མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངས་ཏཱ་ལའི་རུ་ཚོགས་རྙེད་སྟངས། སྤོབས་པ་མཐའ་ཡས།

བོད་ཀྱི་དུས་བབ།
༢༠༡༠/༠༧/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཏཱ་ལའི་རུ་ཚོགས་ཞེས་པའི་མིང་ཚིག་འདི་ནི་རྒྱ་དམར་གཞུང་གིས་བཟོས་པ་ཞིག་ཡིན། ཏཱ་ལའི་རུ་ཚོགས་ཞེས་པའི་མིང་ཚིག་རང་སྟེང་ནས་བཟང་ངན་གྱི་ཁྱད་པར་གང་ཡང་བསྟན་མེད་མོད་རྒྱ་དམར་གྱིས་མིང་དེའི་འཇུག་ཡུལ་འདི་འདྲ་ཞིག་ལ་ངོས་བཟུང་ཡོད། ཏཱ་ལའི་རུ་ཚོགས་ནི་བོད་ལྗོངས་ཀྱི་མཐོ་རིམ་ལོགས་སྤྱོད་པ་ཆེས་ཉུང་ཤས་ཤིག་གིས་ཀྲུང་གོ་གསར་པས་ཁྱེར་ཡོང་བའི་རང་དབང་དང་བདེ་སྐྱིད་ལ་དང་ལེན་མ་བྱས་ཤིང་སྤྱི་ཚོགས་རྙིང་པར་བསྐྱར་ལོག་བྱེད་ཆེད་དྲག་པོའི་ངོ་ལོག་བསླངས་པ་ལ་ཀྲུང་གོའི་མི་རིགས་ཁག་གིས་རྒོལ་རྡུང་ཕོག་ནས་ཕམ་ཉེས་སུ་སོང་རྗེས་རྒྱ་གར་དུ་བྲོས་སོང་བ་ཞིག་རེད་ཅེས་པ་དེ་རེད། ང་ལ་བདེ་སྐྱིད་དང་རང་དབང་དང་ལེན་བྱེད་འདོད་ཡོད། སྤྱི་ཚོགས་རྙིང་པ་བསྐྱར་གསོ་བྱེད་ཐུབ་མིན་ཡང་མི་ཤེས་ཏེ་གལ་སྲིད་ཐུབ་ན་ཡང་བསྐྱར་གསོ་བྱེད་འདོད་མེད། སྐབས་དེར་ངས་ཏཱ་ལའི་རུ་ཚོགས་ལ་འགྲེལ་བཤད་གཞན་ཞིག་ཤེས་ཀྱིན་མེད་མོད་ང་རང་ཉིད་ཏཱ་ལའི་རུ་ཚོགས་ཀྱི་ཁོངས་སུ་གཏོགས་པ་ཤེས་ཀྱིན་ཡོད།

ང་རང་ཉིད་སྐྱེས་པའི་ཉིན་མོ་ནས་ཏཱ་ལའི་རུ་ཚོགས་ཀྱི་ཁོངས་སུ་གཏོགས་ཕྱིར་ཏཱ་ལའི་རུ་ཚོགས་འཚོལ་རྒྱུ་དང་། ཏཱ་ལའི་རུ་ཚོགས་ཀྱི་རྗེས་སུ་བསྙེག་རྒྱུ། ཏཱ་ལའི་རུ་ཚོགས་ཀྱི་ཁོངས་སུ་ཞུགས་རྒྱུ། མདོར་ན་ཏཱ་ལའི་རུ་ཚོགས་ངའི་ཡིན་ལ་ང་ཏཱ་ལའི་རུ་ཚོགས་པ་ཡིན་པས་མི་ཚེ་འདིར་ཏཱ་ལའི་རུ་ཚོགས་རྙེད་དགོས་པ་ནི་ངའི་གཡོལ་ཐབས་མེད་པའི་རྩ་བའི་ལས་འགན་ཞིག་ཡིན་པ་ཤེས་ཀྱིན་ཡོད། རྒྱུ་རྐྱེན་དེས། རྒྱ་དམར་གྱིས་ཏཱ་ལའི་རུ་ཚོགས་ཟེར་ནས་བགྲང་གིན་བགྲང་གིན་ཏཱ་ལའི་རུ་ཚོགས་ཞེས་པའི་མིང་ཚིག་འདི་ངའི་རྣ་བར་ཆེས་སྙན་པའི་མིང་ཚིག་ཅིག་ཏུ་གྱུར་སོང་། གང་ཡིན་ཞེ་ན་ཏཱ་ལའི་རུ་ཚོགས་ཟེར་བའི་སྐབས་སུ་ཏཱ་ལའི་བླ་མ་སྐུ་རྐྱང་ཞིག་མ་ཡིན་པར་དེ་ལ་རུ་ཚོགས་ཤིག་ཡོད་པ་སྟོན་གྱི་འདུག་སྟབས་ངས་མིང་ཚིག་དེའི་ཤུགས་ལས་གོ་བ་གཞན་ཞིག་རྙེད་ཀྱིན་འདུག མིང་ཚིག་དེས་ང་ལ་སྤོབས་པ་གཞན་ཞིག་སྟེར་གྱིན་འདུག ཡིན་ན་ཡང་སྤུན་ཉེ་རྒན་པ་ཚོའི་རྣ་བར་མིང་ཚིག་དེ་འདོན་མི་རུང་། གང་ཡིན་ཞེ་ན། མིང་ཚིག་དེ་རྒྱ་དམར་གཞུང་གིས་བཟོས་ཕྱིར་ཁོང་ཚོས་མིང་ཚིག་དེས་ཀྱང་ཏཱ་ལའི་བླ་མ་ལ་གུས་བརྩི་མ་བྱས་པའི་མིང་ཚིག་སྡུག་པོ་ཞིག་ཏུ་བརྩི།

ང་རང་ཉིད་ནར་སོན་རྗེས་ངས་སེམས་ཐག་གཙང་བཅད་ཀྱིས་ཏཱ་ལའི་རུ་ཚོགས་འཚོལ་དུ་འགྲོ་རྒྱུ་བྱས། ངས་མཛའ་བརྩེས་འབྲེལ་བའི་ནང་མི་དང་ཉེ་གྲོགས། མཛེས་ཤིང་བརྗིད་པའི་ཕ་ཡུལ་གྱི་རི་ལུང་ཚང་མ་རྒྱབ་ཏུ་བཞག་ནས་ཏཱ་ལའི་རུ་ཚོགས་ཀྱི་རྐང་རྗེས་བཙལ། དེ་ནི་ངའི་མི་ཚེ་འདིའི་ཆེས་རླབས་ཆེན་གྱི་ཆོད་སེམས་ཤིག་དང་། ཆེས་ཕུལ་དུ་བྱུང་བའི་སྙིང་སྟོབས་ཤིག ཆེས་དྭངས་ཤིང་གཙང་བའི་ལ་རྒྱ་ཞིག་ཡིན་པས་ང་ལ་ནམ་ཡང་སྤོབས་པ་སྐྱེས་བཞིན་འདུག འདི་ནི་ངས་རང་གི་ཕ་མེས་ཡང་མེས་ལ་བསྒྲུབས་པའི་ཞབས་འདེགས་ཤིག་ཡིན། འདི་ནི་ངས་རང་གི་བུ་རབས་ཚ་རྒྱུད་ལ་བསྟན་པའི་མིག་དཔེ་ཞིག་ཡིན། འདི་ནི་ངའི་མི་ཚེ་འདིའི་ཆེས་གཟི་བརྗིད་ཅན་གྱི་ལངས་ཕྱོགས་མ་ནོར་བ་ཞིག་ཡིན།

ངས་ཏཱ་ལའི་རུ་ཚོགས་འཚོལ་དུ་འགྲོ་བའི་ཉིན་མོ་དེར་ང་ལ་དངུལ་མེད། ང་ལ་ཤེས་ཡོན་མེད། ང་ལ་ལམ་ཡིག་མེད། ང་ལ་ཡོད་པ་དེ་ནི་ཆོད་སེམས་བརྟན་པོ་ཞིག་དང་དད་པ་གཙང་མ་ཞིག་ཁོ་ན་རེད། ངས་ཆོད་སེམས་དེ་དང་དད་པ་དེ་ཁྱེར་ནས་ཡོང་སྟབས་ང་སུས་ཀྱང་འགོག་མ་ཐུབ་པར་ཏཱ་ལའི་རུ་ཚོགས་དང་ཐག་ཇེ་ཉེར་སོང་། ངས་རྒྱལ་བ་རིན་པོ་ཆེའི་གསེར་ཞལ་འཇལ། སྣེ་ལེན་ཁང་གི་གསོལ་རས་བླངས། གངས་ཅན་སྐྱིད་གཤོངས་ཀྱི་སྤྱི་ཐབ་འགྲིམས། ཡིན་ན་ཡང་རྒྱ་ནག་གིས་བཤད་པའི་འཇིག་རྟེན་རྙིང་བར་བསྐྱར་ལོག་རྒྱག་འདོད་མཁན་གྱི་ཏཱ་ལའི་རུ་ཚོགས་དེ་ངས་མ་རྙེད། ཡིན་ན་ཡང་ངའི་སེམས་ནང་གི་ཏཱ་ལའི་རུ་ཚོགས་དེ་རྙེད་པས་ངའི་སེམས་བདེ་ལ་བབ། དོན་དངོས་སུ་ངས་ཏཱ་ལའི་རུ་ཚོགས་ངོ་མ་ཞིག་རྙེད་མི་འདུག ཏཱ་ལའི་རུ་ཚོགས་ངོ་མ་རྙེད་མཁན་དེ་རྒྱ་དམར་གཞུང་རེད། ད་ལྟ་རྒྱ་དམར་གྱིས་ཏཱ་ལའི་རུ་ཚོགས་ཀྱི་ཁྱབ་ཁོངས་རྒྱ་སྐྱེད་ཀྱིན་འདུག ཏཱ་ལའི་རུ་ཚོགས་ནི་རྒྱ་གར་དུ་ཡོད་པའི་མི་སྣ་ཉུང་ཤས་ཤིག་མ་རེད། ཏཱ་ལའི་རུ་ཚོགས་ཀྱི་ཁྱབ་ཁོངས་གཙོ་བོ་བོད་ན་འདུག ཏཱ་ལའི་རུ་ཚོགས་ནི་མཐོ་རིམ་ལོག་སྤྱོད་པ་ཆེས་ཉུང་ཤས་ཤིག་མ་རེད། ཏཱ་ལའི་རུ་ཚོགས་ནི་ལས་རིགས་དང་གྲལ་རིམ་གྱི་དབྱེ་བས་མ་ཕྱེས་པའི་སྤྱི་ཚོགས་ཆེན་པོ་ཞིག་རེད། སྔོན་མ་ཡིན་ན་རྒྱ་དམར་གཞུང་གིས་ཏཱ་ལའི་རུ་ཚོགས་རེད་ཟེར་ནས་གྲྭ་བ་དང་བཙུན་མ་ཁ་ཤས་རེ་ལ་ལག་ལྕགས་བརྒྱབ་ནས་ཁྲོམ་སྐོར་དུ་འཁྲིད་པ་མཐོང་མྱོང་། ད་ལྟའི་ཏཱ་ལའི་རུ་ཚོགས་ཀྱི་ཁོངས་སུ་ཕལ་ཆེར་བོད་མི་ས་ཡ་དྲུག་པོ་མ་ཟད་ཉིན་ཞིག་རྒྱ་མི་དུང་ཕྱུར་བཅུ་གཉིས་པོ་ཡང་ཚུད་རྒྱུ་ཡིན་པ་འདྲ། དེ་རིང་ཁ་སང་། ཏཱ་ལའི་རུ་ཚོགས་ཀྱི་ཁྱབ་ཁོངས་ཇེ་ཆེར་གྱུར་ཏེ་དབུས་གཙང་ནས་ཞིང་པ་བཟུང་འགྲོ་གིན་འདུག ཨ་མདོ་བའི་མཁས་པ་བཟུང་འགྲོ་གིན་འདུག ཁམས་པའི་ཚོང་པ་བཟུང་འགྲོ་གིན་འདུག ལྷ་ས་ནས་སློབ་ཆེན་པ་བཟུང་འགྲོ་གིན་འདུག སེ་ར་ནས་སེར་མོ་བ་བཟུང་འགྲོ་གིན་འདུག བསམ་ཡས་ནས་འཚམས་པ་བཟུང་འགྲོ་གིན་འདུག ལི་ཐང་གི་འབྲོག་པ་བཟུང་འགྲོ་གིན་འདུག གཅན་ཚའི་རོང་བ་བཟུང་འགྲོ་གིན་འདུག དཀར་མཛེས་ནས་བཙུན་མ་བཟུང་འགྲོ་གིན་འདུག རྔ་བ་ནས་དགེ་རྒན་བཟུང་འགྲོ་གིན་འདུག གསེར་རྟ་ནས་སྤྲུལ་སྐུ་བཟུང་འགྲོ་གིན་འདུག བོད་ཁྱོན་ཡོངས་ནས་བླ་མ་བཟུང་འགྲོ་གིན་འདུག པེ་ཅིང་གི་ཁྲིམས་རྩོད་པ་བཟུང་འགྲོ་གིན་འདུག ཟི་ལིང་ནས་གླུ་མ་བཟུང་འགྲོ་གིན་འདུག  ཁྲིན་ཏུ་ནས་གླུ་བ་བཟུང་འགྲོ་གིན་འདུག ནུབ་ཕྱོགས་པའི་ལྟ་སྐོར་བ་བཟུང་འགྲོ་གིན་འདུག ཐའེ་ཝན་གྱི་གསར་འགོད་པ་བཟུང་འགྲོ་གིན་འདུག ཐ་ན་ནག་ཆུ་དང་རྨ་ཆུའི་བྱིས་པ་ཚོ་དང་ལྷ་སའི་བར་སྐོར་ནང་གི་སྤྲང་པོ་ཚོ་ཡང་བཟུང་འགྲོ་བ་སོགས་མདོར་ན་འདི་འཛིན་དང་འདི་མི་འཛིན་གྱི་ཁྱད་པར་ཞིག་དང་ས་མཚམས་ཤིག་མི་འདུག དེ་ཚོ་ཚང་མ་ཏཱ་ལའི་རུ་ཚོགས་ཡིན་སྟབས་བརྡུང་བརྡེག་བྱ་རྒྱུ་ཡིན་ཟེར། འདི་ཚོ་ཚང་མ་ཏཱ་ལའི་རུ་ཚོགས་ཡིན་ན་ད་ནི་རྒྱ་དམར་གཞུང་གིས་ཏཱ་ལའི་རུ་ཚོགས་ཀྱི་མིང་ཚིག་དེ་ལ་ཡང་འགྲེལ་བཤད་གསར་པ་ཞིག་རྒྱག་རན་འདུག

ཏཱ་ལའི་རུ་ཚོགས་ཀྱི་མིང་ཚིག་གི་འགྲེལ་བཤད་ནི་ཤིན་ཏུ་སྟབས་བདེ་ཞིག་རེད། དེ་ནི་ཞི་བདེ་དང་རང་དབང་ལྡན་པའི་ཁྱིམ་གཞི་ཞིག་གི་ཆེད་དུ་འཐབ་རྩོད་བྱེད་བཞིན་པའི་སྤྱི་ཚོགས་ཆེན་པོ་ཞིག་ཡིན། འདི་ནི་འཚེ་བ་མེད་པའི་ལྟ་གྲུབ་ལ་གཞི་བཅོལ་བའི་རྒྱལ་སྤྱིའི་ལས་འགུལ་ཆེན་པོ་ཞིག་ཡིན། འདི་ནི་ཞི་བདེ་དང་རང་དབང་གི་དེད་དཔོན་ཆེན་པོ་རྒྱལ་བའི་དབང་པོ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་དབུ་ཁྲིད་པའི་འགྲོ་བ་མིའི་རིགས་ལ་བདེ་སྐྱིད་ཀྱི་ལམ་སྣ་སྟོན་པའི་སྒྲིག་འཛུགས་ཆེན་པོ་ཞིག་རེད། དེ་ནི་ངས་ཏཱ་ལའི་རུ་ཚོགས་རྙེད་སྟངས་ཤིག་རེད་ལ་ང་ཏཱ་ལའི་རུ་ཚོགས་པ་ཡིན་པའི་སྤོབས་པ་ཡང་རེད།

༼རྒྱལ་བ་རིན་པོ་ཆེ་དགུང་ལོ་དོན་ལྔར་ཕེབས་པའི་འཁྲུངས་སྐར་དུས་ཆེན་དགའ་སྐྱོ་འདྲེས་མའི་མིག་ཆུ་ཆད་མེད་དུ་འབབ་བཞིན་བྲིས༽

འབྲེལ་ཡོད་གསར་འགྱུར།

This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

ཆུ་ཚོད་ ༩ སྔོན་ལ།
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིག་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

ཆུ་ཚོད་ ༩ སྔོན་ལ།
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

ཆུ་ཚོད་ ༡༡ སྔོན་ལ།
TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

༢༠༢༦/༠༤/༠༦
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

༢༠༢༦/༠༤/༠༦
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣

མཆན། 26

  1. རོང་རྒྱལ་ཐང༌། says:
    ལོ་ 16 སྔོན།

    བྱེས་འབྱོར་བོད་ཀྱི་རྩོམ་པ་པོ་རྣམས་ལ་ཞུ་རྒྱུ།

    དགོངས་མངའ་བཞིན་བོད་ཀྱི་རྩ་དོན་འདས་མ་ད་གསུམ་ལ་རྒྱ་ནག་གིས་འཁྱོག་བཤད་དང་རྫུན་བཟོ། ཆེས་བླ་ན་མ་མཆིས་པའི་གོང་ས་མཆོག་ལ་མཚན་དམོད་སོགས་ལ་ལོ་རྒྱུས་དང་ཆབ་སྲིད། མིང་དོན་མཚུངས་པའི་རྩོམ་ཡིག་གིས་དགག་རྒྱག་གི་ལན་འདེབས་རྒྱུ་ནི་ད་ལྟའི་ཆར་ཁ་ཚ་དགོས་གཏུགས་ཀྱི་ལས་གཞི་ཞིག་ཡིན་ལ། ད་ཐེངས་རྩོམ་པ་པོ་སྤོབས་པ་མཐའ་ཡས་ལགས་ཀྱིས་རྒྱ་ནག་གིས་ནམ་རྒྱུན་དྲིལ་བསྒྲགས་དང་རྩོམ་ཡིག་སོགས་སུ་བྲིས་པའི་ཏཱ་ལའི་རི་ཚོགས་ཟེར་བར་དགའ་རྒྱག་གིས༼ངས་ཏཱ་ལའི་རུ་ཚོགས་རྙེད་སྟངས་སྐོར༽བརྩམས་གནང་་འདུག་པར་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་དགའ་སྤོབས་གཉིས་ཀ་སྐྱེས། ཡིན་ཡང༌། རྩོམ་པ་པོ་མི་རེ་ངོ་རེ་ནས་འདི་ལྟ་བུའི་རྒྱ་ནག་གིས་བཏོན་པའི་རྩོམ་ཡིག་ཁག་ལ་ལན་འདེབས་བྱ་རྒྱུ་ནི་བོད་ཀྱི་རྩ་དོན་དང་སོ་སོའི་ཕྲག་སྟེང་ལ་བབ་ཡོད་པའི་ལས་འགན་གལ་ཆེན་ཞིག་ཡིན་པ་དགོངས་འཇགས་ཞུ།།

    Reply
  2. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    ང་དང་འདྲ་བར་ཁྱེད་ཚོ་ལ་ཡང་ཏཱ་ལའི་རུ་ཚོགས་རྙེད་པའི་གཏམ་རྒྱུད་རེ་དང་སྤོབས་པ་རེ་ཡོད་ངེས་པས་གསུངས་རོགས།

    Reply
  3. རིན་ཆེན་རིལ་བུ། says:
    ལོ་ 16 སྔོན།

    འདིར་རྩོམ་ཡིག་གི་བཟོ་འདྲ་བོ་ཞིག་ཡོང་གིན་འདུག ཅུང་ཀློག་རིན་ཡོད་ལ་རྒྱ་ཡིག་ཏུ་བསྒྱུར་ནས་རྒྱ་རིགས་ཚོར་བསྟན་ནའང་སྟོན་རིན་ཞིག་འདུག་སྙམ།

    Reply
  4. ཁང་གསར་རྡོ་རྗེ། says:
    ལོ་ 16 སྔོན།

    ཉེ་དུས་བཀླགས་པའི་རྩོམ་ཡིག་ཁག་གི་ནང་ནས་ལེགས་ཤོས་ཤིག་འདི་ཡིན།

    Reply
  5. བཟོད་པ་ལྷ་རྩེ། says:
    ལོ་ 16 སྔོན།

    གཤམ་གྱི་དྲྭ་གྲོགས་མཆན་འདེབས་པོ་དག་ལ་སྨྲས་པ།

    ལུང་ཁུག་འབྲོག་སྐད་ཕྱོགས་ལ་ཞེན་པ་དེ་ཆེ་བས།
    ཡུལ་སྐད་ཧྲག་གེ་ལྟ་བུ་བྲི་ཐལ་དེ་མང་ན།
    གཅིག་འགྱུར་བརྡ་སྤྲོད་ནུས་པར་ལྟོར་ཞིག་ཏུ་འགྲོ་བས།
    དྲང་དབང་རྣམས་པས་བརྡ་སྤྲོད་ཐུགས་དཀྱིལ་དུ་བཟུང་རོགས།

    Reply
  6. བཟོད་པ་ལྷ་རྩེ། says:
    ལོ་ 16 སྔོན།

    ང་ཡང་ཏཱ་ལའི་རུ་ཚོགས་ཡིན་ན་ཡང་།
    རང་གི་རིགས་ལ་ཞེན་པ་ཙམ་ཞིག་ལས།
    གཞན་ལ་གནོད་པའི་འབྱོར་བ་མི་རྩོམ་ཞེས།
    ཏཱ་ལ་བླ་མ་ཚད་དུ་བཙུགས་ཀྱང་ཆོག

    Reply
  7. ཨ་འཇིགས། says:
    ལོ་ 16 སྔོན།

    རྩོམ་ཡིོག་གི་ཁ་བྱང་མཐོང་བ་ཙམ་ཀྱིས། ད་ཡང་བོད་ཀྱི་དགོན་པ་དང་གྲྭ་པའི་སྐོར་ལ་ཟུར་ཟའི་རྩོམ་ཡིག་ཅིག་སླེབས་འདུག་ཨང་བསམ་བཞིན་ཀློག་པ་ཡིན་མོད། དེ་ལས་ལྡོག་སྟེ་ཁ་ཕར་མ་སྐོར་བར་རང་ཉིད་ལ་སྐོར་ཏེ་བྲིས་པའི་རྩོམ་ཡིག་བློ་འབབ་ཅིག་རེད། རྒྱ་གཞུང་གིས་ཏཱ་ལའི་རུ་ཚོགས་ཞེས་སྐྱོན་འདོགས་དང་སྡིག་དམོད་བྱས་བྱས་ཉིད་ཀྱིས། མིང་ཚིག་འདི་མཐོང་དུས་བདེ་པོ་ཞེ་དྲག་མ་བྱུང༌། ག་ལེར་རྩོམ་ཡིག་འདི་ཀློག་པས་དེ་ཡང་ཧ་ཅང་སྙན་པོ་དང་བདེ་བདེ་འདྲ་ཞིག་འདུག མུ་མཐུད་དུ་འདི་ལྟའི་རྩོམ་ཡིག་སྤེལ་རོགས་གནང༌། ཁྱོད་ཀྱི་གདམ་ཀ་དེ་ནི་ངོ་མ་རླབས་ཆེན་གྱི་ཆོད་སེམས་ཤིག་དང༌། ཕུལ་དུ་བྱུང་བའི་སྙིང་སྟོབས་ཤིག དྭངས་གཙང་གི་ལ་རྒྱ་ཞིག་ཀྱང་རེད་ལ། ཁྱོད་ཀྱི་མི་ཚེའི་གཟི་བརྗོད་དུ་ཡང་ངོ་མ་བརྩི་རུང་བ་ཞིག་རེད། ཅེས་ངས་ཀྱང་བསྔགས་བརྗོད་དང་གུས་བརྩི་ཞུ་བཞིན་ཡོད།

    Reply
  8. གནས་ཚང་། says:
    ལོ་ 16 སྔོན།

    ཁ་སང་མཆན་ཞིག་བཞག་ཡོད། ལྷག་བསམ་རྣམ་དག་གིས་བསམ་གཞིགས་བྱེད་དགོས་ས་འགའ་ལོགས་སུ་བཏོན་ཡོད་མོད། བསྟོད་པ་ལས་མི་དགོས་པའི་སྤྱི་ཚོགས་ཤིག ཤན་འབྱེད་མི་ཤེས་པའི་རྩོམ་སྒྲིག་པ་སྐོར་ཞིག འུད་བསྟོད་ཀྱི་ཁྲོད་ནས་ཡལ་བཞིན་པའི་འཇིགས་ཉེན་ཞིག ད་ཡིན་ན་ཤི་རྒྱུར་སྒུག་པ་ལས་ལྷག་མི་འདུག ས་དང་གནམ། སྣོད་བཅུད་ཆ་ཚང་ཏཱ་ལའི་རུ་ཚོགས་ཀྱི་ཡིན་པར་སྨོན། ཨམ་སྐད་ལྟར་བཤད་ན། གཏན་དུ་བདེ་མོ་བྱོས།

    Reply
  9. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 16 སྔོན།

    ཐུགས་རྗེ་ཆེ། དོན་དང་ལྡན་པའི་རྩོམ་ཞིག་བྲིས་འདུག
    ____ཏཱ་ལའི་རུ་ཚོགས་པ་ཡོངས་ཀྱིས་ཚབ་བྱས་ནས་ཏཱ་ལའི་རུ་ཚོགས་ཀྱི་བུ་རྒོད་སྤོབས་པ་མཐའ་ཡས་ཁྱོད་ལ་ཐུགརྗེ་ཆེ་ཞུ།

    Reply
  10. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    གྲོགས་པོ་མང་པོ་ཞིག་གིས་བསྔགས་བརྗོད་གནང་བར་ཐུགས་རྗེ་ཆེ། སྤྱིར་ན་ངས་ཏཱ་ལའི་རུ་ཚོགས་ཟེར་བའི་མིང་ཚིག་དེ་འདིར་འབྲི་དུས་བསྟོད་མི་ཤེས་པ་ཞིག་བསྟོད་པ་ལས་སྨད་མི་ཤེས་པ་ཞིག་གིས་སྨད་ན་དགའ་ཟེར་བ་ལྟར་གྱུར་ནས་གྲོགས་པོ་རེ་ཟུང་གིས་བཀའ་བཀྱོན་རེ་གནང་མི་ཡོང་ངམ་སྙམ་པའི་དོག་པ་ཞིག་ཀྱང་སྐྱེས། འདི་ལ་ཚིག་སྦྱོར་དང་རྒྱུ་རྩལ་སོགས་ལྟ་ཉན་གང་ཡང་མེད་མོད་སེམས་གཏིང་གི་ཚོར་བ་ཞིག་མིག་ཆུ་དང་ལྷན་དུ་ཕྱིར་བཞུར་བའི་རིན་ཐང་ཆུད་ཟོས་སུ་མ་སོང་བ་ལ་སེམས་གཏིང་ནས་དགའ་མགུ་ཡི་རང་གི་ཚོར་བ་ཞིག་སྐྱེས་བྱུང་། ཐུགས་རྗེ་ཆེ། ང་ཚོ་འདི་ལྟ་བུའི་དུང་སེམས་ཟབ་མོ་ཞིག་གིས་འབྲེལ་ནས་ཡོད་སྟབས་གཅེས་སུ་འོས་པའི་ཏཱ་ལའི་རུ་ཚོགས་ཆེན་པོ་ཞིག་ཆགས་ཐུབ་པ་རེད།

    Reply
  11. ཨ་ནུ་ཐང་བསོད་ནམས says:
    ལོ་ 16 སྔོན།

    ཧ་ཧ། ཁ་སང་སྐུ་ཉིད་ཀྱིས་ཆོས་ཉིད་ཀྱིས་སྒོ་རྡུང་ཞེས་བ་མཆན་བཀོད་སྐབས་ཕྲན་སེམས་སུ་ཉིད་ལ་རྩོམ་ཡིག་ཀློག་པའི་ཤེས་ཚད་མི་འདུག་སྙམ་ནས་བསྐྱར་འགྲེལ་ཡང་འགྲེལ་བྱས་ཀྱང་། ད་ལྟའི་རྩོམ་འདི་མཐོང་བས་དེ་ནི་ངལ་བའི་རྒྱུ་ཞིག་ཡིན་པ་གཞི་ནས་རྟོགས། གོ་བ་ལོག་པ་དགོངས་དག་ཞུ། རྩོམ་བཟང་གནང་བ་ཐུགས་རྗེ་ཆེ།

    Reply
  12. སྟག་སྨྱོན། says:
    ལོ་ 16 སྔོན།

    ཆ་ཚང་ཀློག་པ་ཡིན། པཎ་ཆེན་བླ་མ་བཙོན་དུ་བཞུགས། བཙོན་ནས་གྲོལ། སླར་ཡང་སྐུ་སྲོག་མ་ཤོར་གྱི་བར་དུ་ང་ཚོ་ཏྭ་ལའི་རུ་ཚོགས་ཀྱི་ཚོགས་གཞོན་དང། ཏྰ་ལའི་རུ་ཚོགས་ཀྱི་དཔུང་ཤུགས་ཆེ་ཤོས་དེ་པེ་ཅིན་དུ་བཞུགས་ནས་པེ་ཅིན་ལ་འཐབ་པ་རེད། ༡༨༨༩ ནས་བཟུང་པེ་ཅིན་དུ་ཏྰ་ལའི་རུ་ཚོགས་ཀྱི་ཚོགས་མི་ཡིན་འོས་པའི་བོད་རིགས་དཔོན་པོའི་མིང་ཅན་ཁ་ཤས་ཡོད་པ་རྒྱགས་དྲགས་ནས་པེ་ཅིན་རུ་ཚོགས་སུ་གྱུར་ཟིན་པའམ། ཡང་ན་པེ་ཅིན་རུ་ཚོགས་ལ་ཞེད་ཐག་ཆོད་ཚར་བ་གང་ལྟར་ཡང་པེ་ཅིན་གྱི་བོད་རིགས་མཐོ་རིམ་སྤྱི་ཚོགས་ནང་གྲགས་འགུལ་མེད་པ་ཆགས་སོང་། དེ་མིན་ཁྱེད་ཀྱི་བཤད་བཞིན་ང་ཚོའི་ཚོགས་མི་མེད་ས་མེད། འོ་རེད། པེ་ཅིན་ཏྰ་ལའི་རུ་ཚོགས་ལ་དགའ་བའི་སློབ་ཕྲུག་ཡོད་པ་མ་ཟད། ད་དུང་མིང་གྲགས་ཅན་གྱི་ཏྰ་ལའི་ཚོགས་མི་གཅིག་ཡོད་པ་རེད། དེ་ནི་བོད་ཀྱི་བུ་མོ་འོད་ཟེར་མ་རེད་དམ།

    Reply
  13. རི་བོང། says:
    ལོ་ 16 སྔོན།

    ཆ་ཚང་བཀླགས་པ་ཡིན། ཡག་རབས་བརྒྱན་རབས་ཚང་མས་བཤད་ཟིན་པས། གཤིས་ཀི་ཧྲ་གི་འདི་མ་གཏོགས། ངས་ཁ་སྣོན་ཅང་རྒྱག་ཤེས་མ་སོང་།

    Reply
  14. ཇ་མ་ says:
    ལོ་ 16 སྔོན།

    སྤོབས་པ་མཐའ་ཡས་ལགས།
    ཁྱེད་ཀྱི་རྩོམ་རྩལ་ནི་ཧ་ལས་ཞིག་འདུག སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། ཁྱེད་ཀྱི་ངའི་ཤ་གསང་རུས་གསང་གི་བརྗོད་འདོད་ཀྱི་ཡང་བཅུད་ཡོད་ཚད་དྲ་ཐོག་ལ་ཕབ་འདུག

    Reply
  15. གླང་དར་མ། says:
    ལོ་ 16 སྔོན།

    གཏམ་བཟང་ཡོད་གཏམ་བཟང་སེང་རྡོར་དྲ་རྒྱ་འདས་ལོག་འཁྲུངས་འདུག་ http://www.sangdhor.com/

    Reply
  16. kunsal says:
    ལོ་ 16 སྔོན།

    སྤོབས་པ་མཐའ་ཡས་ལགས་ནས་རྩོམ་དོན་དང་ལྡན་པ་ཞིག་བྲིས་འདུག་པས་མིང་དོན་མཚུངས་འདུག ཐུགས་རྗེ་ཆེ། མ་འོངས་པར་ཡང་འདི་ལྟ་བུ་མང་ཙམ་འབྲི་བའི་རེ་བ་ཡོད།

    Reply
  17. གནས་ཚང་། says:
    ལོ་ 16 སྔོན།

    ད་ཡིན་ན། མི་ཚང་མས་སེམས་ཁྲལ་བྱེད་ཀྱིན་པ་དེ་ཐོན་ཤག འདི་ལྟར་ཡོང་བ་ཞིག་ཡིད་ལའང་ཤར་མེད། ཡིན་ནའི་ཡག་པོ་རེད། དོན་ལ་རྒྱ་ནག་གཞུང་གི་ཁྲིམས་ཐོག་ཏུ༼ཏཱ་ལའི་རུ་ཚོགས་ནི་བོད་ལྗོངས་ཀྱི་མཐོ་རིམ་ལོགས་སྤྱོད་པ་ཆེས་ཉུང་ཤས་ཤིག་གིས་ཀྲུང་གོ་གསར་པས་ཁྱེར་ཡོང་བའི་རང་དབང་དང་བདེ་སྐྱིད་ལ་དང་ལེན་མ་བྱས་ཤིང་སྤྱི་ཚོགས་རྙིང་པར་བསྐྱར་ལོག་བྱེད་ཆེད་དྲག་པོའི་ངོ་ལོག་བསླངས་པ་ལ་ཀྲུང་གོའི་མི་རིགས་ཁག་གིས་རྒོལ་རྡུང་ཕོག་ནས་ཕམ་ཉེས་སུ་སོང་རྗེས་རྒྱ་གར་དུ་བྲོས་སོང་བ་ཞིག་རེད་ཅེས་པ་དེ་རེད། ༽ལ་འགྱུར་བ་གང་ཡང་སོང་མེད། དེའི་སྟབས་ཀྱིས་རྩ་ཁྲིམས་འོག་ཏུ་རྗེས་ཀྱི་བཤད་སྟངས་འདི་རིགས་མེད་ལ། འདི་ནི་ཟིན་བྲིས་པ་ཁ་ཤས་ཤིག་གི་རང་གཞན་གཉིས་ཀའི་མགོ་བསྐོར་བྱེད་ཀྱི་འགྲེལ་སྟངས་ཤིག་རེད། འོག་གི་དྲི་བ་འདི་དག་ལ་གྲོས་བསྡུར་མི་བྱེད་ག་མེད་རེད་འདོད།
    ༡ ཏཱ་ལའི་རུ་ཚོགས་དང་ཡུལ་གྱར་སྒྲིག་འཛུགས་གཅིག་པ་རེད་དམ།
    ༢ རུ་གཙོ་མེད་ཉིན་རུ་ཚོགས་འཐོར་བའི་ཁྱབ་བམ།
    ༣ བོད་ལ་རུ་ཚོགས་ག་ཚད་ཅིག་ཡོང་ཉེན་ཡོད་དམ།
    ༤ རུ་ཚོགས་གང་གིས་བོད་ཀྱི་ཚབ་བྱེད་ཀྱི་རེད་དམ།

    Reply
  18. སྤྲོ་ཚིགས་དགེ་འདུན says:
    ལོ་ 16 སྔོན།

    ་ངོ་མ་སྙན་མོ་ཞིག་བྲིས་འདུག་ སྤོབས་པ་ལགས་ཐུགས་རྗེ་ཆེ།
    ཏཱ་ལའི་རུ་ཚོགས་ཞེས་པ་འདི་གཉིས་སྨན་དབུ་མའི་ལམ་གྱི་ཁྱབ་ཚད་དུ་འདོད།

    Reply
  19. བསེ་རུ། says:
    ལོ་ 16 སྔོན།

    སྤོབས་པས་བཙལ་ཅིང་རྙེད་པའི་རུ་ཚོགས་དང་།།
    རྒྱ་ཡིས་ཧོལ་གྱིས་སྨྲས་པའི་རུ་ཚོགས་གཉིས།།
    དམིགས་ས་གཅིག་ཀྱང་གོ་ཚུལ་མི་འདྲ་སྟེ།།
    རྙེད་སྟངས་ཞིབ་པར་བརྗོད་པར་ཅིས་མི་བསྟོད།།

    Reply
  20. དགྲ་ལྷ་རྩེ་རྒྱལ། says:
    ལོ་ 16 སྔོན།

    སྤོབས་པ་མཐའ་ཡས་ཀྱི་རྩོམ་དེ་སྙན་པ་ལ། ངོ་མ་རྒྱུ་མཚན་འདུག ཐུགས་རྗེ་ཆེ།

    ཏཱ་ལའི་རུ་ཚོགས་དེ་མེ་ལྕེ་ཞིག་དང་འདྲ་བས་ཕྱོགས་བཞི་མཚམས་བརྒྱད་དུ་མཆེད་བཞིན་ཡོད། ཏཱ་ལའི་རུ་ཚོགས་དེ་ཉིད་ཉི་མ་དང་འདྲ་བས་འོད་སྣང་འཕྲོ་བཞིན་ཡོད། ཏཱ་ལའི་རུ་ཚོགས་དེ་ཉིད་རྡོ་རྗེ་ཕ་ལམ་གྱི་རི་བོ་དང་འདྲ་བས་སྲ་མཁྲེགས་སུ་གནས་ཡོད། ཏཱ་ལའི་རུ་ཚོགས་དེ་ཉིད་མེ་ཏོག་དང་འདྲ་བས་གང་སར་དྲི་ཞིམ་གྱིས་ཁྱབ་ཡོད། ཏཱ་ལའི་རུ་ཚོགས་དེ་ཉིད་བདེན་པའི་རུ་ཚོགས་ཤིག་ཡིན་པས་ནམ་ཡང་ནུབ་མི་སྲིད།
    མདོར་ན། ཏཱ་ལའི་རུ་ཚོགས་ལ་རྡུང་རྡེག་གཏོང་བ་ནི་ཐལ་བ་རང་ཉིད་ཀྱི་མགོ་ལ་བཤོས་པ་དང་འདྲའོ།།

    Reply
  21. ལྷ་ཆབ་སྦྱིན་པ། says:
    ལོ་ 16 སྔོན།

    ལུང་རིགས་རྒྱལ་གྱིས་གསུང་བ་བཞིན་དགྱ་ནག་ཁོ་རང་ཚང་རང་མ་གཏོགས་གཞན་དག་ནི་ཏཱ་ལའི་རུ་ཚོགས་ཡིན།

    མདོར་བསྡུས་ན་ཏཱ་ལའི་རུ་ཚོགས་ཀྱིས་ས་སྟེང་ཁྱབ་ཡོད།

    Reply
  22. བློ་བཟང་དཔལ་ལྡན། says:
    ལོ་ 16 སྔོན།

    དྲ་གྲོགས་སྤོབས་པ་མཐའ་ཡས་ལགས། དགའ་སྐྱོ་འདྲེས་མའི་མིག་ཆུ་ཆད་མེད་དུ་འབབ་བཞིན་བཀླགས་པ་ཡིན་ཐུགས་རྗེ་ཆེ།

    Reply
  23. ཞྭ་ནག་བློ་གྲོས། says:
    ལོ་ 16 སྔོན།

    བཀུར་འོས་སྤོབས་པ་མཐའ་ཡས་ལགས།

    རྩོམ་འདི་བཀླགས་པ་ཡིན། ཉིད་ཀྱི་དཔྱད་སྟོབས་དང་རྩོམ་རྩལ་ལ་རྗེས་སུ་ཡི་རང་དང་བཅས་ཏེ་ཡོད། འདིར་རང་ཉིད་ཀྱི་བསམ་ཚུལ་ཞིག་ཀྱང་སྣོན་འདེབས་སུ་འབུལ་འདོད་བྱུང། དེ་ནི་གཤམ་གྱི་འདི་ལགས།

    རྒྱ་ནག་གཞུང་འདིས། ལོ་ལྔ་བཅུ་ང་གཅིག་གི་རིང་ལ། ཏཱ་ལའི་རུ་ཚོགས་ལ་དགག་རྒྱག་ཚོགས་འདུ་ཟེར་བ་འཚོགས་ཡོད། ཏཱ་ལའི་རུ་ཚོགས་དམིགས་འབེན་དུ་བཟུང་བའི་ཁ་གཏད་གྲ་སྒྲིག་ཟེར་བ་བྱས་ཡོད། ཏཱ་ལའི་རུ་ཚོགས་ཀྱི་ངན་སྐུལ་ཟིང་སློང་ལ་དམ་དྲག་ལས་འགུལ་ཟེར་བ་སྤེལ་ཡོད། འདི་འདྲའི་བྱ་འགུལ་དག་གི་གཟས་སྒོ་མདོར་བསྡུས་ན། སྤོབས་པ་མཐའ་ཡས་ལགས་ཉིད་ཀྱིས་བསྟན་པའི་འདུས་མདོ་སྟེ། ལོག་སྤྱོད་ཕྱོགས་ཁག་ཅེས་པའི་མིང་ཐོག་ནས་ང་དགུ་ལོའི་ཡུལ་བྱོལ་མང་ཚོགས་དང་། དེ་ནས་རིམ་པས་བོད་མི་ས་ཡ་དྲུག ད་ཆར་རྒྱལ་སྤྱིའི་རྒྱ་རྒོལ་སྟོབས་ཤུགས་ཟེར་བའི་བར་དུ་ཁྱབ་པའི་དྲང་བདེན་ལ་འཇུག་མཁན་ཡོངས། དྲང་བདེན་གཙིགས་སུ་བྱེད་པ་རྒྱ་རིགས་ཤེས་ཡོན་ཅན་སྟོང་ཕྲག་མང་པོ་བཅས་ལ་ད་ཆར་ཏཱ་ལའི་རུ་ཚོགས་སུ་བལྟ་ཡི་ཡོད།

    ཏཱ་ལའི་རུ་ཚོགས་ཀྱི་སྟོབས་ཤུགས་དང་ཁྱབ་ཁོངས་ལ་རྒོལ་བའི་སྒྲིག་འཛུགས་ཀྱི་དབང་དུ་བྱས་ན། རྒྱ་ནག་གཞུང་གི་དམག་སྒར་ཆེ་ཁག་གསུམ་གྱི་ཁ་གཏད་བྱ་ཡུལ་གཙོ་བོ་དེ་བོད་ཆོལ་ཁ་གསུམ་ཆགས་ཡོད། ལྗོངས་དང་ཞིང་ཆེན། ཁུལ་དང་རྫོང་། ཡུལ་ཚོ་གང་སར་རྒྱ་དམག་གི་དམག་སྒར་ཆེ་ཆུང་སྣ་ཚོགས་ཀྱིས་གཡས་བསྐོར་གཡོན་བསྐོར་གྱི་ཚུལ་དུ་ཡོད། ཡིན་ནའང་། ཏཱ་ལའི་རུ་ཚོགས་ཀྱི་ཆ་ཤས་གཅིག་དེ་འཛམ་གླིང་ལ་ཁ་བཀྲམས་ནས་ཡོད་ཅིང་། ཁོང་ཚོའི་སྟོབས་ཤུགས་ཉིན་རེ་བཞིན་རྒྱས་ཀྱིན་ཡོད། བོད་པ་ཚོར་མཚོན་ན། ཏཱ་ལའི་བླ་མ་དང་ཏཱ་ལའི་རུ་ཚོགས་ཀྱི་སྟོབས་ཤུགས་ཅི་ཙམ་གྱིས་རྒྱས་པ་དེ་ཙམ་གྱིས་སེམས་ནང་བག་བྲོ་བའི་ཚོར་བ་ཞིག་ཡོང་གི་ཡོད། ཉིས་སྟོང་བརྒྱད་ལོའི་ཞི་རྒོལ་སྐབས་ཀྱི་རྣམ་འགྱུར་དང་སེམས་འདུན་དག་ནི་ལོ་རྒྱུས་དང་གནས་སྟངས་གཉིས་ཀའི་འགྱུར་མཚམས་གསལ་སྟོན་བྱུང་བའི་མཚམས་ཚིགས་ཤིག་དང་། ཉེ་སྔོན་སྐྱེ་རྒུ་མདོའི་ས་ཡོམ་གྱི་གོད་ཆག་སྐབས་ཚེ་སྲོག་ཤོར་བའི་བེམ་པོ་དུར་སྲེག་གི་རྣམ་པ་དེ་ནི་འཇིགས་ཡེར་བ་ཞིག་ཡིན། དེ་དུས་བུད་མེད་ཅིག་གིས། རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཁྱེན། ཞེས་སེམས་གཏིང་གི་རེ་འབོད་དེ་ཏཱ་ལའི་བླ་མའི་ཕྱོགས་སུ་བསྲིངས། རྒྱ་གུང་ཁྲན་མཁྱེན་ཞེས་སུ་གང་གིས་དེ་ཕྱོགས་སུ་རེ་འདུན་བསྲིངས་མ་སོང་། འགག་ལ་ཐུག་ན། ཏཱ་ལའི་རུ་ཚོགས་ལས་གཞན་གྱི་རེ་ཡུལ་ཞིག་བོད་མིའི་སེམས་ཁོང་ན་མེད།

    ད་ཆར། རྒྱ་ནག་གིས་འབད་བརྩོན་ཆེན་པོས་བྲིས་པའི་འཁྱོག་བཤད་ལོ་རྒྱུས་དང་རྩོམ་ཡིག་དག་ན་གསལ་བའི་ཏཱ་ལའི་རུ་ཚོགས་ཟེར་བའི་ཐ་སྙད་དེ་ཚོ་དང་། ད་ལྟ་འབྲི་བཞིན་པའི་ཐ་སྙད་དག་གིས་ཏཱ་ལའི་རུ་ཚོགས་ཀྱི་སྟོབས་ཤུགས་ཤིག་ཁས་ལེན་གྱིན་ཡོད། ཏཱ་ལའི་རུ་ཚོགས་ཀྱི་འཕེལ་རྒྱས་ཤིག་ཁས་ལེན་གྱི་ཡོད་པ་རེད། ཏཱ་ལའི་རུ་ཚོགས་ཀྱི་དར་ཆ་འདི་བོད་མི་ས་ཡ་དྲུག་གི་སེམས་པའི་རེ་རྩེ་ན་ལྷབ་ལྷུབ་ཏུ་གཡོ་ཞིང་ཡོད་པ་སྟོན་གྱི་ཡོད་པ་རེད།

    རྒྱ་ནག་གཞུང་གིས་ཏཱ་ལའི་རུ་ཚོགས་ལ་དམག་ཤུགས་བཀོལ་ནས་ཁ་གཏད་གཅོག་གིན་ཡོད། མདོར་ན། ཁོང་ཚོས། ཏཱ་ལའི་རུ་ཚོགས་དང་ང་ཚོའི་བར་གྱི་འགལ་བ་ནི། ཁྱོད་ཤི་ང་གསོན་གྱི་འགལ་བ་ཞིག་ཡིན་ཞེས་ཁ་ན་ན་བར་བཤད། ལག་ན་ན་བར་འབྲི་བཞིན་ཡོད། ཏཱ་ལའི་རུ་ཚོགས་ལ་མཚོན་ན། ལྷག་པར་དུ་གཞིས་བཞུགས་པ་དག་ལ་མཚོན་ན། སེམས་ཀྱི་ཟུར་ནའང་། རང་ཉིད་རྒྱ་ནག་གི་མི་སེར་ཡིན་པའི་ཚོར་བ་དེ་རྩ་བ་ནས་མི་འདུག་ཅེས། རྒྱ་རིགས་མཁས་པ་དང་ཁྲིམས་དཔོན་ཁག་ཅིག་གིས་ཉིས་སྟོང་བརྒྱད་ལོའི་ཞི་རྒོལ་ལ་བལྟས་པའི་སྙན་ཐོར་བཀོད་དེ་འདུག

