ནོར་བ་མིན་ནམ། གང་ཡིན་ཟེར་ན། དོན་དག་མ་དག གཙང་མི་གཙང་ལ་མི་གོ་བར། བྱེད་དོན་ཞིག་བདག་གཉེར་བྱེད་འོས་པ་གཞིར་བཟུང་ནས། “དོན་བདག་”ཅེས་འབྲི་དགོས་རེད་སྙམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese