མཱོ་ལི། གཡུ་ཞུན་གྱིས་བསྒྱུར།
༼ཁོ་ཚོ་ཐོན་བྱུང་། ད་ཐེངས་ང་བཙོན་དུ་འགྲོ་དགོས་༽ཟི་ལིང་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱི་ཉེན་རྟོག་པ་ཁ་ཤས་གཞུང་སྒྲུབ་ཁང་དུ་སླེབས་སྐབས། བཀྲ་རྒྱལ་༼སྨྱུག་མིང་ཞོགས་དུང༌།༽གྱིས་རང་གི་ཆུང་མར་དེ་ལྟར་ཚིག་གཅིག་ལབ་རྗེས། ཉེན་རྟོག་པས་ཁྲིད་སོང་། དེ་ནི་ད་ལོའི་སྤྱི་ཟླ་ ༤ པའི་ཚེས་ ༢༣ རེད། ཡུལ་ཤུལ་ས་འགུལ་རྗེས་སུ། བཀྲ་རྒྱལ་གྱིས་ཁོང་གི་བོད་རིགས་སྤུན་ཟླ་ཚོར་རོགས་སྐྱོར་དང་། རྨས་སྐྱོན་ཕོག་པ་རྣམས་ལ་རོགས་འདེགས་ཀྱི་ལས་ལ་བྲེལ་དུས་རེད།
བོད་ཁུལ་དུ་གནོད་སྐྱོབ་སྐབས་ཁོང་འཛིན་བཟུང་བྱས་རྗེས། གཞི་ནས་རྒྱ་ཡིག་གར་སྟེགས་སུ་བོད་ཀྱི་ཤེས་ལྡན་མི་སྣ་བཀྲ་རྒྱལ་དང་ལྟ་བ་གསར་བའི་ཕྱོགས་ཁག་འདི་ཤེས་རྟོགས་བྱུང་བ་རེད། བཀྲ་རྒྱལ་གྱི་བརྩམས་ཆོས་དང་ལྟ་བ་གསར་བ་བརྗོད་པ་ཚང་མ་བོད་ཡིག་ནང་རྒྱས་བཤད་བྱས་པ་ཡིན་པས། རྒྱ་ཡིག་ཀློག་པ་པོ་ཚོའི་ནང་ཤེས་རྟོགས་བྱེད་མཁན་ཧ་ཅང་ཉུང་ཉུང་རེད། བོད་རིགས་གཞོན་སྐྱེས་འདི་བ་ནི་མིང་གྲགས་ཆེ་བའི་ཤེས་ལྡན་མི་སྣ་ཞིག་དང་། རྩོད་གཞི་ཅན་གྱི་མི་སྣ་ཞིག་ཀྱང་རེད། ཕྱོགས་གཅིག་ནས་བཀྲ་རྒྱལ་ནི་རྒྱ་ནག་གུང་ཁྲན་གཞུང་ལ་ཕྱོགས་ཞེན་གྱི་ཤེས་ལྡན་མི་སྣ་ཡིན་ཚུལ་བརྗོད་མཁན་ཡོད་ལ། ཕྱོགས་གཞན་ཞིག་ནས་ཁོང་དང་བོད་རིགས་ཤེས་ལྡན་མི་སྣ་གཞན་བདུན་གྱིས་ཐུན་མོང་གིས་མངོན་གསལ་ཡི་གེ་སྤེལ་ནས་། ཡུལ་ཁུལ་ས་འགུལ་གནོད་ཁུལ་དུ་གཞུང་ཕྱོགས་བརྒྱུད་ནས་རྒྱུ་དངོས་ཞལ་འདེབས་གནང་རྒྱུ་མེད་པས་འབོད་སྐུལ་ཞུས་པར་བརྟེན། རྒྱ་ནག་གུང་ཁྲན་གཞུང་གིས་ཁ་བྲལ་ལ་ངན་སྐུལ་གྱི་ནག་ཉེས་འཛུགས་ཀྱི་ཡོད་པ་རེད།
བཀྲ་རྒྱལ་དང་ལྟ་བ་གསར་བའི་ཕྱོགས་ཁག་ཤེས་རྟོགས་ཆེད་། ང་ཚོས་ཤེས་འཇོན་ལྡན་པའི་བོད་རིགས་གཞོན་རབས་པ་ཚོར་གསང་ལྟ་དུས་སུ། དེ་ནི་དཀའ་སྡུག་གིས་མནར་བའི་མི་རིགས་ཤིག་གི་འཇིག་ཉེན་སྐྱོབ་ཐབས་ཆེད། ཁོང་ཚོས་སྡུག་བསྔལ་གྱི་བསམ་གཞིགས་དང་འཚོལ་ཞིབ་ཁྲོད། སྣ་མང་རྙོག་འཛིང་ཆེ་བའི་བསམ་པའི་བགྲོད་ཤུལ་ཏེ་ངོ་ལོག་དང་ལོག་ཕེབས་ཀྱི་གོ་རིམ་ཞིག་རེད།
༡། དགེ་འདུན་ཆོལ་འཕེལ་གྱི་ཆོས་ལུགས་སྲོལ་རྒྱུན་ལ་སྐྱོན་བརྗོད་ཀྱི་རྗེས་བསྙེག
བཀྲ་རྒྱལ་གྱི་བརྩམས་ཆོས་ཀློག་མྱོང་མཁན་བོད་རིགས་གྲོགས་པོས་ང་ལ་བརྗོད་ན། བཀྲ་རྒྱལ་ནི་རྒྱ་ནག་གུང་ཁྲན་གཞུང་ལ་ཕྱོགས་ཞེན་གྱི་ཤེས་ལྡན་མི་སྣའི་མཐོང་ཚུལ་དེ་དངོས་གནས་མ་རེད་ཟེར། དེས་ན་ཅི་ཞིག་ལ་བཀྲ་རྒྱལ་ལ་འོས་འཚམ་མིན་པའི་ཞྭ་མོ་དེ་བསྐོན་པ་རེད་དམ།