    རྒྱ་ནག་གཞུང་གིས་ཏཱ་ལའི་རུ་ཚོགས་ཀྱི་གནས་ཡུལ་དུ་བལྟ་ཡུལ་ནི། དགོན་པ། སློབ་གྲྭ། ལས་ཁུངས། འབྲོག་སྡེ། རོང་སྡེ། གྲོང་ཁྱེར་ཁག་རེད། བོད་ཁུལ་ན་ཏཱ་ལའི་རུ་ཚོགས་ཀྱི་རྗེས་ཞུགས་པ་མེད་ས་ཞིག་མེད་པར་བལྟ་ཡི་ཡོད། མཐོ་བ་བླ་དཔོན། དམའ་བ་ཞིང་འབྲོག་མི་དམངས་ཀྱི་བར། རྒྱ་གཞུང་གིས་ཡིད་ཆེས་བློས་འགེལ་བྱ་ཡུལ་གྱི་བོད་མི་ཞིག་ལོ་ལྔ་བཅུའི་རིང་འདིར་རྙེད་མེད།

    ཏཱ་ལའི་རུ་ཚོགས་ཀྱི་སྟོབས་ཤུགས་རྒྱས་པ་ཡིན་ན། དེ་ནི་རྒྱ་གཞུང་གིས་ཆེས་མི་འདོད་ས་དེ་ཆགས་ཡོད། ལྟ་སྟངས་འདི་ནི། བོད་མི་ས་ཡ་དྲུག་གི་སྟོབས་ཤུགས་འདི། རྒྱ་ནག་གཞུང་ཆེས་མི་དགའ་ས་དེ་ཡིན་པའི་ཕྱི་ནང་དང་ཕྱོགས་ངོས་དག་རེད།

    Reply
  24. ཨ་རིག་འགྱུར་མེད། says:
    ལོ་ 16 སྔོན།

    དྲ་གྲོགས་སྤོབས་པ་མཐའ་ཡས་ལགས། ངས་ཉིད་ཀྱི་འདི་ལྟ་བུའི་རྩོམ་ཡིག་མང་ཙམ་ཀློག་ཐུབ་པར་སྨོན། ཁ་བྲོ།

    Reply
  25. བསྟན་འཛིན་ཚེ་འཚོ། says:
    ལོ་ 16 སྔོན།

    གྲོགས་སྤོབས་པ་ལགས། རྒྱ་ནག་གིས་གང་ཞིག་བཤད་ཀྱང་ཁོ་ཚོ་ལ་ཡོད་སའི་རྨ་ཁ་དེ་དེ་ཚོད་ཀྱི་གཟེས་ནས་ན་ཟུག་རྒྱག་བཞིན་ཡོད་མོད། ང་ཚོའི་རྒྱ་ཁྱབ་དང་རྒྱལ་སྤྱིའི་གདེང་འཇོག་དེ་བས་ཆེ་རུ་འགྲོ་བཞིན་འདུག རྒྱ་ནག་གིས་༸གོང་ས་མཆོག་ལ་ཇི་ལྟར་དམའ་འབེབས་དང་འཇིགས་སྐུལ་བྱས་རུང་ཀུན་གྱིས་གུས་བརྩི་དང་། དད་འདུན་དེ་བས་ཆེ་རུ་འགྲོ་བཞིན་འདུག ཁོ་ཚོས་ཏཱ་ལའི་རུ་ཚོགས་ཤེས་ཟབ་ས་ཞིག་ན་བརྗོད་བཞིན་ཡོད་མོད་འཛམ་གླིང་ཧྲིལ་བོའི་དེ་ཚོད་ཀྱི་ཏཱ་ལའི་རུ་ཚོགས་གོང་བཀུར་དང་། བརྩི་མཐོང་བྱེད་བཞིན་ཡོད། དེ་ནི་རྒྱ་ནག་གིས་སྒྲོགས་བཞིན་པ་དག་རྫུན་སྒྲིག་དང་ཁུངས་མེད་གཞི་མེད་ཞིག་ལ་རྩིས་པས་ཡིན། དཔེ་མཚོན་ཙམ་བཤད་ན་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་པར་རྒོལ་རྡུང་དང་རྡུང་འདེག་ཚ་ནན་གཏོང་སྐབས། རྒྱ་གཞུང་གིས་གོ་སྐབས་ཤིག་བླངས་ནས་༸གོང་ས་མཆོག་དང་ཁོའི་རྗེས་འབྲངས་བ་རྣམས་འཇིགས་སྐུལ་རིང་ལུགས་ཡིན་པའི་བྱས་ཉེས་སྒྲོགས་ཁུལ་བྱས་མོད། འཛམ་གླིང་ཧྲིལ་བོའི་མི་དམངས་དང་གཞུང་བཅས་ནས་དེ་ནི་རྒྱ་ནག་གིས་ངན་བཤད་ཞིག་དང་། གཞི་མེད་འཁྱོག་བརྗོད་ཞིག་རེད་ཞེས་ཁ་རྡུང་བཏང་ཡོད་ལ། རྒྱ་ནག་གི་རང་མཚང་རང་གིས་དོན་པ་ལ་གནོངས་འགྱོད་དང་། ཁ་སྐྱེངས་དགོས་པ་ཆགས་པ་རེད། དེའི་སྟབས་ཀྱིས་དེང་རྒྱ་ནག་ལ་ཡིད་ཆེས་ཀྱི་བློ་ཞིག་སྲིད་འཛིན་དང་མི་དམངས་སུ་ལའང་མེད་པ་རེད། དེ་བས་རྒྱ་ནག་གིས་༸གོང་ས་མཆོག་ལ་ག་ཚོད་ངན་སྨོས་བྱས་ན་ང་ཚོད་ལ་དེ་ཚོད་ཀྱི་བློ་བསྐྱེད་དང་རྒྱལ་སྤྱིའི་གདེང་འཇོག་ཀྱང་དེ་ཚོད་ཀྱི་ཆེ་བ་འདུག དེ་བས་ཉིད་ཀྱི་བརྗོད་པ་རྣམས་ཀྱང་དེ་བཞིན་རེད། ཤིན་ཏུ་ལེགས།

    Reply
  26. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    ཏཱ་ལའི་རུ་ཚོགས་ཀྱི་ཁྱབ་རྒྱ་ཆེན་པོ་རེད། དེ་ནི་ཨ་རིའི་གྲོས་ཚོགས་རེད། ཡུ་རོབ་མཐུན་ཚོགས་རེད། མཉམ་འབྲེལ་རྒྱལ་ཚོགས་རེད། ནེ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་ཚོགས་ཆུང་རེད། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་། རྒྱ་གྲམ་དམར་པོའི་ཚོགས་པ། རྒྱལ་སྤྱིའི་སྟེང་གི་ཚོགས་པ་ཆེ་ཆུང་ཕལ་ཆེ་བ་ཏཱ་ལའི་རུ་ཚོགས་རེད།

    བཙན་པོའི་གདོང་ལ་འབུད་མཁན་དང་། ཉམ་ཆུང་གི་རྒྱབ་ནས་ལངས་མཁན་ཚང་མ་ཏཱ་ལའི་རུ་ཚོགས་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese