༦༽ ངུ་འབོད་སྙིང་ལ་ཟུག་པ་ཞིག་དང་ལྷན་མཇུག་བསྡུས་བ།
མཚམས་འདིར་ངའི་རྩོམ་ཡིག་ཡོངས་སུ་གྲུབ་པའི་ཁུལ་ཡིན་མོད། ཕྱིར་བལྟས་ཤིག་བྱས་ན། ཕྱོགས་གཅིག་སྟེ་བཟང་ཕྱོགས་དང་ཤེས་ཡོན་སློབ་གསོའི་སྐོར་གྱི་སྐྱོ་གཏམ་སྤྱི་ཙམ་པོ་ལས་ད་ལྟའི་དངོས་ཡོད་ཀྱི་སྟེང་ལ་གཏན་ནས་བབ་མེད་པ་མ་ཟད། ང་རང་གི་བསམ་ཚུལ་དངོས་ཀྱི་ཕྱོགས་དེའང་བཤད་མི་འདུག འདི་ནི་ངས་བྱ་དགར་དམིགས་ནས་རང་ཉིད་ཀྱི་མི་གཞི་དང་། དྲང་བདེན་འབོར་གྱིན་པའི་རྣམ་པ་རེད། འདི་ནི་ངས་བདེན་བདེན་འགྲིག་འགྲིག་བཤད་ནས་སྤྱི་ཚོགས་བསླུ་བྲིད་གཏོང་སྟངས་ཤིག་རེད། ངས་འདི་ལྟར་གནས་ལུགས་དོར་ནས་སྤྱི་ཚོགས་ལ་བསླུ་བྲིད་བཏང་ན་ག་ལ་རུང་། དོན་དངོས་པོའི་གནས་ཚུལ་གྱི་ཆ་ནས་བཤད་ན་ང་ཚོ་བཙན་བྱོལ་བ་ཚོས་རེ་བ་བཟང་ས་ནས་རྒྱག་གིན་མི་འདུག་ལ་གྲ་སྒྲིག་སྡུག་ས་ནས་ཀྱང་བྱེད་ཀྱིན་མི་འདུག དེ་ལྟར་རེ་བ་བཟང་ས་ནས་རྒྱག་གི་མེད་པའི་རྣམ་པ་དང་གྲ་སྒྲིག་སྡུག་ས་ནས་རྒྱག་གི་མེད་པའི་དཔང་རྟགས་ང་རང་ཉིད་གཙོ་བོར་གྱུར་བའི་མི་སྒེར་རེ་རེ་དང་། གཞོན་ནུ་ཚོགས་པ་གཙོ་བོར་གྱུར་བའི་ཆབ་སྲིད་ཀྱི་ཚོགས་སྡེ་རེ་རེ་དང་། ཐ་ན་བཙན་བྱོལ་གཞུང་གི་ངོས་ནའང་རེ་བའི་གདེང་ཚོད་ཅི་ཡང་མེད་པ་དང་། སྡུག་སའི་གྲ་སྒྲིག་གང་ཡང་མེད་པ་ནི་ཤིན་ཏུ་གསལ་བོ་ཡིན་པ་མ་ཟད། མིག་གིས་མཐོང་ཞིང་རྣ་བས་གོ་བས་ན། ང་ཚོས་འདི་ལྟར་རང་སྐྱོན་ལྷན་པོས་གཡོགས་ཏེ་སྦས་ན་ག་ལ་འགྲིག
༡༽ མི་རེ་རེའི་ངོས་ན་གྲ་སྒྲིག་དང་རེ་བ་གང་ཡང་མེད་པ།
མི་རེ་རེའི་ངོས་ནས་བཤད་ནའང་ངས་བྱེད་དགོས་དང་ངས་འཇོན་ནུས་ཀྱི་བསམ་བློ་མི་འདུག ལྷག་པར་བཙན་བྱོལ་གཞུང་གི་གཞུང་ཞབས་ཁག་གཙོ་བོར་གྱུར་བའི་མི་སྣ་མང་པོ་ཞིག་ལ་གཞུང་གི་ལས་ཀར་འཕྲལ་སེལ་ཙམ་གྱི་འདུ་ཤེས་ལས་མེད། དེ་ནི་ལོ་རེ་བཞིན་གཞུང་ཞབས་དགོངས་ཞུའི་གྲངས་ཚད་འཕར་བཞིན་པ་ལས་ཀྱང་དཔོག་ཐུབ། ལས་བྱེད་ཚོར་ཤེས་ཡོན་འདང་ངེས་མེད་པའི་སྟེང་ལ་ཉིན་རེའི་ལས་ཀ་ཁུར་བོ་ལས་འགན་དུ་བརྩི་གིན་མི་འདུག