གདན་ས་གསུམ་གཙོས་རིས་མེད་ཀྱི་ཆོས་སྡེ་ཁག་གིས་ད་ལྟ་དབར་དུ་གྲྭ་རྒྱུན་གྱི་ཐད་དུ་བསམ་བློ་བཏང་མྱོང་མེད་ལ། ད་ལྟ་ཡང་རེ་ཟུང་གིས་མ་གཏོགས་གཏོང་གིན་མི་འདུག ཡིན་ནའང་། ངས་བལྟས་ན་འདི་ནས་བརྩིས་པའི་ལོ་ངོ་ཉི་ཤུ་སུམ་ཅུའི་རྗེས་སུ་གྲྭ་ས་ཁག་ན་དགོན་པའི་འདུ་ཁང་སྲུང་མཁན་གྱི་གྲྭ་བ་བརྒྱ་སྐོར་ཞིག་ལས་མེད་པ་ཁ་ཚོན་གཅོད་ཐུབ། ངས་ཉིས་སྟོང་བརྒྱད་ནས་ད་ལོའི་དབར་དུ་གྲྭ་རྒྱུན་སྐོར་ལ་ཞིབ་འཇུག་ཅུང་ཙམ་བྱས་ པ་ཡིན། ༢༠༠༨ ནས་བཟུང་རྒྱ་ནག་གིས་མཐའ་མཚམས་ཁག་གི་ས་སྒོ་དམ་དྲག་བྱས་པ་ལ་རྟེན་བོད་མི་སྐྱབས་བཅོལ་བ་ཇེ་ཉུང་དུ་ཕྱིན་པ་རེད། སྔོན་མ་ ༡༩༩༩ ལོའི་ཟླ་མཇུག་ཏུ་ཕྲན་བལ་ཡུལ་སྣེ་ལེན་ཁང་དུ་འབྱོར་དུས་གསར་འབྱོར་བ་ཉིས་སྟོང་སུམ་སྟོང་ལྷག་འདུག་མོད། ༢༠༠༨ ཀྱི་ལོ་མཇུག་ཏུ་གསར་འབྱོར་བའི་གྲངས་ཚད་ཇེ་ཉུང་དུ་ཕྱིན་ཏེ་སྣེ་ལེན་ཁང་ དུ་སུམ་ཅུ་བཞི་བཅུ་ལྷག་ཅིག་ལ་སླེབས་པ་རེད། དེ་བཞིན་གྲྭ་ས་ཁག་གི་གྲྭ་རྒྱུན་གྱི་ཁ་གྲངས་ཇེ་ཉུང་དུ་ཕྱིན་པ་རེད། ༢༠༠༠ ལོ་ནས་ ༢༠༠༧ ལོའི་དབར་དུ་གྲྭ་རྒྱུན་གྱི་ཁ་གྲངས་ཧ་ཅང་མང་བོ་རེད། སྐབས་དེ་དུས་སེར་བྱེས་གྲྭ་ཚང་ལྟ་བུ་ལ་མཚོན་ན། འཛིན་གྲྭ་གསར་བ་བཅས་དེ་དུས་དགེ་འདུན་པ་གྲངས་ཉིས་བརྒྱ་སུམ་བརྒྱ་རེ་ཡོད་པ་རེད། ན་ནིངས་དང་ད་ལོ་ནས་བཟུང་འཛིན་གྲྭ་གསར་བ་རེ་བཙུགས་དུས་བརྒྱ་ཕྲག་ཅིག་ལས་བྱུང་མི་འདུག་ལ། དེའི་ནང་དུ་ཡང་སྔོན་མ་བོད་ནས་སླེབས་ཤིང་ལོ་ཆུང་སེར་བྱེས་སློབ་གྲྭ་ལ་ཞུགས་ ཏེ་ད་ལྟ་འཛིན་གྲྭ་བཅུ་བ་ཐོན་ཏེ་ཆོས་གྲྭར་ཞུགས་མཁན་མང་བ་དང་། དེ་ལས་གཞན་ལ་དྭགས་དང་མོན་པ། འབྲུག་པ་དང་སོག་པོ། སྒང་ཏོག་གི་ཕྲུག་གུ་འགའ་རེ་བཅས་རེད། ད་དུང་གྲྭ་ས་ནས་གྲྭ་བ་མང་བོ་ཞིག་ཕ་ཡུལ་དུ་ལོ་ནས་ཟླ་བ་མཐུད་དེ་འགྲོ་བཞིན་པ་ རེད། དེ་བཞིན་གདན་ས་ནས་བུད་དེ་ངྷ་ས་གཙོས་ས་གནས་ཁག་ཏུ་འགྲོ་མཁན་ཇེ་མང་རེད། དཔེར་ན། རྒྱ་ནག་གི་གཞུང་ཚབ་སྒོ་འགྲམ་ན་བདུན་ཕྲག་རེ་ལ་གྲྭ་སའི་གྲྭ་བ་ག་ཚོད་ཅིག་ སླེབས་འདུག་པ་དེས་ཀྱང་སྡོམ་ཚིག་སྟབས་བདེ་ཞིག་བརྒྱབ་འདུག ཡང་དཔེ་མཚོན་གསལ་བོ་ཞིག་ཞུས་ན། ཕྲན་༡༩༩༩ ལོའི་ཟླ་མཇུག་ཞིག་ལ་ཕྲན་སེར་བྱེས་གྲྭ་ཚང་གི་ཆོས་སྒོར་ཞུགས་ཡིན། སྐབས་དེ་དུས་ངའི་འཛིན་གྲྭ་བསྡུས་ཆེན་རེད། ང་འདུག་སའི་བྱ་བྲལ་ཁང་ཚན་གཅིག་པུ་ལ་ངའི་འཛིན་གྲྭ་མི་གྲངས་བདུན་ཅུ་བརྒྱད་ཅུ་ ཞིག་འདུག དེ་བཞིན་ངའི་འཛིན་གྲྭ་འོག་མ་ལ་བྱ་བྲལ་ཁང་ཚན་གཅིག་པུ་ལ་བརྒྱ་དང་བརྒྱད་འདུག་ ཅེས་ཟེར། ཁོ་ཚོ་གཞུང་གསར་ལ་སླེབས་དུས་ཀྱང་བརྒྱ་ལྷག་ཡོད་པ་རེད། དེ་ལས་ཏྲེ་ཧོར་ཁང་ཚན་ལ་དུ་ཡོད་བཤད་མ་དགོས་པ་རེད། སྤྱིར་བཏང་སེར་བྱེས་གྲྭ་ཚང་གི་ཁང་ཚན་ནང་གི་གྲྭ་རྒྱུན་མང་ཤོས་ཏྲེ་ཧོར་ཁང་ཚན་ རེད། ཡང་ཉིས་སྟོང་དགུ་ལོར་འཛིན་གྲྭ་གསར་བ་བཅས་དུས་ བྱ་བྲལ་ཁང་ཚན་ལ་བོད་ནས་གསར་དུ་འབྱོར་མཁན་ཉི་ཤུ་ཟིན་མི་འདུག འདི་ལྟར་བསམ་ན་གྲྭ་ས་གྲྭ་རྒྱུན་གྱིས་སྟོང་རྒྱུ་ཡིན་པ་ཁོ་ཐག་རེད། ཕྱོགས་གཅིག་ནས་རྒྱ་ནག་གིས་གནོད་ཤུགས་སྤྲོད་པ་རེད། ཕྱོགས་གཅིག་ནས་དགོན་སྡེ་ཁག་གི་སློབ་ཚན་རྒྱུན་རིང་བའི་མཐར་ཕྱིན་དུས་མི་ཚེ་ རྫོགས་རྒྱུ་ཉེ་འདུག་པས་མང་བོ་ཞིག་དབུ་ཕར་མཐར་ཕྱིན་ནས་བོད་ནང་དང་ས་གནས་གཞན་ དུ་འགྲོ་གིན་ཡོད་པ་རེད། ཁག་ཅིག་གིས་སྡུག་རུས་བསྐྱེད་དེ་མུ་མཐུད་དུ་བཞུགས་པ་རེད། ད་ཡིན་ན་བོད་ནས་གྲྭ་རྒྱུན་ཡོང་རྒྱུ་མེད། གཞིས་ཆགས་ཁག་གིས་གྲྭ་ས་ལ་གྲྭ་རྒྱུན་འཇོག་པའི་ལུགས་སྲོལ་དཀོན་པ་བཅས་ཀྱིས་ གྲྭ་ས་གྲྭ་བའི་སྟོང་རྒྱུའི་དུས་ཚོད་ཅིག་ཏན་ཏན་མི་འགྱངས་པར་ཡོང་རྒྱུ་རེད། དེར་མ་ཟད་སེར་བྱེས་གྲྭ་ཚང་ལྟ་བུ་ལ་མཚོན་ན། ལོ་གཉིས་གསུམ་ནང་དུ་བླ་མ་སྤྲུལ་སྐུ་གང་མང་ཞིག་བླ་ལོག་ལབ་ན་མི་འགྲིག་ཀྱང་ གྲྭ་ལོག་བྱས་པ་རེད། དེ་བཞིན་མིང་གྲགས་ཅན་གྱི་དགེ་བཤེས་ཀྱང་གྲྭ་ལོག་བྱས་ཡོད་པ་རེད། སྤྱིར་བཏང་གྲྭ་ས་ན་དགེ་བཤེས་ལྷ་རམས་པ་ཨང་དང་པོ་ལེན་མཁན་དེ་འདྲ་གྲྭ་ལོག་བྱས་ པ་ཡོད་རེད། གྲྭ་རྒྱུན་གྱི་དཀའ་ངལ་འདི་སེ་ར་གཅིག་བུ་མིན་པར་གདན་ས་གསུམ་དང་རིས་མེད་ཀྱི་ དགོན་སྡེ་ཁག་ཏུ་འཕྲད་བཞིན་ཡོད་པ་རེད། ད་ནི་གྲྭ་བས་གྲྭ་བ་ལ་མཐོང་ཆུང་དང་ཁྱད་གསོད་བྱེད་ཀྱིན་འདུག་ན་མི་སྐྱ་ཚོ་ལ་ བཤད་མི་དགོས་པ་རེད།
ད་ལྟ་གྲྭ་ལོག་ཚོས་རང་ཉིད་གྲྭ་ས་ནས་འདུག་མ་ཐུབ་པ་ལ་འགྲེལ་བཤད་མི་ རྒྱག་པར་གྲྭ་ས་ཁག་གི་གནས་སྟངས་སྐྱོ་རབ་དང་སྡུག་གླེང་གིན་ཡོད་པ་རེད། དོན་དངོས་སུ་སོ་སོས་གྲྭ་ས་གྲྭ་ཚང་གི་སྒྲིག་ཁྲིམས་བརྩི་སྲུང་བྱེད་མ་ཐུབ་པ་ གླེང་གིན་མེད།ད་ཡིན་ན་ལོ་ནས་ལོ་རེ་གྲྭ་ལོག་དང་ཇོ་ལོག་ཇེ་མང་རེད། ཡང་སྦེལ་ཀོབ་ཀྱི་དགོན་པ་ཆུང་ཆུང་ཞིག་གིས་སྒང་ཏོག་དང་བལ་ ཡུལ་ནས་གྲྭ་རྒྱུན་གྱི་ཕྱིར་ཏུ་བྱིས་པ་ལོ་ཆུང་འགའ་རེ་ཧིན་སྒོར་ལྔ་སྟོང་སྤྲད་ ནས་ཉོ་འདུག་ཅེས་ཕྲན་ལ་གསལ་བོ་ལབ་བྱུང་། གདན་ས་གསུམ་དང་དགོན་སྡེ་ཁག་གིས་ད་དུང་གྲྭ་རྒྱུན་ལ་བསམ་བློ་མི་གཏོང་བར་འདུ་ ཁང་ཇེ་རྫིག་དང་དཔལ་འབྱོར་འཚོལ་སྒུབ་ཀྱི་ཕྱོགས་སུ་འབད་ནས་དུས་ཚོད་འགྲོ་བཞིན་ པ་རེད། གྲྭ་ཚང་འགའ་རེའི་སྒོར་མོའི་ཁ་གྲངས་ལ་གཞིག་ན་བོད་རང་བཙན་ཉོ་རྒྱུ་ཡོད་ཚེ་ཉོ་ ཐུབ་ས་རེད་བསམ་སྐྱིད་ཅིག་རེད། ད་དུང་གྲྭ་ཚང་འགའ་རེས་དངུལ་མང་བོ་ཉར་ཏེ་མཐའ་མ་དགེ་འདུན་པའི་ཕྱག་ཏུ་མི་ཕུལ་ བར་མི་སྐྱ་འགའ་རེ་དང་རྒྱ་གར་བ་ཚོང་བ་ཆེན་པོ་འགའ་རེའི་ལག་ཏུ་ཤོར་བའི་གནས་ ཚུལ་ཁོངས་ལྡན་འདུག དེ་མིན་ལོ་བཅུའི་ཡར་སྔོན་དུ་གྲྭ་ས་ན་རིག་གནས་ཟུར་དུ་སྦྱོང་མཁན་མ་གཏོགས་རིག་ མྱོང་མཐོང་མྱོང་མེད། གལ་སྲིད་རིག་གནས་སློབ་མཁན་ཞིག་ཡོད་ཀྱང་གུང་གསེང་ཉིན་མོ་ལས་མི་སྲིད་པ་ཞིག་ རེད། ད་ལྟ་འགྱུར་བ་ཕྱིན་ཏེ་བདུན་ཕྲག་རེའི་ནང་དུ་ཐེངས་འགའ་ཤས་ལ་རིག་གནས་སློབ་ ཁྲིད་ཀྱི་ཆུ་ཚོད་གཏན་ཁེལ་བྱས་ཡོད། ད་དུང་དབྱིན་ཇི་དང་རྒྱ་ཡིག་སྦྱོང་མཁན་ལོ་བཅུའི་ཡར་སྔོན་དུ་གོ་ཐོས་ཙམ་ལས་ དངོས་སུ་རིག་མྱོང་མེད་མོད། ཁ་སང་དེ་རིང་བདུན་ཕྲག་རེའི་ནང་དུ་དབྱིན་ཇི་འཛིན་གྲྭ་དང་རྒྱ་ཡིག་འཛིན་གྲྭ་ འཚོགས་ཀྱིན་ཡོད་པ་རེད། དེ་མིན་ཁམས་ཚན་འགའ་རེས་དབྱིན་ཇི་དང་རྒྱ་ཡིག་ལ་དོ་སྣང་ཙམ་མིན་པར་ནང་ཆོས་ལས་ ཀྱང་གལ་ཆེ་བརྩིས་ཏེ་སློབ་ཁྲིད་དུ་མ་ཡོང་ན་ཉེས་ཆད་གཅོད་པ་དང་། ཟླ་བ་འགའ་རེའི་རྗེས་དབྱིན་ཇི་ཡིག་རྩལ་བཏང་སྟེ་བྱ་དགའ་ཡང་སྟེར་རྒྱུའི་ལམ་ སྲོལ་དར་འདུག དེ་ནི་ང་ཚོ་བྱ་བྲལ་ཁམས་ཚན་གཙོས་དར་བ་ཞིག་རེད། འདི་ཡར་རྒྱས་དང་གོང་འཕེལ་ཞིག་ཡིན་མིན་དེ་ངས་བཤད་ཁག་པོ་རེད། འོན་ཀྱང་གནས་སྟངས་དངོས་གནས་དེ་འདྲ་ཆགས་འདུག དེ་མིན་ནང་ཆོས་ཀྱི་དཔེ་ཁྲིད་ལ་མ་སོང་ཡང་ཆད་པ་གཅོད་མཁན་ཞིག་རིག་རྒྱུ་གོ་ རྒྱུ་མེད། ཕྲན་ལ་མཚོན་ན་དབྱིན་ཇི་མ་ཤེས་ནས་དཀའ་ངལ་གང་མང་འཕྲད་མྱོང་། དེའི་ཕྱིར་ད་ལོ་ནས་བཟུང་དབྱིན་ཇི་སྦྱོང་དགོས་བསམ་ཡོད། ཕྱོགས་གཅིག་ནས་དབྱིན་ཇི་དང་རྒྱ་ཡིག་སྐོར་ནས་ཕལ་ཆེ་བས་ཟ་འཐུང་ཙམ་གྱིས་མགོ་ ཐོན་ཡོད་མེད་དོགས་གནས་རེད། གང་ལྟར་༧གོང་ས་མཆོག་གི་བཀའ་སློབ་ལས་ཚན་རིག་དང་ནང་ཆོས་ཟུང་འབྲེལ་བྱེད་རྒྱུ་ དང་དེང་དུས་ཀྱི་གྲྭ་བ་ཞིག་བྱེད་རྒྱུ་གལ་ཆེ་ཞེས་པའི་དོན་ལ་གོ་ནོར་ཞིག་ཐེབས་ ཨེ་འདུག་བསམ་པ་བྱུང་། ༧གོང་ས་མཆོག་གི་དགོངས་གཞི་ནི་ནང་ཆོས་དང་ཚན་རིག་ཟུང་འབྲེལ་དང་དེང་དུས་ཀྱི་ གྲྭ་བ་གསུངས་པ་དེ་ནི་ཕལ་ཆེར་ངས་བལྟས་ན་དབྱིན་སྐད་སྟེང་ནས་ནང་ཆོས་ངོ་སྤྲོད་ བྱེད་ཐུབ་པ་ལ་གོ་རྒྱུ་རེད་བསམ།
གང་ལྟར་དབྱིན་སྐད་དང་རྒྱ་སྐད་ཤེས་ན་ཕྲན་ལ་དགའ་རྒྱུ་ཞིག་ལས་སྡུག་རྒྱུ་མེད། འོན་ཀྱང་ནང་ཆོས་ཕྱོགས་ཀྱི་འཐུས་ཤོར་འདི་ལ་ཐུགས་བསམ་རེ་བཞེས་རྒྱུ་གལ་ཆེན་དང་ དོན་ཆེན་རེད་སྙམ། ཡིན་ཡང་རང་ཉིད་ཀྱིས་ནང་ཆོས་སྦྱོང་ནས་དག་དག་བཟོས་ཡོད་ཅེས་ཁ་ཤོམ་འཐེན་པ་མིན། རང་ཉིད་ནང་ཆོས་དང་དགོན་སྡེ་ལ་ཤ་ཞེན་ཟམ་མོ་ཞིག་ཡོད་པས་གྲྭ་རྒྱུན་སྐོར་དང་ དགོན་པའི་གནས་སྟངས་འགའ་རེ་ལ་ལས་སྣེ་ཚོས་བསམ་བློ་གཏོང་དགོས་པ་འདྲ་ཞེས་རེ་ སྐུལ་གྱིས་ཚུལ་དུ་ཞུས་པ་ཡིན།
ནང་ཆོས་གཙོ་བོར་འཛིན་མཁན་གདན་ས་ཁག་གཙོས་རིས་མེད་ཀྱི་ཆོས་སྡེ་ཁག་ཡིན་ ཞེས་༧གོང་ས་མཆོག་གིས་བཀའ་སློབ་ལམ་སྟོན་གནང་བ་རེད། དེར་མ་ཟད་ཉེ་ཆར་༧གོང་ས་མཆོག་གིས་འདིའི་ཕྱོགས་སུ་ཐུགས་བསམ་བཞེས་ཏེ་ཧི་མ་ལ་ ཡའི་རི་རྒྱུད་ཁག་ཏུ་ཁྱེད་ཅག་གིས་བོད་ཀྱི་རིག་གཞུང་ལ་བདག་སྐྱོང་བྱེད་དགོས་པ་ རེད་ཅེས་བཀའ་ཕེབས་པ་རེད། དེ་མིན་ལོ་འགའི་སྔོན་དུ་༧གོང་ས་མཆོག་གིས་གྲོང་སྡེ་ཁག་དང་སློབ་གྲྭ་ཁག་ཏུ་ནང་ ཆོས་ཀྱི་མཚན་ཉིད་འཛུགས་དགོས་པའི་བཀའ་སློབ་དེའི་དགོངས་དོན་ངས་ཚོད་དཔག་ལྟར་ན་ དེ་ལྟར་ཡིན་རྒྱུ་རེད་བསམ། སྤྱིར་བཏང་བོད་ནང་གི་དགོན་སྡེ་ཁག་ཏུ་གྲྭ་བ་བཟོ་མཁན་ཇེ་ཉུང་དང་གྲྭ་བ་ལོག་ མཁན་ཇེ་མང་རེད། སྔོན་མ་ངའི་ཕ་ཡུལ་ནས་གྲྭ་བ་ལོག་ན་ཕོ་གསར་ག་འདྲ་རྫིག་ཀྱང་བུ་མོ་རག་ཁག་པོ་ རེད། དེ་ནི་སྲོལ་རྒྱུན་གྱིས་གནོད་ཤུགས་འོག་ནས་གྲྭ་ལོག་གྱི་གྱོན་པ་ལ་དགེ་ཤན་དང་ གྲྭ་ལོག་ལབ་དུས་ཕལ་ཆེར་ལམ་འགྲོ་མི་རྒྱུགས་མཁན་ཞིག་ལ་ངོས་འཛིན་བྱེད་ཀྱིན་ ཡོད་པ་རེད། ད་ལྟ་གྲྭ་ལོག་ལ་ལྟ་སྟངས་དེ་འདྲ་མེད་པ་མ་ཟད་གྲྭ་ལོག་མག་པ་རག་ན་འཇོན་པོ་དང་ ཆུང་མ་ལ་བྱམས་སེམས་ཆེ་བ་ཞིག་ཏུ་ངོས་འཛིན་བྱས་ཏེ་ད་ལྟ་ངའི་ཕ་ཡུལ་གྱི་གཞིས་ དགོན་ནས་ལོ་ལྔ་བཅུ་སླེབས་མཁན་དེ་འདྲ་གྲྭ་ལོག་པའི་གནས་ཚུལ་གོ་མྱོང་། དེ་མིན་དགོན་སྡེ་ཁག་མང་བོ་ཞིག་ཏུ་གནས་ཚུལ་དེའི་རིགས་དར་ཁྱབ་འགྲོ་བཞིན་པའི་ སྒང་རེད། གྲྭ་ས་གྲྭ་རྒྱུན་གྱི་སྟོང་རྒྱུ་ཡིན་པ་མང་བོ་ཞིག་གིས་ཤེས་ཀྱིན་མེད་པ་འདྲ། ད་དུང་འདུ་ཁང་གསར་བཞེངས་དང་ཁང་ཚན་གསར་རྒྱག་ལ་བྲེལ་འདུག ངས་བལྟས་ན་འདུ་ཁང་གསར་དུ་རྒྱག་མི་དགོས་པར་འདུ་ཁང་ནང་དུ་འདུག་མཁན་གྱི་ཕྱོགས་སུ་ཐབས་བརྒྱ་ཇུས་སྟོང་འཐེན་དགོས་པ་འདྲ་སྙམ། འདི་ནི་གྲྭ་ས་གྲྭ་རྒྱུན་གྱི་སྟོང་རྒྱུའི་ཉེན་ཁའི་ཕྱོགས་ཙམ་གླེང་བ་ཡིན། ངས་གྲྭ་ས་གྲྭ་རྒྱུན་གྱི་སྟོང་རྒྱུ་རེད་ཟེར་དུས་བོད་ཀྱི་ཆོས་སྡེ་ཆེན་མོ་གདན་ ས་གསུམ་གཙོས་བོད་ཀྱི་རིས་མེད་ཀྱི་དགོན་སྡེ་ལ་ལབ་ཡིན། ད་དུང་བོད་ཀྱི་གྲྭ་བ་མ་ཡིན་པས་གྲྭ་ས་ལ་ཁྲི་ཕྲག་ཅིག་འདུས་ཀྱང་ངས་ཟེར་བཞིན་ པའི་གྲྭ་ས་དེ་སྟོང་ཚར་བ་ཡིན་པ་ཐུགས་འཇགས་འཚལ། ཡང་གྲྭ་ས་གྲྭ་རྒྱུན་གྱིས་སྟོང་རྒྱུ་རེད་ལབ་དུས་འགའ་ཤས་ཤིག་གིས་རྟེན་འབྲེལ་ མི་ལེགས་པ་ཞིག་ཏུ་ངོས་འཛིན་བྱས་ན་ཁྱེད་རང་གིས་སྡུག་ལག་པས་བླངས་ནས་ཐོད་པར་བཞག་ཅེས་པ་ལས་མ་འདས་སོ།། ༢༠༡༠་ལོའི་ ༧ ཚེས་ ༧ ཉིན་བྲིས་པའོ།།
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།
གྲྭ་ས་ནི་སྤྱིར་བཏང་གི་སློབ་སྦྱོང་བྱེད་ས་ཞིག་མ་རེད། སློབ་གྲྭ་ཡིན་ན་དུས་ཚོད་དང་མཐུན་པའི་སྒོ་ནས་སློབ་ཚན་འགྱུར་བ་བཏང་ཡང་ཆོག་མོད། གྲྭ་ས་འཛུགས་དགོས་པའི་རྒྱུ་མཚན་ནི་སངས་རྒྱས་ཆོས་ལུགས་ཁོ་ན་སྦྱང་སའི་དམིགས་བསལ་ཞིག་ཡིན་ལ། གྲྭ་པ་ཡང་དེ་བཞིན་ཡིན། སྦྱོབ་སྦྱོང་འདྲ་མིན་ལ་མཁས་པའི་ཆེད་དུ་གྲྭ་པ་བྱེད་ཀྱི་ཡོད་པ་ཞིག་མ་རེད། སངས་རྒྱས་ཆོས་ལུགས་སྦྱོང་རྒྱུར་མཐུན་རྐྱེན་གྱིས་མ་འདང་བར་བརྟེན། གྲྭ་བ་ཉུང་དུ་སོང་ན་མཐུན་རྐྱེན་བསྐྲུན་དགོས་པ་ལས། དེ་མིན་གྱི་སློབ་སྦྱོང་དགོས་པའི་ཆེད་དུ་གྲྭ་པ་ཉུང་དུ་སོང་ན། བྱེད་ཐབས་གང་ཡང་མེད། དགོན་སྡེ་ཁག་གི་སློབ་ཚན་ལ་འགྱུར་བ་གཏོང་རྒྱུ་གང་ཡང་མེད། སངས་རྒྱས་ཆོས་ལུགས་ཁོ་ན་དོན་གཉེར་བྱེད་མཁན་གྱི་དགེ་འདུན་པ་མེད་ན། གྲྭ་ཚང་སྟོང་ཡང་ཆོག་པ་ཞིག་རེད། དེ་མིན་གྱི་སློབ་ཚན་སྦྱོང་ས་སློབ་གྲྭ་ཁག་ཡར་རྒྱས་བཏང་ན། མི་ཚང་མས་དེར་སློབ་སྦྱོང་ཆོག་པས། ཟུར་དུ་དགོན་པ་འཛུགས་དགོས་དོན་མ་མཆིས་སོ།།
ཨ་དགེ་ལེགས་ཁྱོད་ཀྱི་བཤད་པ་དེ་ཚོ་རི་བོང་གནམ་རྡུབ་གྱི་སྡུག་བསྔལ་ལས་མེད།གྲྭ་ས་ན་གྲྭ་བའི་སྤྱང་བའི་ཤེས་བྱ་དེ་དག་མི་སྐྱ་ནང་ཧ་ཅང་ཤེས་ཚུལ་སྐྱོ་བའི་དབང་གི་གྲྭ་ས་ན་ཤེས་ཡོན་མི་འདུག་ཟེར་བ་རེད།དེ་ཁག་མེད།རང་ཉིད་ལ་ཤེས་ཚུལ་དེ་མེད་ན་གཞན་ལ་ཤེས་ཚུལ་དེ་ཡོད་པ་མཐོང་མི་ཐུབ།གྲྭ་རྒྱུན་སྟོང་ལ་ཉེ་ཞེས་པ་དེ་ནོར་བ་རེད།གྲྭ་རྒྱུན་མང་ནས་ཕན་ཐོག་མེད་གང་ཡོད་པ་རེད།དེ་ལས་ཡོད་པ་དེ་ཚོ་སྤུས་དག་པོ་དགོས་བདག་པོ་ཡག་པོ་རྒྱག་རྒྱུ་དེ་གཙོ་བོ་རེད།གྲྭ་ས་ན་སྟིང་འཛིན་འོག་སློབ་སྤྱོང་སྤྲོད་མཁན་མེད་དེ་རྗེས་ལས་རེད།སྔོན་མ་མེད་པས་རྒྱུ་མཚན་གྱི་དེ་འདྲ་བཤད་མཁན་ཡོད།དེ་ཚོའི་ནོར་ཡོད།སློབ་གཉེར་གྱི་དུས་ཡུན་རིང་ཡོད་པ་གསལ་བོ་རེད་དེ་བདེན་པ་རེད།དུས་ཡུན་ཐུང་རི་གཏོང་དགོས་ན་དཔེ་ཁྲིད་དགེ་རྒན་གྲྭ་ཚང་ནས་བསྐོས་ཏེ་དུས་ཚོད་དམ་འཛིན་ཐོག་འགྲོ་དགོས།དེ་ཡོངས་པ་ལ་ད་དུང་ལོ་མང་དགོས་རྒྱུ་རེད།གྲྭ་ས་ཁག་གི་ནང་དངུལ་སློབ་གཉེར་བའི་སློབ་སྤྱོང་ཐོག་བེད་སྤྱོད་གཏོང་ཐུབ་མཁན་མེད།འདུག་ས་ཞིག་ཁང་ཚན་དང་ཡང་ན་རང་ཉིད་ནས་གྲ་སྒྲིག་བྱས་གྲྭ་ཚང་ནས་ཆོས་གྲྭར་འཚོགས་ས་ཞིག་དང་གྲྭ་ཇ་འཚོགས་ས་ཞིག་ལ་འགྲོ་སོང་བཏང་ཡོད།དེ་བཀའ་དྲིན་ཆེན་པོར་རྩིས་རྒྱུ་ཡོད།དོན་ངོ་མ་འདུག་ས་མ་རེག་པ་དང་བཟའ་འཐུང་མ་རེག་པས་དབང་གི་འདིར་འོང་བ་གཏན་ནས་ཡིན་རྒྱུ་མ་རེད།སློབ་གཉེར་ཞིག་བྱེད་ཆེད་ཡོང་བ་ཡིན་པས་དམིགས་ཡིད་དེ་བསྒྲུབ་མེད།མཐར་ཐུག་རང་ཉིད་ལ་ཤེས་ཡོན་ཡོད་པ་དེ་མི་ལ་བཤད་མ་ཤེས།མའི་གོ་དཀའ་བ་དེ་འདྲའི་འོག་སེམས་ཤུགས་ཆགས་ནས་གྲྭ་བ་ལོག་པ་དང་ལས་དཀའ་གཞན་ལ་ཞུགས་རྒྱུ་ཡོད་པ་དངོས་བདེན་རེད།གྲྭ་ས་གྲྭ་བ་མང་དགོས་ན་ཤེས་རིག་གི་སྡེ་ཚན་མང་དགོས།ད་དུང་མི་མང་ནང་ཆོས་ཀྱི་ཤེས་ཚུལ་མཐོ་རུ་གཏོང་དགོས།དེ་མིན་ཐབས་ཤེས་མཐོང་མ་སོང་ལ།དགོངས་དག་ཞུ་མང་པོ་ཆགས་སོང་།
དྲ་གྲོགས་མང་བོ་ཕེབས་ནས་བསམ་ཚུལ་འདྲ་མིན་བཤད་པ་ལ་བརྟེན་ནས་ངས་ཀྱང་བསམ་བློ་གཏོང་སྟངས་གཞན་ཞིག་རྙེད་བྱུང་། འདིའི་ནང་གི་འགའ་རེའི་སྐད་ཆ་ལ་དགོད་རྒྱུ་ཞིག་ལས་ཅི་ཡང་མ་ཡོང་ཐལ།
ཨ་དགེ་ལགས་ཁྱེད་ཀྱི་ཡིད་བཟབགནངབ་དང་ཐུགས་ཁུལ་གནང་བ་ལ་ཡིད་རང་དང་ཁྱེད་ལ་དེ་འདྲ་མི་ཡོང་བའི་ཐབས་ལམ་ཞིག་ཡོད་དམ་
སྤྱིར་ན་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་རྒྱུད་འཛིན་པ་ཇི་ལྟར་མང་ན་བཟང་མོད། སྤུས་ཀ་དེ་ཡང་གཙོ་བོ་ཡིན་སྟབས། གྲྭ་ཚང་ཇེ་ཉུང་དང་གྲྭ་རྒྱུན་ཇེ་ཉུང་དུ་སོང་ནས་གང་ཡོད་པ་རྣམས་སྤུས་གཙང་དང་དངོས་གནས་དྲང་གནས་བསླབ་པ་སློབ་གཉེར་ལ་བརྩོན་མཁན་ཡིན་ན། དེ་ནི་གནས་ཚུལ་བཟང་བོ་ཞིག་ལས་སྡུག་པོ་ཞྀག་ཏུ་མཐོང་ཐུབ་ཀྱི་མི་འདུག སྐབས་འདིར་ཁང་རྡོར་གྱི་གྲྭ་ས་ལ་གཏམ་ངན་ཞྀག་ཡིན་སྲིད་ཀྱང་། བོད་མི་རིགས་ལ་གཏམ་བཟང་ཞིག་ཡིན་སྲིད་ཅེས་པའི་མི་རིགས་ལ་བསམ་པའི་གསུང་མོལ་ཐུང་ངུ་དེར་ངས་བདེན་གི་འདོད་ཁུ།
མཆན་གྱི་མཇུག་ཏུ་༼འདི་ནི་རིགས་པ་ལ་ལོགས་སུ་ཤར་བ་མེད་པར་ཁྱོད་ཀྱང་འདི་སྣང་གི་རིག་པ་སུ་ལའང་མི་བཤད་ཐུ་མེད་༽ཅེས་པའི་ཚིག་ལྷག་ཅིག་ཤོར་ཡོད་པ་ནི་མཆན་འདིའི་མཇུག་ཚིག་མིན་པས་དགོངས་དག་ཞུ།
སེར་ལྷོ་བ་ལགས།ངས་ཁྱོད་ལ་སྐད་ཆ་དྲང་མོ་ཞིག་བཤད།ཁྱོད་ཀྱིས་གྲྭ་ས་ཁག་ལ་གྲྭ་རྒྱུན་ཇེ་མང་དུ་འགྲོ་བའི་ཐབས་ལམ་ལ་གླེང་སློང་བྱེད་དགོས་པའི་བསམ་ཚུལ་འདོན་གྱི་འདུག་་་དེ་ལ་ཐབས་ལམ་ཟེར་ནས་དམིགས་བསལ་བ་ཅུང་གླེང་ཐུབ་ཡ་ཡོད་པ་མ་རེད།འདི་ནི་སྤྱི་ཚོགས་འདིའི་རང་བྱུང་གི་འགྱུར་བ་ལྡོག་ཏུ་མེད་པ་དེ་ཡིན།སྒོས་སུ་གྲྭ་ས་ཁག་གི་གྲྭ་བ་ཚོའི་བྱིན་རླབས་ཀྱི་མཐའ་ཟད་པའི་དུས་ཚོད་ཅིག་ཀྱང་ཡིན་པས་སེམས་ཁུར་བྱས་ནས་ཡོང་རྒྱུ་ཡོད་པ་མ་རེད།
ཡང་ཁྱོད་ཀྱིས༧གོང་ས་མཆོག་གིས་གནས་ཚུལ་འདིའི་སྒང་ལ་བཀའ་སློབ་ལན་མང་ཕེབས་ཡོད་ཚུལ་དང་དེ་ཁྱོད་མ་གཏོགས་གཞན་གང་གིས་ཀྱང་མགོ་ཚོས་ཀྱི་མི་འདུག་ཚུལ་བཤད་ཀྱིན་འདུག་་་༧གོང་ས་མཆོག་གིས་ནམ་ཞིག་ལ་དེ་འདྲའི་བཀའ་སློབ་ཞིག་གསུངས་སོང་།ཚུལ་ཇི་ལྟར་གསུངས་སོང་།ངས་གོ་ཚུལ་ལ་༧གོང་ས་མཆོག་གིས་ད་ལྟ་ང་ཚོར་གྲྭ་བ་མང་དགོས་ཡ་མི་འདུག་་་་སྤུས་གཙང་ཉུང་ཤས་ཤིག་གིས་ཆོག་་་གསུངས་པ་ཞིག་ལོ་སྔོན་མའི་ནང་་ཆོས་ངོ་སྤྲོད་སྐབས་གསུངས་ཡོད་ལ།ལྷག་ཏུ་བོད་ཀྱི་མི་གྲངས་ཇེ་ཉུང་དུ་འགྲོ་བའི་རྒྱུ་གཙོ་བོ་ནི་རབ་བྱུང་ཕོ་མོ་མང་དྲག་པས་རེད་།ཅེས་སོགས་ཐེངས་མང་གསུངས་ཡོད།གསུང་ཚིག་འདི་དག་ནི་ལོ་སྔོན་པའི་ནང་ཆོས་ངོ་སྤྲོད་ཀྱི་དེབ་ལ་གཟིགས་དང་གསལ་བོ་ཡོད།ངས་ནི་གོང་གི་བཀའ་སློབ་དེ་འདྲ་ཞིག་ངོ་མ་ཐོས་མྱོང་མ་བྱུང་བས་ཁྱོད་ཀྱིས་མཐོང་རྒྱ་མེད་པའི་ཕྲན་ལ་གསལ་བོ་ཞིག་གསུངས་རོགས།འདི་ནི་རིགས་པ་ལ་ལོགས་སུ་ཤར་བ་མེད་པར་ཁྱོད་ཀྱང་འདི་སྣང་གི་རིག་པ་སུ་ལའང་མི་བཤད་ཐུ་མེད་
༅ གནས་ཚུལ་འདི་ཉེན་ཁ་ཆེ་བའི་རང་བཞིན་དུ་༧གོང་ས་མཆོག་གིས་གཟིགས་ནས་མི་མང་ལ་ནང་ཆོས་གོ་རྟོགས་ཇེ་མཐོར་གཏོང་དགོས་པའི་བཀའ་སློབ་མང་པོ་ཕེབས་ཡོད་ནའང་ད་བར་གླེང་མཁན་བྱུང་ཡང་ལག་བསྟར་འཐུས་ཚང་བྱེད་མཁན་བྱུང་མེད། ཁྱེད་ཅག་གིས་ཛ་དྲག་གི་གནས་སྟངས་འདི་ད་བར་མཐོང་མེད་ན་མཐོང་རྒྱ་ཆུང་བའི་རྟགས་སུ་བགྲང་རྒྱུ་ལས་གཞན་གང་ཡང་མིན། འདི་ནི་༧གོང་ས་མཆོག་གི་བཀའ་སློབ་སྔ་ཕྱི་མང་པོ་ཕེབས་ཡོད། ད་ལྟའི་གནས་སྟངས་འདི་མུར་གནས་ན་གྲྭ་ས་ཁག་རྒན་གསོ་ཁང་བཞིན་དུ་མི་འགྱུར་བའི་ངེས་པ་མེད།
ད་ལྟ་གྲྭ་ས་ཁག་ཏུ་ལོ་རེ་ནས་ལོ་རེར་གྲྭ་རྒྱུན་ཉུང་དུ་འགྲོ་བཞིན་པའི་ངང་ཚུལ་ལ་བསམ་ན་རྩོམ་སྒྲིག་པའི་རྨི་ལམ་དང་དགེ་མཐོང་གི་འཁྲུལ་སྣང་རྣམས་མངོན་དུ་མི་འགྱུར་བའི་ངེས་པ་མེད། ཁྱེད་ཅག་གིས་གླེང་སློང་སྟངས་འདི་ལྟར་བསྐྱར་སློང་ཡང་སློང་བྱས་ཀྱང་དམིགས་ཕུགས་པའི་ལེགས་གང་ཡང་མཐོང་རྒྱུ་མི་འདུག
རྣམ་དཔྱོད་ཡོད་འདིའི་ཐབས་ལམ་ཇི་འདྲ་ཞིག་གིས་མྱུར་སྐྱོབ་ཐུབ་མིན་སྐོར་ལ་གླེང་དང་། ངས་བསམ་ན་འབྱུང་འགྱུར་མི་ལོ་བཅུ་གྲངས་ཀྱི་རྗེས་སུ་གྲྭ་ས་ཁག་ཏུ་སྔར་ལས་ལྷག་པའི་གྲྭ་རྒྱུན་འཕེལ་བར་སེམས།
༧གོང་ས་མཆོག་གི་རླབས་ཆེན་གྱི་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་པ་ལ་གཞིགས་ན་དེ་ལྟ་བུའི་ཐབས་སྐྱོ་བའི་གནས་ཚུལ་མི་འབྱུང་བའི་ཡིད་ཆེས་ཡོད།
ཨ་དགེ་ལགས་ཀྱིས་བསམ་གཞིགས་རྣོན་པོ་ཞིག་བཏང་འདུག་པས་དགའ་ཡོད།རྩོམ་པ་པོ་ནི་མ་གཞི་ནས་སྤྱི་ཚོགས་ཀྱི་སོ་སྲུང་བ་ཡིན་ཞེས་པར་དེ་རིང་ངེས་ཤེས་གསལ་བོ་ཞིག་སླེབས་སུ་བཅུག་སོང།
སྔར་དཔལ་ཎ་ལེནཌཱ་ཤུགས་ཆེར་དར་བའི་སྐབས། མ་འོངས་པ་ན་ཁྱོད་ཀྱི་ཤུལ་འདི་ད་ལྟའི་ངང་ཚུལ་གྱི་ཅང་མེད་ཤུལ་སྟོང་ཞིག་ཏུ་འགྱུར་ངེས་ཟེར་ན། དེ་དུས་ཀྱི་དགྲ་བཅོམ་པ་དག་གིས་རྡོ་དང་དབྱུག་པ་གཉིས་ཆ་བཟུང་ནས་ཁྱོད་རང་མི་གསོད་ནའང་། མིག་གིས་མི་རིག་ས་ཞིག་ཏུ་བརྫངས་རྒྱུ་ཐག་གིས་ཆོད།
ཡང་བོད་གངས་ཅན་གྱི་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་དར་བ་དང་ལྷག་པར་དུ་རི་བོ་དགེ་ལྡན་པའི་བསྟན་པ་མདོ་ཁམས་སྨད་དུ་དར་བའི་མགོ་བཙུགས་རྗེས། བོད་ཀྱི་ལོ་རྒྱུས་ཐོག་སྐད་གྲགས་འབར་བའི་མཁས་པ་མང་བོ་བྱོན་མྱོང་སའི་ཅོ་ནེ་དང་དཔའ་རིས་ཡུལ་དུ། མ་འོངས་པ་ན་ཁྱོད་ཚོའི་མི་འདི་དག་དགྱ་མི་རུ་འགྱུར་ངེས་ཞེས་བརྗོད་ན། ཡང་མི་གསོད་རུང་ཁྱོད་ལ་གཅར་བརྡུང་ཚད་མེད་ཅིག་བྱེད་རྒྱུ་ཐག་གིས་ཆོད།
དེ་དང་དེ་ལ་སོགས་པ། ལྷག་པར་དུ་སོག་ཡུལ་གྱི་ཁལ་ཁ་རྗེ་བཙུན་དམ་པའི་དགོན་པ་སོགས་ད་ལྟ་ཤུལ་རོ་ཙམ་དུ་གྱུར་བ་སོགས་ཀྱི་ལོ་རྒྱུས་ནི་རྒྱང་ཐག་རིང་བོ་ནི་གང་ཡང་མིན། དེ་དང་དེ་ལ་སོགས་པའི་ལོ་རྒྱུས་ཀྱི་བདེན་པས་ངོ་སྤྲད་ན། ང་ཚོས་ཀྱང་དང་བོ་ནས་དེར་གཟས་པའི་གྲ་སྒྲིག་ཅིག་དང་སྔོན་དཔག་གི་བསམ་བློ་ཞིག་ཏན་ཏན་དགོས་པར་སེམས། དེ་རིང་ཨ་དགེ་ལགས་ཀྱིས་འདིའི་སྐོར་གྱི་ཉེན་བརྡ་ཞིག་བཏང་བ་དང་ཉེ་སྔོན་རྩོམ་སྒྲིག་པས་ཀྱང་དེ་ག་རང་གསུང་བ་སོགས་ནི། མ་འོངས་པའི་ལོ་རྒྱུས་ལ་བསམ་གཞིགས་ནན་མོ་བཏང་བ་ལོས་ཡིན།
ང་ཚོའི་བོད་མི་རིགས་འདི་མགོ་ལ་ཡོང་རག་བར་སྒུག་འདུག་མཁན་ཞིག་ཡིན་པ་ནི་ང་བརྒྱད་དང་ང་དགུའི་ལོ་ལྟ་བུ་རེད། དེ་དུས་ཀྱང་དགྱ་ནག་གིས་མཆེ་བ་གཙིགས་ནས་ཧམ་ཟ་བྱེད་རྒྱུར་སྒུག་བསྡད་པ་ལྟ་བུ་ཞིག་ཏུ་གྱུར་ཡོད། དོན་དངོས་ཀྱིས་བཤད་ན། བོད་ལ་བཤད་སྒྲུབ་གཉིས་ལྡན་གྱི་དགོན་སྡེ་དགོས་པ་དངོས་ཡོད་ཡིན་ཡང་། དེང་སང་གི་བོད་ཕྱི་ནང་གི་དགོན་ལྷག་དང་དེར་ཉུག་མར་གནས་པའི་གྲྭ་བཙུན་དག་ནི་ཁྱིམ་པ་སུན་འབྱིན་ལྟ་བུར་ཆེད་དུ་མི་ཞིག་གིས་གོ་སྒྲིག་གནང་བ་ལྟ་བུ་ཞིག་ཡིན་པ་ནི་ཀློག་པ་པོ་ཁྱེད་མི་རློམ་ན་རྡ་སར་ཐེངས་གཅིག་ཤོག་དང་ཡོངས་སུ་རྟོགས་ངེས། གྲངས་ཀ་གཙོ་བོ་མ་ཡིན་པར་སྤུས་པ་གཙོ་བོ་རེད། སྤུས་ལེགས་ཅན་གྱི་གྲྭ་བཙུན་མཁོ་བ་ལས། ལྟོ་དོན་ཁོ་ན་གཉེར་བའི་གྲྭ་བཙུན་གྱིས་ཕན་ལས་གནོད་བསྐྱལ་གྱི་འདུག
ད་གང་ལྟར་དུས་ཚོད་ཀྱིས་རང་རེའི་དགོན་སྡེ་དག་ལ་རང་བཞིན་གྱི་ཉེན་ཁ་ཞིག་སླེབས་ཡོང་གི་རེད། དེར་ཕལ་ཆེར་ཟློག་ཐབས་མེད་པར་མཐོང་། དྲང་མོར་བཤད་ན་ཟློག་དགོས་དོན་ཡང་མེད། ཆོས་པ་ཇེ་ཉུང་དུ་སོང་ན། རྒྱལ་ཁབ་ཀྱི་ཆབ་སྲིད་ཀྱི་སྤུས་ཀ་ཡང་ཇེ་ལེགས་སུ་འགྲོ་ངེས། ཆོས་མ་ཡིན་ཞིང་སྲིད་ཀྱང་མ་ཡིན་པའི་ཁྲིམས་ཤིག་གིས་རྒྱལ་ཁབ་སྐྱོང་དགོས་ན་ཧ་ཅང་ཁེག་པ་ཡང་རེད། འདིའི་ཐད་ནས་བདག་གིས་《བཙན་པོ་ཨུ་དུམ་བཙན་ལ་དཀར་འདོན》ཞེས་པའི་དཔྱད་རྩོམ་གྱི་ཁུལ་ཞིག་ཀྱང་བྲིས་ཡོད་མོད། རང་རེའི་འདོན་སྤེལ་བྱེད་སའི་སྟེགས་བུ་ཅང་མེད་སྟབས། ཀློག་པ་པོ་དག་གི་སྤྱན་ལན་ལམ་དུ་འབུལ་རྒྱུ་མ་བྱུང་བར་ལྕགས་སྒམ་དུ་བླུགས་ནས་ཁ་ཟ་ཡིས་མནན་ཡོད།
ཨ་དགེ་ལགས། འདི་འདྲའི་རིགས་ལ་རྗེས་ཕྱོགས་དྲ་བའི་སྐུ་ངོ་ལུང་རིགས་ཀྱིས་ལམ་སྟོན་གནང་བའི་ཐིག་ཤིང་དེ་འདྲའི་སྒང་ནས་བྲིས་ན་རིན་ཐང་ཞིག་ཡོང་གི་རེད། དེ་རིང་འདི་ཙམ་བྱ། རྗེས་མར་འདིའི་ཐད་དུ་གླེང་རྒྱུ་དང་རྩོད་རྒྱུ་མང་བོ་ཞིག་ཡོད་སྟབས་རྗེས་མར་མཇལ།
གྲོགས་ཨ་རིག་གིས་གསུངས་པར་མངོན་པར་བསྟོད། སྔ་ཕྱི་མ་གཏོགས་གནས་ཚུལ་དེ་འབྱུང་ངེས་རེད། མང་པོ་དགོས་ཀྱང་ཐབས་ཤེས་མེད་ལ། ཉཱུང་འཕྲི་མི་འདོད་ཀྱང་ངང་གིས་འབྱུང་བར་ངེས།
གང་ལྟར་མདོ་རྒྱུད་བཅས་ཀྱི་བཀའ་བསྟན་འདི་ཚོ། རབ་བྱུང་བའི་སྡེ་ཙམ་མིན་པར་སྤྱི་ཚོགས་ཧྲིལ་པོར་ཆོས་ལུགས་པ་དང་། ཞིབ་འཇུག་པ། སློབ་གཉེར་བ་སོགས་སུ་ཁྱབ་ཐུབ་པ་ཞིག་དགོས་རྒྱུ་རེད།
བྱུང་རིམ་འདི་ཚོ་སྔོན་མ་ནས། ཡི་ཤུའི་ཆོས་ལུགས་ཀྱི་སྡེའི་ནང་རབ་བྱུང་བ་རིམ་གྱིས་སྟོང་པ་དང་། ཆོས་ལུགས་ཀྱི་ར་བ་དགོན་སྡེ་ནས་སྤྱི་ཚོགས་རང་བཞིན་དུ་འཕེལ་འགྱུར་ཕྱིན་ཡོད། ང་ཚོ་ཡང་མཐར་ཐུག་གི་བརྒྱུད་ལམ་དེ་ལས་མ་མདས་པ་རེད།
༧གོང་ས་མཆོག་གིས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་གྲྭ་རྒྱུན་ཚོ་དང་། སོག་པོའི་གྲྭ་རྒྱུན་ཚོར་ཐུགས་རེ་ཆེན་པོ་གནང་བཞིན་པ་ཡང་སྔ་ལྟས་ཤིག་རེད།
ཟམ་གདོང་རིན་པོ་ཆེས་མི་རིགས་ལས་རིག་གཞུང་རྩ་ཆེ་བར་གསུངས་པ་ཡང་སྔ་ལྟས་ཤིག་གཟིགས་པ་འདྲ།
ལྟས་འདི་དག་ལྟས་བཟང་དང་ལྟས་ངན་གང་ཡིན་བཤད་དཀའ་བ་ཞིག་རེད།
བོད་མི་རིགས་ཀྱི་ཆེད་དུ་གཏམ་བཟང་རེད། རིགས་རྒྱུད་ཡུན་གནས་ཐུབ་པས་དཔང་རྟགས་རེད། ཡག་པོ་རེད། གྲྭ་པ་མང་མི་དགོས་ཞེས་༧གོང་ས་མཆོག་གིས་གསུངས་ཡོད།
ཨ་རོ་གྲྭ་ས་གྲྭ་རྒྱུན་གྱིས་སྟོང་རྒྱུ་ཡིན་ན་དེ་ལ་ཐབས་ལམ་ག་རེ་ཡོད་པ་རེད་དེ་བཤད་དགོས་པ་ལས་སྡུག་སྐད་བརྒྱབ་ནས་ཅི་ཕན། ༼ངས་བལྟས་ན་འདི་ནས་བརྩིས་པའི་ལོ་ངོ་ཉི་ཤུ་སུམ་ཅུའི་རྗེས་སུ་གྲྭ་ས་ཁག་ན་དགོན་པའི་འདུ་ཁང་སྲུང་མཁན་གྱི་གྲྭ་བ་བརྒྱ་སྐོར་ཞིག་ལས་མེད་པ་ཁ་ཚོན་གཅོད་ཐུབ། ༽མ་འོང་བ་འདི་ལྟར་ཁ་ཚོན་བཅད་ནས་བཤད་པ་ཅུང་གླེན་རྟགས་མིན་འགྲོ། ཡིན་ནའང་ངས་བལྟས་ན་ད་ནི་༧གོང་ས་མཆོག་གི་དགོངས་གཞི་སྟེ། མང་བ་ལས་སྤུས་དག་པོ་ཞིག་དགོས་གསུངས་པ་དེའི་སྟེང་བསླེབས་ལ་ཉེ་བས་ཧ་ཅང་ཡག་པོ་རེད་དྲན་ཡོད། ལོ་ཆུང་གྲྭ་བ་མི་བྱེད་ནི་ཚོ་དང་གཅིག གྲྭ་བ་གྲྭ་ལོག་བྱེད་མི་དང་གཉིས། ཡང་ཆོས་རྣམ་དག་མི་བསྒྲུབ་པར་འཁྱམས་ནས་འདུག་མི་ཚོ་དང་གསུམ་སྟེ་འདི་གསུམ་གྲྭ་བ་ཉུང་དུ་འགྲོ་བའི་བརྩི་གཞི་ཡིན་པས་དེ་དག་མེད་ན་ཡག་པས་ཤུལ་ནས་གང་ལྷག་པ་དེ་གྲྭ་བ་ཚད་ལྡན་དག་ཡིན་པས་དེ་ལས་ལྷག་ཅི་ཡོད། དེང་སང་ཡིན་མིན་གཉིས་ཀ་གྲྭ་བ་མི་བྱེད་པ་དང་གྲྭ་ས་ནས་འགྲོ་མཁན་མང་བ་དེ་སོ་སོས་རྣམ་དཔྱོད་བེད་སྤྱོད་གཏོང་གི་ཡོད་པས་རྟགས་རེད། ཡག་པོ་རེད། ཁུངས་མི་ཆོད་ན་སྐྱ་མིན་སེར་མིན་བསྟན་པའི་ཞབས་འདྲེན་ཞིག་བྱེད་པ་ལས་མི་རིགས་ཀྱི་རིགས་རྒྱུད་སྤེལ་དུ་སོང་ན་ཡག་ཤོས་རེད། འདི་ལྟར་བྱས་ན་རི་ཡུལ་གཉིས་ཀ་སྤུས་གཙང་ཆགས་ཀྱི་རེད། སེམས་ཁྲལ་མ་བྱེད། དགའ་བ་སྒོམ།
གྲྭ་བའི་སྤུས་ཚད་རེད་མ་རྟོག་མང་མྱུང་མ་རེད་ཡིན་ན་ཡང་ངས་ཁྱེད་རང་ལ་ཞུ་ཡ་ཞིག་ལ་གདན་ས་ཁག་ལ་དེངས་དུས་ཤེས་ཚད་སྐྱོ་བའི་སྐྱེན་གྱིས་ཡིན་གྱི་རེད་སྙམ་གི
ཨ་རིག་དགེ་མཐོང་ཟེར་བ་འདི་ལ་མི་གཞི་ཞིག་མི་འདུག
ཁྱོད་གྲྭ་བ་ཞིག་དང་ཆོས་བ་ཞིག་ཡིན་ན་ཁྱོད་རང་ཚོར་ཁྱོད་རང་ཚོར་ཐོབ་པའི་སྐད་ཆ་ཞིག་ཡོད་ནི་རེད།རྒད་པོ་ཁང་སར་ལ་ཁང་སར་ལ་དབང་བའི་སྐད་ཆ་ཞིག་ཡོད་ནི་རེད།སྒུར་རྐྱང་བྱེད་དགོས་ནི་མ་རེད།
ཁྱེད་ཚོ་ཨ་ཁུ་ཁ་ཤས་ནང་བའི་གཞུང་ཆེན་ཁག་ལ་སློབ་སྦྱོང་བྱས་མཐར།མགོ་ལེན་དགོས་མིན་ཀྱི་སྐད་ཆ་ཡོངས་རྫོགས་མགོ་ལངས་འཇོག་པ་འདིས་ང་མོག་པོར་བཟོས་སོང་།
དེ་ཞེ་དྲག་སྣང་བ་འགྲོ་མ་སོང་།
དྲ་གྲོགས་ཁང་གསར་གི་སྐད་ཆ་འདིའི་གོ་བ་ལེན་ཐུབ་ན་གཞི་ནས་གནས་ཚུལ་མང་བོ་ཞིག་ཤར་མར་རྟོགས་ནུས།
དེའི་སྟབས་༧གོང་ས་མཆོག་གིས་ང་ཚོའི་ནང་ཆོས་འདི་མང་ཚོགས་ཁྲོད་དུ་ཁྱབ་སྤེལ་དང་དར་རྒྱས་གཏོང་དགོས་པའི་འབོད་སྐུལ་ནན་གྱིས་ཞུ་བཞིན་པ་རེད།
ཡིན་ན་ཡང་། དེ་ལ་གསན་འཇོག་གནང་མཁན་དང་མནོ་བསམ་གཏོང་མཁན་ཉུང་ཉུང་མ་རེད་དམ
ངོ་མས་བཤད་ན་འ
འདིའི་ཕྱོགས་སུ་སེམས་ཁྲེལ་དང་འོས་འགན་དང་ཁག་ཁུར་དང་དུ་ལེན་དགོས་པ་ཞིག་རེད། ཁྱེད་ལྟ་བུའི་ལྷག་བསམ་དང་དྲང་ཚུགས་ཀྱིས་ལངས་མཁན་དཀོན་པ་རེད།
ང་ཡང་འདི་སྐོར་ལ་སེམས་ཚབ་ཞི་དྲག་འདུག ད་ལྟ་འདི་བཞིན་གྱུར་པ་ཡིན་ན་ལོ་བཅུའི་རྗེས་ལ་དངོས་གནས་བྱེས་ཀྱི་དགོན་སྡེ་གྲ་ས་ཁག་གི་ནང་ལ་བོད་པའི་གྲ་པ་བརྒྱ་ཆ་བཅུ་ལས་ལྷག་པ་མི་འདུག
ད་ལྟ་བོད་གཞིས་བྱེས་གཉིས་ཀ་ན། བོད་མིའི་མི་རྒྱུན་སྟོངས་ཉེན་ཡོད་པའི་སྔ་ལྟས་ཕྱི་ནང་གཉིས་ཀ་ནས་ཤར་བཞིན་པའི་སྐབས་འདིར། གྲྭ་ས་གྲྭ་རྒྱུན་གྱིས་སྟོངས་ཉེན་ཡོད་པ་དང་། དེ་ཡང་གྲྭ་པ་བྱེད་མཁན་ཉུང་བ་དང་། གྲྭ་ལོག་བྱེད་མཁན་མང་བའི་དབང་གིས་ཡིན་ན། གྲྭ་ས་ལ་གཏམ་ངན་ཞིག་ཡིན་སྲིད་ཀྱང་། བོད་མི་རིགས་ལ་གཏམ་བཟང་ཞིག་ཡིན་སྲིད།
ཕལ་ཆེར་ཡིན་གྱི་རེད་མ་འོངས་པ་ན་བཙན་བྱོལ་ནང་བོད་པའི་གྲ་བཙུན་ཉུང་དུ་འགྲོ་རྒྱུའི་ཉེན་ཁ་ཡོད།
ཨོ་རེད།
ཨོ་རེད། སྣེ་ལེན་ཁང་དང་མཉམ་འབྲེལ་བྱས་ཏེ་ཅི་ཞིང་བྱས་ཡོད་མེད་ད་ཚང་མས་ཤེས་ཡ།
སྤྱིར་སངས་རྒྱས་ཀྱི་བསྟན་པ་གནས་མིན་ཡང་དགེ་འདུན་གྱི་སྡེ་ལ་རག་ལས་པ་དང་། དེ་ཡང་ལུང་རྟོག་གི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ལ་རག་ལས་པ་རེད། མཁས་མཆོག་དབྱིག་གཉེན་གྱིས།
སྟོན་པའི་ཆོས་ནི་རྣམ་གཉིས་ཏེ།
ལུང་དང་རྟོགས་པའི་བདག་ཉིད་དོ།
དེ་འཛིན་བྱེད་དང་སྨྲ་བྱེད་པ།
སྒྲུབ་པར་བྱེད་པ་ཁོ་ན་ཡིན། ཞེས་གསུངས་པ་ལྟར་རེད།
འོན་ཀྱང་གྲྭ་བ་མང་ཉུང་ལ་ཁྱད་པར་དེ་ཙམ་མེད། གང་ཡོད་པ་དེ་སྤུས་དག་པོ་དགོས་རྒྱུ་གལ་ཆེ། གྲྭ་རྒྱུན་ཉུང་དུ་འགྲོ་རྒྱུ་མཚན་ཡང་། སྐྱ་མིན་སེར་མིན་གྱི་གྲྭ་གཟུགས་འགས་སྤྱོད་པ་མ་རུང་བ་བྱས་པའི་ཉེར་ལེན་གྱིས་སྤྱི་ཚོགས་ནང་གྲྭ་བཙུན་གྱི་ཆེ་མཐོང་བརླགས་པ་དང་། དེང་དུས་ཀྱི་སྤྱི་ཚོགས་དཔལ་འབྱོར་ཡར་ཀྱི་རྒྱས་རྣམ་པས་འཁྲུག་ཆ་ཆེ་བ། ལྷག་པར་ཆགས་སྲེད་ཀྱི་རྦ་རླབས་དྲག་ཏུ་གཡོ་བས་ཆགས་ལྡན་གྱི་སྐྱེ་བོ་ཕྱི་རོལ་ཁོ་ནས་གཅུན་པར་དཀའ་བ་བཅས་ལ་བརྟེན་ནས་བྱུང་བ་ཡིན་ཤས་ཆེ།།
བཀུར་འོས་དྲ་བདག་ལུང་རིགས་རྒྱལ་གྱིས་ཕྲན་གྱི་རྩོམ་རྙོག་མདུན་ངོས་སུ་བཀོད་པ་དགའ་ཡོད། དེ་བས་ཀྱང་ལམ་སྟོན་གསར་བ་གནང་བ་ལྷག་པར་དགའ་ཡོད། ངས་ཀྱང་ཁྱེད་ཀྱིས་བཤད་པ་ལྟར་འདིའི་ཕྱོགས་སུ་ཏན་ཏན་བསམ་བློ་གཏོང་གི་ཡིན།
ཨ་ཁུ་དགེ་མཐོང་ལགས།
འདིའི་ཐད་ལ་ཞིབ་འཇུག་ནན་ཏན་ཞིག་བྱེད་ཐུབ་ན་ཡག་གི་རེད། དཔེར་ན། ཁང་ཚན་སོ་སོའི་ད་ཡོད་གྲྭ་པའི་ཁྲོད་དུ་བརྒྱ་ཆ་ཟིན་སྟངས་ག་ཚོད་རེད།
དེ་ནས་གྲྭ་པ་རྒན་གཞོན་གྱི་བརྒྱ་ཆ་ག་ཚོད་རེད།
ལོ་རེར་གསར་ཞུགས་དང་གྲྭ་བ་ལོག་གིན་པའི་གྲངས་ཚད་ཅི་ཙམ་རེད།
ད་ཡོད་གྲྭ་པ་དག་ལ་འདིའི་ཐད་བསམ་ཚུལ་ག་རེ་འདུག
འདི་དང་འདི་ལ་སོགས་པའི་དྲི་བ་བཅོ་ལྔ་ཉི་ཤུ་ཞིག་སྒྲིག་སྟེ་འདྲི་ཐུབ་རྒྱུ་ན་ཞིབ་འཇུག་ཅུང་འཐུས་ཚང་ཞིག་ཡོང་གི་རེད་འདོད།