༸གོང་ས་མཆོག་བཞུགས་སྒར་ནས་ཆིབས་ཐོན་གྱིས་ལ་དྭགས་ནུ་ར་ཐོ་ཡེ་སི་གནམ་ཐང་ལ་ཞབས་སོར་བདེ་བར་འཁོད་དེ། བདུན་ཕྲག་གཅིག་རིང་གི་ལ་དྭགས་ཁུལ་གྱི་མཛད་འཕྲིན་དབུ་འཛུགས་གནང་ཡོད།
ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་༸གོང་ས་མཆོག་བཞུགས་སྒར་ནས་ལ་དྭགས་སུ་ཆིབས་བསྒྱུར་བསྐྱངས་ཏེ། ཕྱི་ཚེས་ ༢༡ ཉིན་ལ་དྭགས་ནུབ་ར་ས་གནས་ཐོ་ཡེ་སི་ཞེས་པའི་གནམ་ཐང་དུ་ཞབས་སོར་བདེ་བར་འཁོད་ཡོད་འདུག་ལ། དེར་ནུབ་རའི་ཁྲིག་སེ་རིན་པོ་ཆེ་མཆོག་དང་ས་གནས་རྫོང་དཔོན། ཉེན་རྟོག་དཔོན་རིགས་དང་ས་གནས་གྲོས་ཚོགས་ཀྱི་འཐུས་མི། ལ་དྭགས་ནང་པའི་མཐུན་ཚོགས་ཀྱི་སྐུ་ཚབ་དང་མངའ་སྡེའི་གྲོས་ཚོགས་འཐུས་མི་བཅས་ཀྱིས་ཕེབས་བསུ་གནང་ཡོད་འདུག་ལ། སུ་མུ་བསམ་གཏན་གླིང་དགོན་པར་ཆིབས་སྒྱུར་བསྐྱངས་སྐབས། དགའ་ལྡན་ཁྲི་པ་ཐུབ་བསྟན་ལུང་རྟོགས་བསྟན་འཛིན་ནོར་བུ་རིན་པོ་ཆེ་མཆོག་དང་། བཙན་བྱོལ་བོད་གཞུང་བདེ་སྲུང་བཀའ་བློན་མཆོག ས་གནས་མགོ་འཛིན་དང་རང་བཙན་ཚོགས་ཆུང་གི་ཚོགས་གཙོ། དེ་བཞིན་ལ་དྭགས་བོད་ཕྲུག་ཁྱིམ་སྡེའི་དབུ་འཛིན་དང་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་བཅས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་རེད། སང་ཉིན་སྟེ་ཕྱི་ཚེས་ ༢༢ ཉིན་ནས་བཟུང་༸གོང་ས་མཆོག་གིས་ལ་དྭགས་ནུབ་རའི་བསམ་གཏན་གླིང་དགོན་པར་ལ་དྭགས་ཁུལ་ཏུ་ཡོད་པའི་དད་ལྡན་པ་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ནང་པ་གཙོས་པའི་དད་ལྡན་སེར་སྐྱ་མང་ཚོགས་ལ་གསུང་ཆོས་དང་། ཡར་མ་མགོན་པོ་དགོན་དུ་རྡོ་རྗེ་གཅོད་པའི་ལྗགས་ལུང་། ཌེ་ཀི་ཌ་དགོན་དུ་རྒྱལ་བ་བྱམས་པ་མགོན་པོའི་སྐུ་བརྙན་ལ་རབ་གནས། དེ་བཞིན་བདེ་སྐྱིད་ཕོ་བྲང་དུ་དགེ་བཤེས་གླང་རི་ཐར་པས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མ་དང་རྗེ་ཙོང་ཁ་པས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་ཆོས་འབྲེལ་བཅས་ལ་དྭགས་ནུབ་ར་ཁུལ་གྱི་བདུན་ཕྲག་གཅིག་རིང་གི་མཛད་འཕྲིན་སྐྱོང་འཆར་ཡོད་འདུག
གསར་འགོད་པ། དོན་གོ།
༅༅། །བླ་མ་སྐུ་ཁམས་བཟང་ལ་གསོལ་བ་འདེབས། །མཆོག་ཏུ་སྐུ་ཚེ་རིང་ལ་གསོལ་བ་འདེབས། །འཕྲིན་ལས་དར་ཞིང་རྒྱས་ལ་གསོལ་བ་འདེབས། །བླ་མ་འབྲལ་བ་མེད་པར་བྱིན་གྱིས་རློབས། །
སངས་རྒྱས་བསྟན་པ་རྟག་བརྟན་ཕྱོགས་ཀུན་རྒྱས་འགྱུར་ཅིག །