ཕྱོགས་འདི་དག་ནི་མི་སྒེར་གྱི་ངོས་ན་རེ་བའམ་ལྷག་བསམ་མེད་པ་དང་། གྲ་སྒྲིག་གམ་འགན་འཁྲི་མེད་པའི་རྟགས་རེད། ལྷག་པར་ཤེས་ཡོན་པ་རང་ཚུགས་ཅན་མང་པོ་ཞིག་ལ་ངེས་མེད་ཀྱི་གནོན་ཤུགས་འོག་ནས་སྤྱི་ཚོགས་འདིར་རྐང་ཚུགས་ཐུབ་ཀི་མེད། དེ་ནི་སྤྱི་ཚོགས་ཤིག་ཁ་ཐུར་ལ་འགྲོ་བའི་དཔང་རྟགས་ཆེ་ཤོས་དེ་རེད། དཔེར་ན། ཁང་དཀར་སྐལ་བཟང་ཚུལ་ཁྲིམས་དང་། མཁར་རྨེའུ་བསམ་གཏན། འཇམ་དབྱངས་ནོར་བུ། ཟླ་བ་ནོར་བུ། པད་མ་འབུམ་སོགས་རེ་རེ་བཞིན་སྤྱི་ཚོགས་འདིར་རྐང་ཚུགས་ཐུབ་མེད། དོན་དངོས་སུ་འདི་དག་མི་ནག་ཉེས་ཅན་ཏག་ཏག་རེད་དམ། འདི་ལས་ང་ཚོ་མི་རེ་རེ་བཞིན་ཤེས་ཡོན་པར་གོང་བཀུར་དང་གསོ་སྐྱོང་གི་རེ་བ་མེད་པ་མ་ཟད། ང་ཚོའི་སྤྱི་ཚོགས་འདི་ཤེས་ཡོན་པ་དམར་གསོད་གཏོང་མཁན་གྱི་སྤྱི་ཚོགས་ཤིག་དང་ཁོར་ཡུག་ཅིག་ཡིན་པ་མཚོན་ཡོད།
༢༽ གཞོན་ནུ་ཚོགས་པ་སོགས་ལ་རེ་བ་དང་གྲ་སྒྲིག་གང་ཡང་མེད་པ།
འཛམ་གླིང་གི་ལོ་རྒྱུས་གང་ཞིག་ལ་བལྟས་ནའང་ཚོགས་པ་ཞིག་ཡར་ལངས་ནས་རྒྱལ་ཁབ་ཀྱི་བདག་དབང་འཛིན་པ་ལ། ཚོགས་པ་དེའི་སྡེར་གཏོགས་ཀྱི་ཤེས་ཡོན་པས་དགག་ཕྱོགས་ལ་དགག་རྒྱག་ཚ་ནན་དང་སྒྲུབ་ཕྱོགས་ལ་འུར་བསྟོད་ཀྱི་དྲིལ་བསྒྲགས་སྔོན་དུ་བཏང་ནས་མ་སོང་བ་གཅིག་ཀྱང་མེད། ཐ་ན་ཨུ་རུ་སུ་དང་རྒྱ་ནག་སོགས་ཀྱི་དམར་ཕྱོགས་ཚོགས་པ་དག་ཀྱང་དེ་ལྟར་ཡར་ལངས་པ་རེད། ཡིན་ནའང་། འུ་ཚང་གི་གཞོན་ནུ་ཚོགས་པ་སོགས་ཆབ་སྲིད་ཚོགས་པ་དག་གིས་ཆེས་རྗེས་ལུས་ཀྱི་ངོ་རྒོལ་ཆོ་ག་གོམ་བགྲོད་དང་ཟས་བཅད་ངོ་རྒོལ། མར་མེ་ཁྲོམ་སྐོར་དང་ཞབས་བརྟན་བསོག་སྒྲུབ། མཆོད་འབུལ་སོགས་ཆོས་ལུགས་ཀྱི་ཆོ་ག་ལྟ་བུ་རེ་ལས་ཁ་གཏད་སྲིད་གཞུང་ལ་ཤེས་ཡོན་གྱི་བརྒྱུད་ལམ་ནས་ལན་འདེབས་དང་གསལ་བཤད། ཁྱབ་བསྒྲགས་དང་སྐྱོན་འདོན། ངོ་རྒོལ་གྱི་བསྒྲགས་ཡིག་སོགས་དང་། བརྡ་འཕྲིན་དང་རླུང་གཟུགས་འོད་རླབས་སོགས་ཀྱི་བརྒྱུད་ལམ་ནས་ངོ་རྒོལ་བྱེད་ཐུབ་ཀྱི་མེད་པ་ནི། རེ་བ་བཟང་ས་ནས་བྱེད་ཀྱིན་མེད་པ་དང་གྲ་སྒྲིག་སྡུག་ས་ནས་བྱེད་ཀྱིན་མེད་པའི་དཔང་རྟགས་ཆེ་ཤོས་དེ་རེད།
༣༽བཙན་བྱོལ་གཞུང་གི་ངོས་ནའང་རེ་བ་དང་གྲ་སྒྲིག་གང་ཡང་མེད་པ།
བཙན་བྱོལ་གཞུང་ལའང་རེ་བ་དང་གྲ་སྒྲིག་མེད་པའི་ཕྱོགས་མང་པོ ཞིག་མཐོང་ཐུབ་ཀི་འདུག ཆབ་སྲིད་དང་དཔལ་འབྱོར། ཆོས་དང་རིག་གཞུང་། ཕྱི་འབྲེལ་དྲིལ་བསྒྲགས་དང་ནང་སྲིད་འཛིན་སྐྱོང་སོགས་ལ་མིག་ཤད་ཅིག་བྱས་པ་ཙམ་གྱིས་དཔོག་ཐུབ་པ་ཞིག་རེད།
(ཆབ་སྲིད་ཕྱོགས་ནས་རེ་བ་དང་གྲ་སྒྲིག་གང་ཡང་མེད་པ་ནི། ) ཕྱི་ལོ་ ༢༠༠༨ ཀྱི་ལོར་བོད་ཡུལ་མདོ་དབུས་ཁམས་གསུམ་དུས་གཅིག་ལ་ལངས་ཤིང་། བོད་ཀྱི་རྒྱལ་ས་ལྷ་ས་དུད་སྨུག་གིས་ཁེངས་པའི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་སུ་བཙན་བྱོལ་གཞུང་ཅི་བྱ་བརྟོལ་བྲལ་ལ་གྱུར་ནས་སྤྱི་འཐུས་ཁ་ཤས་ལྡི་ལིར་སོང་སྟེ་ལྡི་ཟས་བཅད་ངོ་རྒོལ་ཞིག་བྱས་པ་དང་། གཞུང་མང་ཛ་དྲག་ཚོགས་པ་ཟེར་བ་ཞིག་བཙུགས་ནས་ལམ་ལྷོང་ཅི་ཡང་མ་བྱུང་བ་དེ་ཐག་ཉེ་ཤོས་ཀྱི་དཔེ་མཚོན་རེད། དེ་ལས་ཀྱང་ཆེས་ཐབས་སྐྱོ་བ་ནི་མི་མང་ཕར་ཞོག་ཐ་ན་གཞུང་ཞབས་མི་སྣའི་ཁྲོད་ནའང་ཁ་གཏད་རྒྱ་ནག་གི་སྲིད་བྱུས་ཀྱི་གནས་བབ་ཤེས་རྟོགས་ཐུབ་མཁན་ལྟ་ཅི་རང་གཞུང་གི་སྲིད་བྱུས་དབུ་མའི་ལམ་གྱི་ངོ་བོ་རྙེད་མཁན་ཤིན་ཏུ་ཉུང་བ་དེ་རེད། འདི་ལྟར་ལས་བྱེད་དག་ལ་ཆབ་སྲིད་ཀྱི་རྒྱུན་ཤེས་མེད་པ་དང་། སློབ་གྲྭ་ཁག་ལ་ཆབ་སྲིད་ཀྱི་ཁྲིད་གཞི་མེད་པ་སོགས་བརྩིས་ན་གྲངས་ཀ་མི་ལོན་པ་ཞིག་ཡོད་མོད་དཔེ་མཚོན་ཙམ་གྱི་གཞི་བསླངས་ན་འདི་འདྲ་རེད།
(དེ་བཞིན་དཔལ་འབྱོར་གྱི་ཐད་ནས་བཤད་ནའང་། ) རང་ཚུགས་ཐུབ་པའི་བཟོ་གྲྭ་གཅིག་འཛུགས་ཐུབ་མེད་པ་དང་། ལྡི་ལི་དང་བལ་ཡུལ་སོགས་ནས་བོད་གཞུང་གི་ས་ཆ་འབུམ་བཞི་བརྒྱ་བྱས་ནས་ཕར་བཙོང་བའི་ས་ཆ་ལ། དེང་སང་འབུམ་ལྔ་བརྒྱ་བྱས་ནས་རྩོད་ཁ་རྒྱག་བཞིན་པའི་གནས་ཚུལ་ཡོང་གི་ཡོད་པ་སོགས་ཕྱི་རབས་མི་རིགས་ཀྱི་ལྟོ་རྒྱབ་ཆེད་དུ་འཆར་གཞི་གང་ཡང་མེད་པ་དེ་རེད། སོ་ནམ་ཞིང་ལས་དང་བ་ཕྱུགས་འཚོ་སྐྱོང་སྐོར་མང་དུ་བཤད་པ་རེད་མོད་དེ་ནི་དུས་རབས་ཉེར་གཅིག་པའི་ནང་ལ་བཤད་རྒྱུའི་སྐད་ཆ་ཞིག་དང་། དུས་རབས་ཉེར་གཅིག་པའི་དཔལ་འབྱོར་འཚོལ་སྒྲུབ་ཀྱི་རིག་པ་ཞིག་རེད་ཅེས་སུ་གང་གིས་བཤད་མི་སྤོབས་སོ། །
( ཆོས་དང་རིག་གཞུང་ཐད་)ནས་ཀྱང་ཕར་བཙོང་བ་ལས་རྒྱུན་འཛིན་དར་སྤེལ་བྱས་ཏེ་རེ་བ་གཏིང་ཟབ་དང་གྲ་སྒྲིག་འཐུས་ཚང་བྱས་མེད་པ་ནི། ཤེས་ཡོན་པ་ཚོ་འདིར་རྐང་ཚུགས་ཐུབ་ཀྱིན་མེད་པ་དང་། རང་ཁ་གསོ་ཐུབ་པའི་ཤེས་ཡོན་གྱི་གླེང་སྟེགས་གཏན་ནས་མེད་པ། མདོར་དྲིལ་ན་དེའི་ཕྱོགས་ལ་རིག་གཅིག་རྐང་འཛིན་མེད་པ། ཤེས་བྱ་ནང་འདྲེན་མེད་པ་སོགས་མང་པོ་བཤད་མི་དགོས་པར་ཤེས་རིག་དཔར་ཁང་དང་སྣང་ཐང་པར་ཁང་གཉིས་ཀྱི་སྒོ་ནས་ཡར་ཐེངས་གཅིག་བལྟས་བ་ཙམ་གྱིས་སྡོམ་ཚིག་འོས་འཚམ་ཞིག་རྒྱག་ཐུབ་པོ། །
(ཕྱི་འབྲེལ་གྱི་ཆ་ནས་རེ་བ་དང་གྲ་སྒྲིག་མེད་པ་ནི། ) ཕྱིའི་རྒྱལ་ཁབ་དག་གི་ནང་བོད་གཞུང་དོན་གཅོད་ཁག་ལ་ཏཱ་ལའི་བླ་མའིལས་ཁུངས་ཞེས་གདེང་འཇོག་གི་ཚད་ཧ་ཅང་མཐོན་པོ་ཡིན་ནའང་། ལས་ཁུངས་དག་གི་ནང་དུ་ལས་བྱེད་གཉིས་གསུམ་རེ་ལས་མེད་པ་དང་། བོད་ལ་རོགས་སྐྱོར་བྱེད་ཕྱོགས་དང་བོད་དོན་དྲིལ་བསྒྲགས་བྱེད་ཐབས་སོགས་ཀྱི་ལས་ཀ་འཐུས་ཚང་བྱེད་པའི་ལས་བྱེད་དེ་བས་ཀྱང་མེད་རྐྱེན། ཕྱི་རྒྱལ་རོགས་ཚོགས་དག་གིས་ནམ་ཡིན་ནའང་ཚུར་བཙལ་ནས་ཡོང་བ་ལས་ཕར་བཙལ་བ་ཧ་ཅང་ཉུང་བ་དང་། དེ་ལས་གཞན་པའི་ཆབ་སྲིད་ཀྱི་འབྲེལ་ལམ་སོགས་ནི་མིག་གིས་མཐོང་ཐུབ་པ་དེ་ལྟར་རེད། དཔེར་ན། ཁ་སང་སྐྱེ་དགུ་མདོ་ལ་དོན་རྐྱེན་བྱུང་མ་ཐག་དོན་གཅོད་ཁང་དག་གིས་འབྲེལ་ཡོད་སྲིད་འཛིན་ལས་ཁུངས་ཁག་ལ་འབྲེལ་བ་བྱས་ནས་༸གོང་ས་མཆོག་ལ་ཐུགས་གསོའི་འཚམས་འཕྲིན་འབུལ་དུ་འཇུག་པ་སོགས་བོད་དོན་དྲིལ་བསྒྲགས་ཀྱི་གོ་སྐབས་དམ་འཛིན་བྱེད་དགོས་མོད་གཞུང་སྒེར་གཉིས་ཀ་དལ་འཇགས་སེ་མ་ཎི་དང་བསྔོ་སྨོན་རེ་བསགས་ནས་བསྡད་ཡོད། རྒྱ་ནག་གིས་གོ་སྐབས་འདི་དམ་འཛིན་བྱས་ནས་འཁྲབ་སྟོན་ཇི་འདྲ་བྱེད་ཀྱིན་འདུག ང་ཚོ་ལའང་ཅུང་འཆར་རྒྱུ་ཡོད་ན་འགྲིག་མོད་ང་ཚོས་གོ་སྐབས་དམ་འཛིན་ཅི་ཡང་བྱེད་མ་ཐུབ་པར་ལྷག་པ་ནི་ཆབ་སྲིད་ཀྱི་གནས་བབ་ནས་བཤད་ན་གྱོང་ཆེན་པོ་ཞིག་རེད།
( དྲིལ་བསྒྲགས་ཀྱི་ཆ་ནས་འདང་གིན་མེད་པ་ནི།) མང་གཙོའི་གཞུང་ཞིག་ལ་མཚོན་ན་ཁྱད་ཆོས་ཆེ་ཤོས་ནི་གསར་འགོད་ཀྱི་བརྒྱུད་ལམ་ཧ་ཅང་གུ་ཡངས་པ་དང་རྒྱ་ཆེ་བ་དེ་རེད། ཡིན་ནའང་། བོད་གཞུང་གི་གསར་འགོད་བརྒྱུད་ལམ་ནི་ང་ཚོས་ཤེས་གསལ་བཞིན་བདུན་རེའི་གསར་ཤོག་《བོད་མིའི་རང་དབང་》རེད། 《 བོད་མིའི་རང་དབང་》ནི་༼བཀའ་ཤག་གི་སྒེར་དབང་༽ཞིག་ལས་བོད་མིའི་རང་དབང་ཞིག་གཏན་ནས་མིན་པ་དེ། བཀའ་ཤག་གི་ལས་བྱེད་ཚོ་ཡར་བརྐོ་མར་འདེམས་སོགས་གངས་སྐྱིད་ཀྱི་ཁོར་ཡུག་ཙམ་ལས། བོད་ཀྱི་ཕལ་བའི་སྤྱི་ཚོགས་ནང་དང་ལྷག་པར་གཞི་ལས་རྒྱ་ཆེ་མི་མང་གི་རང་དབང་གི་གནས་བབ་ཞིག་གཏན་ནས་གླེང་གི་མེད་པ་དེས་དཔོག་ཐུབ་པོ། ། དེ་རྗེས་ཟླ་རེའི་《ཤེས་བྱ་》གསར་ཤོག་རེད། ཤེས་བྱ་ནི་ཤེས་བྱ་ཞིག་ཆགས་ཀྱིན་མེད་ནའང་༸གོང་ས་མཆོག་གི་མཛད་རྣམ་ལས་རིམ་གྱི་སྐོར་ཅུང་གསལ་བོ་ཞིག་ཡོད་པའི་ཆ་ནས་རིན་ཐང་ཅན་ལ་ངོས་བཟུང་ན་འགྲིག་པར་འདོད། དེ་རྗེས་གལ་ཆེའི་དྲིལ་བསྒྲགས་ཡིག་ཆ་ཟེར་བ་དེ་རེད། དེ་ནི་འགྲེམ་སྤེལ་གྱི་ཁྱབ་རྒྱ་ཆུང་དྲགས་ནས་མང་ཚོགས་ནང་ན་བལྟ་ཀློག་གཏན་ནས་ཐུབ་ཀི་མེད། དེ་རྗེས་བོད་ཡིག་དྲ་རྒྱ་དེ་རེད། སྒྲོམ་གཞི་ནི་གངས་སྐྱིད་ཀྱི་ལྷན་ཁང་ཁག་ངོ་སྤྲོད་ཙམ་གྱི་ངོ་བོར་ཡོད་ལ། གསར་འགྱུར་ཐན་ཐུན་རེ་ཡོད་ནའང་ད་དུང་རྒྱལ་སྤྱིའི་ཚད་གཞི་ཅན་གྱི ISO 10646 རྩ་འཛུགས་དང་Unicode གཉིས་མཉམ་སྦྲེལ་གྱི་རྒྱལ་སྤྱིའི་གཅིག་གྱུར་བོད་ཡིག་ཨང་རྟགས་ཅན་གྱི་བོད་ཡིག་ཐོག་ལ་བསྒྱུར་ཐུབ་མེད་པར་ད་དུང TCRC སྟེང་ན་ཡོད་པས། བོད་ཀྱི་དུས་བབ་དང་། བང་ཆེན། ཁ་བརྡ། འོད་དཀར་དྲ་བ་ལྟ་བུར་གང་སར་བལྟ་ཀློག་ཐུབ་ཀྱི་མེད། མདོར་ན་བོད་ཡིག་དྲ་བ་ཀུན་ལས་ཆེས་རྗེས་ལུས་ཀྱི་བོད་ཡིག་དྲ་བ་གཅིག་པུར་གྱུར་ཡོད་པ་དེ་རེད། དེ་ནས་དབྱིན་ཡིག་དུས་དེབ་དང་དྲ་རྒྱ་རེད་གནས་ཚུལ་གསལ་བོ་མི་ཤེས་མོད་རང་གི་ཡུམ་སྐད་སྟེང་གི་དྲ་རྒྱ་དང་དུས་དེབ་ཀྱི་སྤུས་ཚད་ལས་ཕར་ལའང་ཚོད་དཔག་མི་ཐུབ་པ་ཅི་ཡང་མི་འདུག
(དེ་ནས་ནང་སྲིད་འཛིན་སྐྱོང་གི་སྐོར་རེད། ) གཞིས་ཆགས་ཁག་སྲ་བརྟན་ཞེས་སྐད་འབོད་རྣ་ལ་སུན་པ་ཞིག་བརྒྱབས་པ་རེད་མོད། དོན་ལ་སྲ་བརྟན་གྱི་ལས་ཀ་ཅི་ཡང་བྱས་མེད་པ་ནི། གཞིས་ཆགས་ཁག་གི་ནང་མཉམ་འབྲེལ་ཟེར་བའི་ཚོང་ཁང་གཅིག་གཉིས་རེ་ལས་བཟོ་གྲྭ་སོགས་དེང་རབས་དང་མཐུན་པའི་དཔལ་འབྱོར་གྱི་འདུ་སྒོ་བསྐྲུན་མེད་པ་དང་། བ་ཕྱུགས་འཚོ་སྐྱོང་དང་ཞིང་ལས་སོ་ནམ་གྱི་ཕྱོགས་ལ་སྐུལ་འདེད་བྱེད་པ་ནི་རྗེས་ལུས་ཀྱི་རྟགས་མཚན་ཆེ་ཤོས་ཤིག་གོ། །འདི་ལྟར་བོད་གཞུང་གི་ཁྱབ་ཚད་ལ་མིག་ཤད་ཅིག་བྱས་ན་རེ་བ་ཞིག་གི་གྲུ་ཁ་དང་གྲ་སྒྲིག་ཅིག་གི་སྣེ་མོ་གཏན་ནས་མཐོང་རྒྱུ་མེད་པས། ང་ཚོས་ད་ལྟའི་བར་རེ་བ་བཟང་ས་དང་གྲ་སྒྲིག་སྡུག་ས་ནས་བྱས་མེད་པ་ནི་མངོན་གསལ་རེད། ཡིན་ནའང་། བདག་ཉིད་ཆེན་པོ་གཱནྡྷཱིས། “བདེན་པའི་ཨུ་ཚུགས་ཀྱི་འཐབ་རྩོད་ནང་སོ་སོ་གཅིག་པུ་གྲ་སྒྲིག་དགོས་ངེས་རེད། ཅེས་དང་། གྲ་སྒྲིག་འདིའི་ཆེད་དུ་དུས་ཚོད་ཇི་ཙམ་འགོར་ཡང་དེ་ཆུད་ཟོས་སུ་སོང་བར་བསམས་ཀྱི་མེད། སྟོན་པ་ཡེ་ཤུས་འཇིག་རྟེན་གྱི་ཕན་བདེའི་ཆེད་དུ་མ་ཕེབས་སྔོན་ཉིན་བཞི་བཅུ་ནགས་སུ་བཞུགས་ཏེ་རང་ཉིད་གྲ་སྒྲིག་གནང་བ་རེད། སངས་རྒྱས་ཀྱིས་ཀྱང་དེ་ལྟའི་གྲ་སྒྲིག་གནང་རྒྱུར་ལོ་མང་པོ་བཏང་བ་རེད། གལ་ཏེ་ཁོང་ཚོས་དེ་ལྟར་གྲ་སྒྲིག་གནང་མེད་ཚེ། ཁོང་ཚོ་གཅིག་བྱས་ན་ཡེ་ཤུའི་སྟོན་པ་དང་སངས་རྒྱས་ཆགས་ཡོད་ཀྱི་མ་རེད”ཅེས་ལམ་སྟོན་གནང་བ་བཞིན་ང་ཚོས་ད་ལྟ་ནས་བཟུང་མི་ཞིག་གི་འགན་འཁྲི་ཁུར་ནས་མི་རིགས་ཤིག་གི་ལས་དབང་བསམས་ན། ད་དུང་འཕྱི་གཏན་ནས་མེེད་མོད་གྲ་སྒྲིག་འདང་ངེས་སུ་མེད་ན་ང་ཚོ་ནམ་ཡང་སྔར་བཞིན་དང་ཉམས་རྒུད་ལས་འཕེལ་རྒྱས་ཀྱིས་ལམ་དུ་བགྲོད་དཀའ་བར་འདོད་དོ། །ད་ལྟའི་བར་གྱི་སྲོག་རྒྱུན་འདི༸གོང་ས་མཆོག་གི་འོད་སྣང་དང་དོན་གྱི་བདག་པོ་གཞི་ལུས་རྒྱ་ཆེའི་མི་མང་གི་སྙིང་སྟོབས། བླ་ན་མེད་པའི་ཆོས་དང་རིག་གཞུང་གི་ཟབ་བརླིང་གཟི་ཤུགས་ཁོ་ནའི་བདག་འབྲས་དང་བཀའ་དྲིན་ཉག་གཅིག་ལ་གྱུར་ཡོད། ཡིན་ནའང་། ད་ནས་བཟུང་ང་ཚོ་ཉིན་རེ་ནས་ཉིན་རེ་བཞིན་ཉེན་ཁའི་གནས་སུ་ཆས་བཞིན་ཡོད།