རྒྱུ་རྐྱེན་ནི་ཁོང་གི་དེ་སྔོན་གྱི་ཤུགས་རྐྱེན་ཆེ་བའི་བརྩམས་ཆོས་དེ་༼དཔྱོད་ཤེས་རྒྱང་འབོད་།༽དང་༼བག་ཆགས་དུང་སྤྲུགས།༽སོགས་ཀྱི་ནང་། བོད་ཀྱི་ཆོས་དང་རིག་གཞུང་ཐད་ཀྱི་ལྟ་ཚུལ་བརྗོད་པའི་ཐད་། ཕྱི་ཚུལ་ནས་བལྟོས་ཚོད་ཀྱིས་གུང་ཁྲན་གཞུང་གི་བཤད་ཚུལ་དང་ཕྱོགས་མཚུངས་ཡོད་པས་ཕྱིར་རོ།
གོང་བརྗོད་བརྩམས་ཆོས་ནང་བཀྲ་རྒྱལ་གྱིས་བོད་མི་རིགས་ཀྱི་ཆོས་ལུགས་རིག་གནས་ཐད་རྩ་བའི་ཆ་ནས་སྐྱོན་བརྗོད་ཀྱི་རྣམ་འགྱུར་བསྟན་ཡོད་པ་མ་ཟད། ཧ་ལམ་རྦད་དེ་དགག་བྱའི་གནས་སུ་གྱུར་ཡོད་པས་ཆའང་ཡོད་པས་ན། བོད་རིགས་སྲོལ་རྒྱུན་གྱི་ལྟ་བ་མཁྲེགས་འཛིན་ཆོས་ལུགས་མི་སྣས་སྡང་བྱའི་གཞིར་གྱུར་བ་རེད།
བརྩམས་ཆོས་གྱི་སྙིང་དོན་གཙོ་བོ་ནི། ནང་ཆོས་ཀྱི་དཔལ་ཡོན་དར་ཁྱབ་ཕྱིན་པ་ནས། བོད་མི་རྣམས་བག་འཁུམས་དང་གུས་གུས་ཞུམ་ཞུམ། སྒྱིད་ལུག་དང་འཇིག་རྟེན་ལས་འདས་པ་བསམ་པ། སྐྱེ་བ་ཕྱི་མའི་བདེ་བ་ཁོ་ན་ལས། འཇིག་རྟེན་འདིར་འབད་འབུངས་མི་བྱེད་པ། བོད་བཙན་པོའི་དུས་ཀྱི་དཔལ་སྟོབས་དང་བློ་དཀྱེལ་ཡེ་ནས་དོར་བ། དགོན་སྡེའི་རིམ་པ་དམ་སྲུང་གིས། སྤྱིར་བཏང་གི་བོད་མི་ཕལ་བ་ཚོས་གུས་ཕྱག་ཕུལ་བ་ཙམ་མ་གཏོགས། རང་ཉིད་ལ་སྒེར་ཚུགས་ཀྱི་མི་གཤིས་དབེན་པ་བཅས་བཀོད་ཡོད།
ཡིན་ནའང་བཀྲ་རྒྱལ་གྱི་སྐྱོན་བརྗོད་དང་རྒྱ་ནག་གུང་ཁྲན་ལྷན་མེད་སྨྲ་བས་སྐྱོན་བརྗོད་གཉིས་མངོན་གསལ་ཐ་དད་རེད། ཁོང་གི་སྐྱོན་བརྗོད་ཀྱི་མཚོན་ཆ་ནི་ནུབ་ཕྱོགས་བསམ་བློའི་མཚོན་ཆའི་བང་མཛོད་ལས་ལུང་འདྲེན་གྱིས། དེང་རབས་རིན་ཐང་ལྟ་གྲུབ་ལ་གཞི་བཅོལ་ཡོད། དཔེར་ན། ཁོང་གིས་བོད་མི་རིགས་ཀྱི་ལོ་རྒྱུས་དང་ནུབ་ཕྱོགས་དར་འཕེལ་ལོ་རྒྱུས་གཉིས་མཉམ་དུ་གཤིབ་བསྡུར་བརྒྱུད། ནུབ་ཕྱོགས་ཀྱི་བཟོ་ལས་གསར་བརྗེ་དང་། ཧྥུན་རན་སུའི་གསར་བརྗེ་ཆེན་མོའི་སྐབས། བོད་མི་རྣམས་ནང་ཁུལ་གྱི་གྲུབ་མཐའི་རྩོད་རྙོག་ཁྲོད་མགོ་འཐོམས་ཡོད་པ་གསལ་སྟོན་བྱས་ཡོད། ལྷག་པར་དུ་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་སྲོལ་རྒྱུན་ལམ་ལུགས་རྐྱེན། བོད་མི་རིགས་ལ་དམངས་གཙོ་དང་། རང་དབང་།འདྲ་མཉམ་སོགས་ཀྱི་འདུ་ཤེས་ཞན་པའི་སྐོར་བསྟན་འདུག
འདི་ལྟ་བུའི་སྐྱོན་བརྗོད་ནི་བོད་མི་ཡོད་དོ་ཅོག་གི་དད་མོས་སྙིང་བོར་འཛིན་པའི་མི་རིགས་ཤིག་ལ་མཚོན་ན་ཧ་ལས་ཧང་སངས་པ་དང་སྲོལ་དང་འགལ་བ་ཞིག་རེད། ཡིན་ནའང་། འདི་ནི་བོད་ཀྱི་ལོ་རྒྱུས་སྟེང་ཐོག་མ་དེ་མ་ཡིན་པར། དུས་རབས་ཉི་ཤུའི་སྔ་རོལ་དུ། བོད་དུ་སྐད་གྲགས་ཆེ་བའི་དགེ་འདུན་པ་ཞིག་ཡོད་ལ་། ཁོང་ནི་ཁྱད་འཚར་ལྡན་པའི་ལྷན་སྐྱེས་ཀྱི་ཤེས་རབ་ཀྱིས་ཕྱུག་པའི་དགེ་འདུན་ཆོས་འཕེལ་རེད། ཁོང་གིས་རྒྱ་གར་དུ་ལོ་བཅུ་ཕྲག་རིང་སློབ་གཉེར་བརྒྱུད་། མཐོང་རྒྱ་ཡངས་པའི་རྣམ་དཔྱོད་ལས་རང་གི་མི་རིགས་ཀྱི་སྲོལ་རྒྱུན་རིག་གཞུང་ལ་དཔྱོད་ཞིབ་བྱས་ཏེ། གནའ་བའི་རྗེས་ལུས་ཀྱིས་ལམ་ལུགས་དེ་ནི་བོད་མི་རིགས་འཕེལ་རྒྱས་གཏོང་བའི་འགག་རྡོ་ཡིན་པ་གསལ་པོར་རྟོགས་ནས། བོད་ཀྱི་བསྐྱར་དར་ཆེད་དགེ་འདུན་ཆོས་འཕེལ་སྲོལ་རྒྱུན་གྱི་འཆིང་རྒྱ་ལས་བརྒལ་ཏེ། ཆོས་ལུགས་ནང་རོལ་དུ་དགེ་སྤེལ་སྐྱོན་སྤང་གི་རྣམ་པའི་ལམ་ནས། བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ལ་སྐྱོན་བརྗོད་བྱས་པ་རེད།
གོང་ས་ཏྭ་ལའི་བླ་མ་མཆོག་གིས་དེ་སྔོན་དགེ་འདུན་ཆོས་འཕེལ་ལ་འདི་ལྟར། དུས་རབས་ཉི་ཤུ་བའི་བོད་ཀྱི་ལོ་རྒྱུས་ཐོག་ཐུན་མོང་མ་ཡིན་པའི་ཤེས་འཇོན་དང་མཐོང་རྒྱ་ཡངས་བ། ཁྱད་འཕགས་ཀྱི་བློ་གྲོས་ལྡན་པ་དང་དགོངས་པ་མིག་རྒྱང་རིང་པོའི་མི་སྣ་བློ་རྒྱ་ཡངས་བ་ཞིག་རེད།ཅེས་གདེང་འཇོག་གནང་ཡོད། དགེ་འདུན་ཆོས་འཕེལ་ནི་བོད་ཀྱི་དེང་རབས་འདུ་ཤེས་ལྡན་པའི་མི་ཚུལ་རིང་ལུགས་པའི་ཤེས་ལྡན་མི་སྣ་ཐོག་མ་དེ་རེད་ཅེས་བརྗོད་ཆོག ཁོང་ནི་རླབས་ཆེ་བའི་མཁས་དབང་དང་ལོ་ཙྭ་བ། དེ་མིན་རི་མོ་བ་དང་སྙན་ངག་པའང་རེད། བོད་རིགས་ཀྱི་རིག་གཞུང་ལོ་རྒྱུས་སྟེང་སྔོན་མ་རྒྱུན་མཐུད་དང་མ་འོངས་སྲོལ་འབྱེད་གནང་མཁན་ཞིག་རེད། ཡིན་ནའང་བཀྲ་རྒྱལ་ཚོ་དང་བསྡུར་ན་ལོ་བརྒྱ་ཡི་སྔོན་ལ་འཁྲུངས་པའི་དགེ་འདུན་ཆོས་འཕེལ་ལ་དུས་རབས་ཀྱི་ཚད་བཀག་རྐྱེན། ཁོང་གིས་ཆོས་ལུགས་ལ་དགག་བྱ་བྱེད་པའི་བསམ་བློའི་མཚོན་ཆ་ནི་མར་ཁེ་སུ་རིང་ལུགས་ཡིན། སྤྱི་ལོ་༡༩༤༦ལོར་ཁོང་རྒྱ་གར་ནས་ཕྱིར་ལྷ་སར་ལོག་སྐབས། སྒམ་ནང་དུ་སུ་ཌ་ལེན་གྱི་འདྲ་པར་ཞིག་སྦས་སྐོང་བྱས་ཡོད།
༢། ༼ཁཱོང་ཙི་མི་ཚང་ཕམ་པར་རྒྱག་དགོས་༽ཀྱི་ཆ་མཚུངས་དང་སྣང་བརྙན་གཏོར་བརླག
དགེ་འདུན་ཆོས་འཕེལ་བོད་དེ་དགྲ་ལག་ཤོར་བ་མ་མཐོང་སྔོན་ལ་སྐུ་གྲོངས་པ་རེད། དེ་མིན་ན་སྔོན་མ་༼བོད་ཀྱི་གསར་བརྗེ་ཚོགས་པ་༽༼བོད་སྐད་ནང་ནུབ་བོད་ལེགས་བཅོས་སྐྱིད་སྡུག་ཟེར། བསྒྱུན་མཁན་གྱི་མཆན།༽ནང་ཞུགས་པའི་ཁོང་།ཕལ་ཆེར་ཁ་ཕྱིར་འཁོར་ནས་རྒྱ་ནག་གུང་ཁྲན་གཞུང་ལ་ངོ་རྒོལ་གྱི་བོད་མིའི་སྒེར་ལངས་ཆེན་མོའི་ཞུགས་ཏེ། རང་གི་མི་རིགས་དང་ཆོས་ལུགས་ལ་སྲུང་སྐྱོབ་བྱེད་སྲིད། ད་ཆ་བཀྲ་རྒྱལ་དང་ལྟ་བ་གསར་བའི་ཕྱོགས་ཁག་རྣམས་བོད་མི་རིགས་ཀྱི་རང་བདག་དབང་ཆ་ཤོེར་བ་དང་། མི་རིགས་གཞན་གྱིས་དབང་བསྒྱུར་གྱི་དུས་རབས་དང་འཁེལ་ཡོད་པས། ཁོང་ཚོའི་སྡུག་བསྔལ་དང་རྨ་ཁ་ནི་དེ་བས་ཀྱང་གཏིང་ཟབ་ཡིན་ཕྱིན། ཁོང་ཚོའི་བསམ་ཞིབ་དང་སྨྲ་བརྗོད་ཀྱང་ལུགས་སྲོལ་དང་འགལ་ཟླར་གྲུབ་པ་རེད།
བཀྲ་རྒྱལ་ཚོའི་ལུགས་འགལ་གྱི་བསམ་ཞིབ་འདི་ནི་༼རྗེས་ལུས་ཡིན་ན་ངེས་པར་ཕམ་ཁ་མྱངས་དགོས་༽ཞེས་བའི་མངོན་སུམ་ལས་རྟོག་སད་ཐེབས་པ་དང་། ཁོང་ཚོས་དོན་དངོས་ཐོག་བོད་མི་རིགས་ཀྱིས་བརྩོན་འགྲུས་ཆེ་བསྐྱེད་ཀྱིས་ཡང་བསྐྱར་ལང་ཚོའི་གཟི་དཔལ་འབར་བར་རེ་བ་ཆེ་དྲགས་པ། བརྩེ་བ་ཟབ་དྲགས་པ་དང་འགན་འཁྲི་ལྕི་དྲགས་པས། རང་གི་མི་རིགས་རིག་གནས་ཀྱི་རྙིང་ཞེན་དང་ཞན་ཆར་བསམ་ཞིབ་ཀྱིས་དགག་སྒྲུབ་དང་སྐྱོན་བརྗོད་ཀྱང་ཧ་ཅང་དྲག་པོ་བྱས་པ་རེད།
དེར་ང་ཚོ་རྒྱ་ནག་པ་ཚོ་ཆ་རྒྱུས་མེད་པ་མ་ཡིན་པར། རྒྱ་ནག་གི་ལོ་ངོ་བརྒྱ་ལྷག་གི་ཉེ་རབས་ལོ་རྒྱུས་ནང་། ཆིན་དམག་གིས་རྒྱལ་ས་བཟུང་བ་ནས་དུག་ནག་དམག་འཁྲུག་བར། རྒྱ་ནག་རིམ་གྱིས་ཉམས་དམས་ཕྱིན་པ་ན། མི་རྣམས་ཀྱིས་དེ་ནི་དབང་བསྒྱུར་པས་རྒྱུན་རིང་ཁྭོང་ཙི་དང་མྭིན་ཙིའི་ལྟ་གྲུབ་སྐུལ་སྤེལ་བྱས་པས་འབྲས་བུ་ཡིན་པར་སེམས་ནས། ལྔ་བཞིའི་ལས་འགུལ་སྐབས་སུ་༼ཁྭོང་ཙི་མི་ཚང་ཕམ་པར་རྒྱག་དགོས་༽ཞེས་པའི་ཁ་གཡང་སྒྲོག་པ་རེད།
ལྔ་བཞིའི་སྔོན་བྱོན་མཁས་པས་སྲོལ་རྒྱུན་རིག་གནས་ལ་ཁྱོན་ཡོངས་ནས་ཕར་རྒོལ་བྱས་ཏེ། ༼རྒྱུན་སྲོལ་ཚུལ་ལུགས་དང་རྒྱལ་པོའི་གསུང་བློན་པོའི་བརྩི་བ༽༼འདི་ནས་རྒྱུན་སྲོལ་ཚུལ་ལུགས་ནི་རུའི་ལུགས་ཀྱི་ཀུན་སྤྱོད་འདུ་ཤེས་ལ་གོ་དགོས།བསྒྱུར་མཁན་གྱི་མཆན།༽ཞེས་པར་ངོ་རྒོལ་བྱས་ཡོད། རྗེས་སུ་སྐུ་ཞབས་ཁྲིན་ཡྰིན་ཁི་ཡིས་༼སྒེར་ཚུགས་ཀྱི་དགོངས་པ་དང་། རང་དབང་གི་བསམ་བློའི༽རྩ་དོན་བཏོན་པ་རེད།
འགྲོ་བ་མིའི་རིགས་ཀྱི་བསམ་བློའི་ལོ་རྒྱུས་ནི་ལོང་བའི་རྗེས་འབྲང་གི་ལོ་རྒྱུས་ཤིག་རྩ་བ་ནས་མ་ཡིན་པར་། འཛམ་གླིང་ལོ་རྒྱུས་ཐོག་ཡོ་རོབ་ནུབ་མའི་བློ་འབྱེད་རིང་ལུགས་ཀྱི་བསམ་བློ་པས། དེ་སྔ་ཆོས་ལུགས་དབང་ཤུགས་ཀྱིས་མི་དམངས་ཀྱི་བསམ་པར་དབང་བསྒྱུར་དང་ཚོད་འཛིན་བྱས་པར་ངོ་རྒོལ་བྱས་པ་རེད། ནེ་ཙེ་སོགས་༼སྣང་བརྙན་གཏོར་བརླག་པ་ཚོས་༽རིན་ཐང་ཡོད་ཚད་ལ་བསྐྱར་དུ་གདེང་འཇོག་གི་རེ་འདུན་བཏོན་པ་རེད། དེའི་ཁྲོད་གཙོ་གནད་ཡེ་ཤུའི་ཆོས་ལུགས་ཀྱི་ཀུན་སྤྱོད་རིན་ཐང་ཐད་བསྐྱར་དུ་གདེང་འཇོག་བྱེད་རྒྱུ་དེ་རེད། འདོད་ཕྱོགས་དེ་ཚོ་ཧ་ལམ་ཐལ་དྲགས་སྲིད་ཀྱང་། ང་ཚོས་ངེས་པར་དུ་ངོས་ལེན་བྱེད་དགོས་པ་ནི། ངོ་ལོག་དེ་ཉིད་ནི་འཚོལ་ཞིབ་ཀྱི་གོ་རིམ་ཞིག་རེད།
གོ་ཐོས་ལ་གོང་ས་ཏྭ་ལའི་བླ་མས་བཀྲ་རྒྱལ་གྱི་ལྟ་གྲུབ་ཐད་འདི་ལྟར་གདེང་འཇོག་གནང་སྐད། བཀྲ་རྒྱལ་རང་གི་མི་རིགས་ལ་བརྩེ་བ་ཟབ་དྲགས་ཏེ། ད་གཟོད་འདི་འདྲའི་ཅུང་ཐལ་དྲགས་ཀྱི་ལྟ་གྲུབ་སྐྱེས་པ་རེད། སྐད་ཆ་འདི་ཕྱི་ལོག་གི་བོད་མིའི་ཁྲོད་དར་ཁྱབ་ཕྱིན་ཡོད། ཡིན་ནའང་བདེན་མིན་བརྡར་ཤ་བཅད་མེད་ཀྱང་། ངས་ཐུགས་རྒྱ་གཏིང་ཟབ་དང་བློ་དཀྱེལ་ཡངས་པའི་བོད་ཀྱི་ནང་བ་སངས་རྒྱས་ཆོས་ཀྱི་དབུ་ཁྲིད་གང་ཉིད་ཀྱིས་འདི་ལྟར་བཀྲ་རྒྱལ་སོགས་གཞོན་རབས་པ་ཚོར་ཤེས་རྟོགས་དང་བསམ་ཤེས་གནང་བར་ཡོད་ཆེས་ཡོད། ལྗིད་བསིང་དཀྱེལ་ཡངས་ཀྱི་དཔལ་ཡོན་ཞིག་གིས་བྱིས་བློ་དང་ཐལ་དྲགས་ཀྱི་སྐྱོན་བརྗོད་རེ་ཟུང་ལ་བཟོད་བསྲན་དང་ཁས་ལེན་བྱེད་དགོས་སྙམ།
༣། ༢༠༠༨ལོའི་དགེ་འདུན་པས་ངོ་རྒོལ་རྗེས་སུ་ནང་ཆོས་སྲོལ་རྒྱུན་ལ་གུས་འདུད་ཞུས་བ།
བཀྲ་རྒྱལ་སོགས་ཀྱི་གོ་བདེའི་ཕྱོགས་ལྷུང་གི་ཆ་ནི་མཐོང་སླ་བོ་རེད། ཁོང་ཚོས་བོད་ཀྱི་ནང་ཆོས་ཀྱི་རྙིང་ཞེན་ཞན་ཆ་ཁོ་ན་ལས། ནང་ཆོས་ནི་རླབས་ཆེ་བའི་ཆོས་ལུགས་ཤིག་ཡིན་པས་ཆ་མཐོང་ཐུབ་མེད། ཡིན་ནའང་ནང་ཆོས་ཀྱིས་བོད་མི་རིགས་ཀྱི་འོད་སྟོང་འབར་བའི་རིག་གནས་གསར་གཏོང་གནང་བ་མ་ཟད། བོད་མི་རིགས་ཀྱི་འཚོ་གནས་རྒྱུན་མཐུད་ཁྲོད་གོང་བུ་གཅིག་སྒྲིལ་གྱི་ནུས་བ་དེ་བས་ཀྱང་ཐོན་ཡོད། བོད་ལ་རྒྱ་ནག་གུང་ཁྲན་གཞུང་གིས་དབང་བསྒྱུར་བྱས་ནས་དུས་རབས་ཕྱེད་ཀ་སོང་བའི་དེ་རིང་ཡིན་ནའང་འདྲ། ནང་ཆོས་ལ་སྔར་བཞིན་སྙིང་པོ་གཅིག་འདུས་ཀྱི་ནུས་པ་ལྡན་ཕྱིར། བོད་མི་རིགས་ཀྱི་ཁྱད་འཕགས་ཀྱི་དར་ཆ་ཞིག་ཏུ་གྲུབ་ཡོད།
དེ་དང་མཚུངས་སུ། བཀྲ་རྒྱལ་ཚོས་བོད་ཀྱི་ནང་ཆོས་ཀྱིས་རང་ཉིད་འཐུས་ཚང་གི་ནུས་པར་སྣང་མེད་བྱས་ཡོད། དཔེར་ན། དུས་རབས་དགུ་བའི་སྐབས་བོད་དུ་དར་བའི་གྲུབ་མཐའ་རིས་མེད་ཀྱི་སྒོ་འབྱེད་རྣམ་པ་ཚུར་མངོན་གྱིས་གྲུབ་མཐའ་སོ་སོའི་ཕྱོགས་རིས་སྤང་དོར་བྱས་ཡོད། ད་ལྟ་རྒྱ་གར་དུ་ཡོད་པའི་བཙན་བྱོལ་བོད་གཞུང་གིས་ལོ་ངོ་ལྔ་བཅུའི་རིང་རང་སྟེང་ནས་བཅོས་བསྒྱུར་བརྒྱུད། སྲོལ་རྒྱུན་གྱི་ཆོས་སྲིད་ཟུང་འབྲེལ་ནས་དེང་རབས་ཀྱི་དམངས་གཙོའི་ཕྱོགས་སུ་བསྐྱོད་པ་རེད།
༢༠༠༨ལོར། བོད་ནང་ངོ་རྒོལ་ལས་འགུལ་དུས་སུ། ངོ་རྒོལ་གྱི་ཆེས་མདུན་དུ་གདོང་ལེན་བྱེད་མཁན་ནི་དགོན་སྡེ་ཁག་གི་དགེ་འདུན་པ་ཚོ་རེད། ཐེངས་འདིའི་དོན་རྐྱེན་གྱིས་འཛམ་གླིང་ཡོངས་ལ་ཧང་སངས་སུ་བཅུག་ནས་། དེ་ནི་བོད་མི་རིགས་ཀྱི་བསམ་བློའི་དཀྱོགས་མཚམས་ཤིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། བཀྲ་རྒྱལ་གྱིས་དེ་ལས་ནང་ཆོས་ཀྱི་ཕྱོགས་གཞན་ཞིག་ངེས་ཤེས་ཐེབས་པ་སྟེ། མི་ཡུལ་གྱི་སེམས་ཁུར་དང་སྤྱི་ཚོགས་ཁྲོད་ཚུད་ཞུགས་རེད། དགེ་འདུན་པ་ཚོས་རང་ཉིད་ཀྱི་མི་རིགས་ཀྱི་ཁེ་དབང་སྲུང་སྐྱོབ་ཆེད་ནུས་པ་བླ་ལྷག་བཏོན་པ་ཤེས་རྟོགས་ཀྱིས། དགའ་སྐྲག་ཟུང་སྐྱེས་ཁྲོད་བོད་མི་རིགས་རྟོགས་སད་འབྱུང་བཞིན་པ་མཐོང་། ཁོང་གིས་གཞི་ནས་དེ་སྔོན་མཐའ་གཅིག་ཏུ་ནང་ཆོས་ལ་དགག་སྒྲུབ་བྱས་པའི་ཕྱོགས་ལྷུང་ལྟ་བར་འགྱུར་བ་ཐེབས།
ལོ་ན་བཞི་བཅུར་ཞེ་ལྔར་སོན་པའི་བཀྲ་རྒྱལ་གྱིས་རང་ཉིད་ཀྱི་ཡིད་གཞུངས་ལ་ལེ་བདས་ཡང་ཡང་གཙེས། རྒྱུ་མཚན་ནི་༢༠༠༨ལོའི་བོད་ཀྱི་ངོ་རྒོལ་དུས་སུ། ཁོང་རང་ཉིད་ཁ་ཕོར་ཤོར་བར་སྐྲག་སྣང་གིས་ཡང་ལངས་ནས་དཔུང་རོགས་བྱེད་ཐུབ་མེད། རྗེས་སུ་ཁོང་གིས་ད་ནས་བཟུང་ཁུ་སིམ་པོར་སྡོད་ཐབས་མེད་པའི་ཆོད་སེམས་བཞག་སྟེ། ༼གནམ་ས་གོ་འབྱེད་སྟེ། བོད་ས་བྱི་ཞི་བའི་གསར་བརྗེར་ཕུལ་བ༽ཞེས་པའི་དེབ་ཅིག་བྲིས། བོད་ཡིག་གི་དེབ་འདི་ཆིག་སྟོང་པར་སྐྲུན་བྱས་ནས། བཀྲ་རྒྱལ་གྱི་ཆུང་མ་ལྷ་མཚོའི་དཔེ་བཙོང་ཁང་དུ་ཚོང་འགྲེམ་བྱས་པ་རེད། དེབ་འདི་པར་སྐྲུན་བྱས་ནས་ཟླ་བ་གཉིས་ཀྱི་རྗེས་སུ། བཀྲ་རྒྱལ་འཛིན་བཟུང་བྱས་པ་དང་། ཁོང་གི་ཆུང་མའང་སྤྱི་བདེ་ལས་ཁུངས་སུ་འབོད་འགུག་འདྲི་ཞིབ་དང་། དཔེ་བཙོང་ཁང་བཙན་ཤེད་ཀྱིས་སྒོ་བརྒྱབ་པ་རེད།
དེབ་འདི་ཀློག་མྱོང་མཁན་བོད་རིགས་གྲོགས་པོས་བརྗོད་ན། དེབ་ནང་གཞུང་ལུགས་ཀྱི་ལམ་ནས་༢༠༠༨ལོའི་བོད་ཀྱི་ཞི་བའི་ངོ་རྒོལ་ལ་སྤྱི་སྡོམ་དང་། འཚེ་མེད་ཞི་བ་དང་མཉམ་འབྲེལ་མི་བྱེད་པའི་ཐབས་ལམ་སྤྱད་ན་བོད་ཀྱི་གནད་དོན་ཐག་གཅོད་བྱེད་སྲིད་པའི་སྐོར་ལ་ཞིབ་དཔྱད་བྱས་བ་མ་ཟད།འཚེ་བ་སྤངས་ནས་ཞི་བའི་ཐབས་ལམ་བརྒྱུད་བོད་རང་བཙན་བརྩོན་ལེན་བྱེད་རྒྱུར་སྐུལ་སྤེལ་བྱས་ཡོད། བཀྲ་རྒྱལ་གྱིས་བོད་ཀྱི་བཙན་པོའི་དུས་ཀྱི་དཔའ་སྟོབས་དགོངས་པ་མ་དོར་བར་འཐབ་རྩོད་བྱས་པ་ཡིན་ན། བོད་རང་བཙན་ནི་སྟོང་སེམས་ཤིག་མ་ཡིན་པར་བསམ་གྱིན་ཡོད།
དེབ་གསར་བ་འདིས་རྒྱ་ནག་གུང་ཁྲན་དབང་འཛིན་པར་སྐྲག་སྣང་ལས་གཞན། བཀྲ་རྒྱལ་ལ་ཉེས་མིང་ཚབས་ཆེན་གཞན་ཞིག་བཀལ་བ་ནི། ཁོང་དང་བོད་རིགས་ཤེས་ལྡན་མི་སྣ་ཁ་ཤས་ཀྱིས་ཐུན་མོང་གིས་བོད་ཡིག་ནང་མངོན་གསལ་ཡི་གེ་ཞིག་སྤེལ་ཏེ། ས་འགུལ་གནོད་ཁུལ་ལ་མྱ་ངན་གྱི་དུས་མཚུངས། ཁོང་ཚོས་རྒྱ་ནག་གཞུང་གིས་གནོད་ཁུལ་བཀག་སྡོམ་གྱི་བྱ་སྤྱོད་དང་། ག་ས་གར་ཁྱབ་པའི་ལྐོག་ཟ་རུལ་སུངས་དང་བདག་འཛིན་གྱི་བྱ་ངན་ཐད་ཁ་རྡུང་དྲག་པོ་བཏང་ནས། ཚང་མས་སོ་སོའི་ཡིད་རྟོན་ཆོག་པའི་མི་སྣ་མངག་སྟེ་ཐད་ཀར་གནོད་ཁུལ་དུ་ཞལ་འདེབས་རོགས་སྐྱོར་གནང་རྒྱུའི་འབོད་སྐུལ་ཞུས་ཡོད།
བཀྲ་རྒྱལ་ཚོ་བརྒྱུད་པའི་བསམ་བློའི་བགྲོད་ཤུལ་ལ་ཕྱི་མིག་ཅིག་བལྟས་པ་ཡིན་ན། ང་ཚོས་བོད་ཀྱི་དེང་རབས་དང་སྲོལ་རྒྱུན་བར་གྱི་འགལ་ཟླ་མཐོང་ཐུབ་ལ། ངོ་ལོག་པ་བཀྲ་རྒྱལ་ཚོས་གཞི་ནས་རང་མི་རིགས་ཀྱི་སྲོལ་རྒྱུན་ལ་གུས་འདུད་ཞུ་བའི་དུས་སུ། ཁོང་ཚོས་སྲོལ་རྒྱུན་ཐད་ངེས་ཤེས་བླ་ལྷག་དང་། སྔར་ལས་གཏིང་ཟབ་ཏུ་དོགས་གནད་གསེད་དཀྲོལ་བྱས་ཡོད་པས། འདི་ལྟ་བུའི་ངོ་ལོག་དང་ལོག་ཕེབས་ཀྱི་བརྒྱུད་རིམ་ལས། གཏིང་མཐའ་བྲལ་བའི་བོད་ཀྱི་ནང་ཆོས་ཐད་གཞོན་རབས་པ་ཚོས་གདོང་ལེན་གྱིས། རང་ཉིད་དགེ་སྤེལ་སྐྱོན་སྤང་དང་རང་ཉིད་འཐུས་ཚང་གི་སྒུལ་ཤུགས་སླེབས་ཏེ། བོད་མི་རིགས་ལ་དེ་ལས་ལྷག་པར་གསོན་ཤུགས་དང་སྐྱེ་སྟོབས་འཕེལ་ངེས༎
༼ཡོང་ཁུངས། ཧོང་ཀོང་གི་སྒོ་འབྱེད་ཅེས་པའི་རྒྱ་ཡིག་ཟླ་དེབ་ཀྱི་ ༢༠༡༠ ལོའི་སྤྱི་ཟླ་ ༦ པ། རྩོམ་པ་པོའི་མོས་མཐུན་བརྒྱུད་གཡུ་ཞུན་གྱིས་བོད་ཡིག་ཏུ་བསྒྱུར།༽
རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།
ད་ལྟ་སུ་ཝེ་ཌེན་ནང་གནས་བཞུགས་རང་དབང་རྩོམ་པ་པོ་དང་། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ལྕམ་མཱོ་ལི་༼མིང་དངོས། མཱོ་ལི་ཧྭ།༽ནི་རྒྱུན་རིང་བོད་དོན་ཐད་རྩོམ་ཡིག་འབྲི་མཁན་ཞིག་དང་། ༼ངྷ་རམ་ས་ལའི་འགྲུལ་བཞུད།༽དང་༼རི་ཞོལ་གྱི་ཕ་རོལ་དེ་བོད།༽ཅེས་པའི་དཔེ་དེབ་སོགས་ཡོད་ལ། ད་ལྟའང་བོད་དོན་ཐད་རྩོམ་ཡིག་མང་པོ་སྤེལ་དང་སྤེལ་མུས་རེད།
ང་ལ་མཚོན་ནས་བཤད་ན། ཞོགས་དུང་ལ་དད་པ་ཡོད་མེད་དང་ནང་ཆོས་ལ་བལྟ་སྟངས་གང་འདྲ་ཡོད་མེད་ནི་གཙོ་བོ་ཞིག་མ་རེད། གལ་སྲིད་ཁོང་གིས་ཆོས་ལུགས་ཀྱི་རིན་ཐང་ཆེ་ལུགས་དང་ཆོས་ལ་དད་པ་ཆེ་ལུགས་བཤད་ཡོད་རྒྱུ་ན་ང་ནི་ཁོང་ལ་ད་ལྟའི་བརྩི་འཇོག་འདི་འདྲ་ཞིག་བྱེད་ས་མ་རེད།
ཞོགས་དུང་གིས་བོད་མི་རིགས་ཀྱི་སེམས་ཁམས་ལ་ནང་ཆོས་ཀྱིས་ཐེབས་པའི་ཤུགས་རྐྱེན་ཅི་ཙམ་ཡོད་པར་ངོས་འཛིན་བྱེད་སྟངས་ལ་འགྱུར་བ་ཐེབས་པ་ལས་ནང་ཆོས་ལ་ལྟ་ཚུལ་འགྱུར་མེད། དེ་ཡང་གནམ་ས་གོ་འབྱེད་ལས་གསལ་པོ་ཤེས་ཐུབ།
གཡུ་ཞུན་གྱིས་རྩོམ་འདི་བསྒྱུར་བ་ལ་ཐུགས་རྗེ་བླ་མེད་ཞུ། ཡིན་ནའང་མའོ་ལིས་ཀྱིས་ཞོགས་དུང་གི་སྐོར་ལ་ཉམས་ཞིབ་བྱས་པས་མ་འདང་ས་མང་གི རྩོམ་ཡིག་འདིར་བལྟ་ཡག་བྱེད་སྐབས། ཞོགས་དུང་སྔོན་མར་ཆོས་ལུགས་ལ་མི་དགའ་མཁན་ཞིག་དང་རྗེས་སུ་དགའ་སོང་བ་ལྟ་བུ་བརྗོད་པ་དེས་ཞོགས་དུང་ལ་རྒྱུས་ཁྱོན་ནས་ལོན་པའི་རྟགས་རེད། དེ་ལྟར་དཔྱད་པ་བཏང་ན་འགྲིག་གི་མི་འདུག ཡིན་ནའང་དགྱ་མོ་དེས་འདི་ལྟར་བརྗོད་འདུག་པ་ཚུར་བསྒྱུར་ནས་ཀློག་མཁན་རྣམས་ཀྱི་དཔྱད་གཞིར་ཕུལ་བ་ནི་ཤིན་ཏུ་ལེགས།
རྒྱ་མོ་འདིས་ཚིག་དུམ་ཁྱེར་ནས་གོ་བླངས་ཤིང་། ཁྱད་ཆོས་གཅིག་གིས་ཁྱད་ཆོས་གཞན་དག་བསྒྲིབས་ཏེ་འགྲེལ་ལོག་བརྒྱབ་འདུག དོན་ངོ་མ་མར་སྐུ་ཞབས་ཞོགས་དུང་ནི་བོད་མངས་ཚོགས་དང་བོད་རིགས་མི་མང་ལ་སྔོན་ནས་སྙིང་ཉེ་ཞིང་ཤ་ཚ་བའི་མི་ཞིག་ཡིན་ལ་ད་དུང་ཡང་དེ་ལྟར་རེད། དེ་ལ་འགྱུར་བ་གང་ཡང་སོང་མེད།
འོན་ཀྱང་བོད་ཀྱི་སངས་རྒྱས་ཆོས་ལུགས་གཞུང་ཤིང་བྱས་པའི་རིག་གནས་དང་། རིག་གནས་དེས་བློས་བསླངས་བྱས་པའི་བོད་པའི་ཕུགས་བསམ་དང་མི་གཤིས་ཀྱི་ཞན་ཆ་མང་པོ་ཐེར་འདོན་སྔོན་ནས་བྱས་ཡོད་ལ་ད་དུང་ཡང་དེ་བཞིན་རེད། མདོར་ན་ཞོགས་དུང་གི་མི་ཆོས་སྨྲ་བ་ཞིག་དང་། འཇིག་རྟེན་པ་ཞིག་སྔོན་ནས་ཡིན་ལ་ད་དུང་དེ་འདྲ་རེད། ཁོང་ད་ནས་ལྷ་ཆོས་པར་གྱུར་སོང་བ་མ་རེད། ཁྱེད་ཀྱིས་ཟུར་ངོས་གཅིག་གིས་ཟུར་ངོས་གཞན་ཐམས་ཅད་ཀྱི་ཚབ་བྱས་ནས་གླེང་འདུག དེ་བདེན་པ་དང་དྲང་པོ་མ་རེད་ཞུ་རྒྱུ་ཡིན།
རང་མིས་བཤད་པ་རྣ་ལ་མི་འགྲོ་ཞིང་གཞན་མི་ཞིག་གིས་བཤད་དུས་ཡོད་ཚད་ལ་བསྟོད་བསྔགས་བྱེད་པའི་བླ་བཙོང་བླ་རྒན་དག་གིས་ཅི་ཞིག་བཤད་ཀྱི་ཡོད་པ་རེད་དམ།
བོན་རྒྱ་ལགས་ཀྱི་གསུངས་པ་བདེན
གང་ལྟར་མི་ཞིག་གི་རང་ཉིད་ཀྱི་ཁེ་གྲགས་ཆེད་གང་ཡང་བྱེད་གི་རེད སྐྱེས་ཕོ་རབ་སྤོབ་པ་གསུམ་ལྡན་ཞེས་པ་ལྟར་རེད གང་ལྟར་ཁོང་བཙོན་འོག་ཏུ་ཚུད་པ་བློ་ཕམ་ཡོད།
ཚེ་ཐག་རིང་རྒྱུ་མ། དངོས་གནས་སྙིང་ལ་རེག་ནས་ཚོར་བས་མྱངས་ནས་བྲིས་ཡོད་ཀི། ཞིབ་འཇུག་གནང་བ་ཕྲ་ཞིང་བརྒྱུད་རིམ་གསལ་བ་ཞིག་བྲིས་ཡོད་ཀི། དངོས་གནས་སྐུ་ཞབས་ཞོགས་དུང་གི་བཙན་པོའི་དཔའ་སྟོབས་ཀྱི་དགོངས་པ་དོར་མེད། ཡིན་ནའང་། (ཁོང་གིས་གཞི་ནས་དེ་སྔོན་མཐའ་གཅིག་ཏུ་ནང་ཆོས་ལ་དགག་སྒྲུབ་བྱས་པའི་ཕྱོགས་ལྷུང་ལྟ་བར་འགྱུར་བ་ཐེབས།)འདི་ཏག་ཏག་ཅིག་བསྡད་ཡོད་མེད་མི་ཤེས་ཀི།