ཕྱི་ལོ༢༠༡༠། ཟླ ༠༥། ཚེས་ ༢༡ ཉིན།
(གསལ་བཤད། འདི་ནི་བདག་གིས་གཞོན་ནུའི་འགྲན་རྩོམ་ནང་བསྐུར་བའི་རྩོམ་ཡིག་གི་མཇུག་ཡིན། ཆ་ཚང་ཀློག་འདོད་ཡོད་ན་བདག་གི་ཟིན་་བྲིས་སྦྲ་རྒན་ནག་ལྡང་ནང་དུ་ཕེབས་རོགས།)
Tenrap2006@yahoo.com
ཨ་རོགས་བོན་རྒྱ་བསྟན་འཛིན་རབ་རྒྱས་ལགས། ཁྱེད་རང་གིས་བོད་གཞུང་དང་གཞོན་ནུ་ཚོགས་པ་སོགས་ཀྱིས་མ་འགྲིག་པ་དང་མ་འཐུས་པ་མ་འཇོན་པ་སོགས་བརྗོད་དགོས་དོན་མེད་སྙམ། ཁྱེད་རང་དེ་འདྲའི་འཇོན་པོ་ཞིག་ཡིན་ན་བོད་གཞུང་དང་གཞོན་ནུ་ཚོགས་པའི་མ་འཇོན་པ་ཚང་མ་ཁྱེད་རང་གིས་ཀྱིས་དང་སུ་གང་གིས་དགག་བྱ་བྱེད་ཀྱི་མ་རེད། ཡིན་གཅིག་མིན་གཉིས་བོད་གཞུང་གི་རྐུབ་སྟེགས་སྒང་ལ་སླེབས་དགོས་དོན་མེད་སྙམ།
ཨ་ཁུ་བོན་རྒྱ་ཟེར་བ་ཁྱོད་གང་ན་ཡོད་མེད་མི་ཤེས་མོད།
གྲྭ་བའི་སྤྱི་ཚོགས་ཀྱི་གར་སྟེགས་སྟེང་དགག་སྒྲུབ་དང་དོགས་སློང་གི་སྙིང་སྟོབས་ལྡན་པའི་ཨ་ཁུ་མི་གཞི་ཅན་ཞིག་ཡིན་ས་རེད་བསམ་ཀྱིན་ཡོད་ཡིན་ནའང་གཅིག་བྱས་ན་ངས་ནོར་ཡོད་ན་ཐང་།
ཁྱོད་བྱ་དགའ་མ་ཐོབ་ན་ཕམ་འགྲོ་བའི་ཨ་ཁུ་ཞིག་མ་རེད་བསམ་ཀི་དེ་བས་གཞན་ལྟར་སེམས་གསོ་མི་བྱེད།བློ་མཐུན་མོའོ་ཙེ་ཏུང་གིས་ཕམ་ཁ་ན་ི་རྒྱལ་ཁའི་རྩ་བ་ཡིན་ཟེར།དེ་ལ་གོ་རྒྱུ་ཡོད་ནི་རེད།
དམྱལ་བ་བོ། ལམ་འགྲོ་རྒྱུགས་མི་འདུག ཕལ་ཆེར་དགོན་པ་གྲྭ་ཚང་ལ་ཁ་གཏོང་རྒྱུ་མང་དྲགས་པས་ཡིན་རྒྱུ་རེད་བསམ། དེ་མིན་རྩོམ་གི་ངོ་གདོང་ནས་བལྟས་ན་བྱ་དགའ་ཨང་དང་པོ་ཐོབ་ས་རེད་བསམ་བྱུང་། ད་ཐེངས་དཱ་བླ་རྒན་འགའ་རེས་བཤད་ནོ་འཆུགས་མེད་ཁུ། ཧ་ཧཧཧཧཧཧཧ
བཙན་བྱོལ་སྤྱི་ཚོགས་སུ་ཁྱེད་ལྟ་བུའི་ངུ་འབོད་སྒྲོགས་མཁན་ཡོད་པས་ཕྲན་གྱི་སེམས་སྐྱིད་གི དྲ་སྟེང་གི་དྲ་འབུ་རེ་གཉིས་ལ་གཟིགས་ན་གཟུར་བའི་མིག་གིས་བོད་སྤྱི་ཚོགས་ལ་ལྟ་བའི་ཁོར་ཡུག་ཅིག་མི་འདུག
ཁྱེད་ལ་བཀའ་དྲིན་ཞུ
ཨ་ཁུ་བོན་རྒྱུས་བཤད་པ་ཡང་འཐད་མོད། ད་དུང་གཉའ་འབྲོང་གིས་བཤད་པ་དེ་བས་འཐད་པར་འདོད། ས་འདི་ག་དང་ཡུལ་འདི་ན། རང་ཉིད་ཀྱི་ཆེད་དུ། ཡང་ན་མི་རིགས་ཀྱི་ཆེད་དུ་ཅི་ཞིག་བྱེད་དགོས་པ་ཤེས་མཁན་མགོ་བཀའ་བློན་ནས། འོག་བགད་པ་ཚུན་གྱིས་གསལ་གསལ་རྗེན་རྗེན་ཤེས་རྟོགས་ཡོད།
མེད་པའམ་མ་ཤེས་པ་དེ། རང་ཉིད་མདུན་དུ་སྐྱོད་ཀྱིན་འགོ་རྩོམ་རྒྱུ་དང་མཇུག་སྒྲིལ་རྒྱུ། དེ་ཁོ་ན་ཡིན། ཕལ་ཆེར་ཨ་ཁུ་བོན་རྒྱའི་ཉེ་ལམ་གྱི་རྩོམ་ཡིག མི་རབས་གསར་པ་ལངས་དགོས། དྲིལ་བརྡ་དང་ངར་ཤུགས་དེར་བལྟས་ན། གང་མགྱོགས་ཁོང་ཉིད་ལས་འགུལ་གང་ཡང་རུང་བའི་སྣེ་མོར་ཆས་མཁན་ཡིན་པ་འདྲ།
དེ་རིགས་ཁ་བཤད་ལག་ལེན་རང་རེད། རྒྱབ་སྐྱོར་ཞུ་རྒྱུ་ལས་མ་འདས།
ཨ་རོགས། ཁྱོད་ཀྱི་འདོ་བ་དུང་སུག་རྒོད་ནི་རེད། མི་མང་གི་ཀི་དིར་ཞིག་བྱས་དུས་དོ་མ་བོ་དེ་རྫི་ཞིག་རྒྱག་རྒྱུ་ཡོད། ཁྱོད་ཐང་ལ་བརྒྱབ་བཏང་ནི་མ་རེད་དམ། ཀུ་རེ་ཡིན། ཁྱོད་ཀྱི་འགྲན་རྩོམ་ཞིབ་ཀློག་བྱས་པ་ཡིན། གླེང་དགོས་པ་མང་པོ་གླེང་འདུག ངས་བལྟས་ན་འུ་ཚང་ལ་གླེང་མཁན་མེད་སོང་བ་མ་རེད། ལག་ལེན་བྱེད་མཁན་མེད་སོང་བ་རེད། ལག་ལེན་བྱེད་མཁན་མེད་སོང་བའི་རྒྱུ་རྐྱེན་དེ་ཡང་ས་འོག་གི་དར་ཐག་བཞིན་བརྟོལ་དཀའ་བ་ཞིག་ཡིན་རྒྱུ་རེད། རྗེས་ཕྱོགས་ལག་ལེན་ཐོག་ཤར་བསྐྱོད་བྱེད་པའི་རེ་བ་ཡོད། ངས་ངོ་མ་བཤད་པ་ཡིན། བུ་བཟང་ན་དཔའ་བོ་གཅིག་གི་ཆོག ཆང་བཟང་ན་དཀར་ཡོལ་གང་གིས་ཆོག་ཟེར་ནི་རེད།
གྲོགས་པོ་བསྟན་འཛིན་རབ་རྒྱས་ལགས། དོན་གནད་ལ་ཁེལ་བའི་རྩོམ་ཡིག་འདིའི་རིགས་མང་ཙམ་འགོད་ཐུབ་ན་ཕན་ཐོག་ཆེན་པོ་འབྱུང་ས་རེད། སྦྲ་རྒན་ནག་ལྡང་ནང་དུ་འགྲོ་གི་ཡིན། བདེ་མོ།
དངོས་འབྲེལ་བྱས་ན་ད་ག་རང་རེད།་་་་་་བསྟན་འཛིན་རབ་རྒྱས་ལགས།
འདི་ནས་ལོ་ལྔ་བཅུའི་ནང་ལ་གྲུབ་འབྲས་བྱུང་བ་མ་ཏོག
མཐུས་ཤོར་སོང་བར་ཁས་ལེན་བྱེད་མཁན་ཡོའི་མ་རེད།
གྲོགས་ལགས། འོ་ན་ཁྱེད་ཀྱིས་འགྲན་རྩོམ་ནང་བསྐུར་བའི་རྩོམ་དེ་ཨང་སོན་ཨེ་བྱུང་།