ང་ཚོས་རང་ཅག་གི་བཀའ་བློན་ཁྲི་པ་དེ་ཐད་ཀར་འོས་འདེམས་བྱེད་བཞིན་ཡོད་ཅེས་བཤད་ཀི་ཡོད་ལ། དོན་ལའང་མང་ཚོགས་ཀྱིས་ཐད་ཀར་མོས་ཤོག་འཕངས་ཏེ་འདེམས་ཀྱི་ཡོད་པས། ཐད་ཀར་འདེམས་བཞིན་པ་ལྟར་སྣང་། འོན་ཀྱང་གཤམ་གསལ་གྱི་གནད་དོན་ཁག་ལ་དགོངས་པ་ཞིབ་ཙམ་བཞེས་རྗེས། ང་ཚོས་བཀའ་ཁྲི་ཐད་འདེམས་བྱེད་ཀི་ཡོད་མེད་གསུངས་རོགས།
༡༽ ཇི་ལྟར་རྒྱ་ནག་དམར་པོའི་གཞུང་གཅིག་པུས་དབང་ཆ་གཅིག་བསྡུས་སུ་བཟུང་བ་ལས། རྒྱ་ནག་ནང་ཁ་གཏད་དམ་ཕྱོགས་འགལ་ཚོགས་པ་མེད་པ་ནང་བཞིན། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དུའང་ཕྱོགས་འགལ་ཚོགས་པ་གཏན་ནས་མེད་ལ། ཁ་གཏད་ཀྱི་སྲིད་དོན་ཚོགས་པ་ཐོན་ཉེའི་སྐབས་སུ་བཀག་འགོག་བྱེད་བཞིན་ཡོད།
༢༽ རྒྱ་ནག་གཞུང་གིས་འཐུས་མི་འོས་འདེམས་བྱེད་སྐབས། སྔོན་འགྲོའི་འོས་མི་སྔོན་ཚུད་ནས་གཏན་འཁེལ་བྱེད་ཅིང་། དེ་ཡང་རྒྱ་ནག་གཞུང་གིས་ཡིད་ཆེས་ཡོད་པའི་མི་ལ་མ་གཏོགས་སྔོན་འགྲོའི་འོས་མིར་ཞུགས་པའི་གོ་སྐབས་མེད། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཁྲིམས་ཐོག་ནས་དེ་འདྲའི་གཏན་འབེབས་མེད་ཀྱང་། དོན་དངོས་སུ་དབུས་གཙང་ཚོགས་པ་དང་མདོ་སྟོད་ཚོགས་པ། མདོ་སྨད་ཚོགས་པ། ད་དུང་མངའ་རིས་སྤྱི་མཐུན་ཚོགས་པ་བཅས་སོ་སོའི་སྣང་བར་མི་འགྲོ་བའི་མི་ཞིག་བཀའ་ཁྲིར་སླེབས་ཐབས་མེད་ལ། སྤྱི་འཐུས་སུའང་གོང་གསལ་ཆོལ་ཁའི་ཚོགས་པའམ་ཆོས་རྒྱུད་བླ་ཆེན་གང་ཡིན་དེའི་ཐུགས་མོས་མེད་ན། སྤྱི་འཐུས་སུ་སླེབས་ཀི་མེད།
༣༽ དབུས་གཙང་དང་མདོ་སྟོད། མདོ་སྨད་བཅས་སོ་སོའི་ཆོལ་ཁའི་ཚོགས་པ་དང་མངའ་རིས་སྤྱི་མཐུན་ཚོགས་པ་ཟེར་བ་དེ་ཚོའི་ངོ་བོ་ཅི་ཞིག་རེད། འདི་ནི་ངེས་པར་དུ་བསམ་བློ་གཏོང་དགོས་པ་ཞིག་རེད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དབང་དུ་བྱས་ན། ཆོལ་ཁ་དང་ལུང་ཚན་གྱི་ཚོགས་པ་དེ་ཚོ་ནི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཙམ་རེད་མ་གཏོགས། ཚོགས་པ་དེ་ཚོས་མདོ་སྟོད་དང་མདོ་སྨད། དབུས་གཙང་གི་མིང་འཁྱེར་བ་ཙམ་གྱིས་མིང་དེ་ཅན་གྱི་ཆོལ་ཁ་མཚོན་དགོས་ཀི་མེད། བཅའ་ཁྲིམས་རང་གི་དབང་དུ་བྱས་ན། བོད་ཆོལ་ཁ་གསུམ་དང་ཆོས་ལུགས་ཁག་གི་ངོ་བོ་མཚོན་པའི་སྒྲིག་འཛུགས་ནི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་རེད། འོན་ཀྱང་དིང་སང་ཆོལ་ཁ་དང་ལུང་ཚན་གྱི་ཚོགས་པ་དེ་ཚོས། རང་ཉིད་ཆོལ་ཁ་དེ་དང་ལུང་ཚན་དེའི་སྐུ་ཚབ་ཡིན་མདོག་བྱེད་ཅིང་། བོད་གཞུང་གིས་ཀྱང་བེད་སྤྱོད་ཡོད་དུས་དེ་ཚོར་སྐུལ་སློང་བྱེད་པ་དང་། བེད་སྤྱོད་མེད་དུས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞེས་ཟུར་དུ་འཇོག་གི་ཡོད།དེ་ལྟར་བྱས་པ་ལ་བརྟེན་ནས། མང་ཚོགས་ཤེས་རྨོངས་ཚོས་ཀྱང་ཚོགས་པ་དེ་ཚོ་འགན་དབང་ཆེ་བའི་ཆོལ་ཁའི་སྒྲིག་འཛུགས་ཤིག་་ཡིན་ཤག་གིས་བརྩི་འཇོག་བྱེད་བཞིན་ཡོད། ང་རང་གི་གཏོགས་ཁོངས་དབུས་གཙང་ཆོལ་ཁའི་མིང་ཅན་གྱི་ཚོགས་པ་དེར་མཚོན་ན། དབུས་གཙང་མི་མང་བྱིངས་དང་འབྲེལ་བ་ཧ་ལམ་མེད་ཅིང་། ང་དང་ངའི་ཉེ་ཁོར་གྱི་དབུས་གཙང་པ་སུས་ཀྱང་ཚོགས་པ་དེའི་ཚོགས་མི་འོས་འདེམས་ནང་ཞུགས་མྱོང་མེད།
མདོར་ན། ཆོལ་ཁ་དང་ལུང་ཚན་གྱི་མིང་འཁྱེར་བའི་ཚོགས་པ་དེ་དག་སྤྱིར་བཏང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཙམ་ལས། ཁོང་ཅག་གིས་ཆོལ་ཁ་དེ་དང་ལུང་ཚན་དེའི་མང་ཚོགས་ཀྱི་ངོ་བོ་མཚོན་པའི་ཁྲིམས་ལུགས་ཀྱི་ཆ་རྐྱེན་མེད་པ་དེ་གསལ་པོ་མཐོང་དགོས།
༤༽ ཆོལ་ཁ་དང་ལུང་ཚན་ཆེན་པོའི་ཚོགས་པ་དེ་ཚོའི་ཚོགས་གཙོ་སོགས་ལ་ཞིབ་པར་དཔྱད་ན། དེ་དག་དང་གཞུང་གི་གནད་ཡོད་ལས་སྣེའི་དབར་མངོན་ལྐོག་གི་འབྲེལ་བ་ཧ་ཅང་ཟབ་ཅིང་། མི་དེ་རིགས་མང་ཆེ་བའི་ལོ་རྒྱུས་ལ་བལྟས་ན། ཕལ་མོ་ཆེ་དེ་སྔོན་གྲྭ་པ་དང་ཕྱག་མཛོད་བྱེད་མྱོང་བ་མིན་ན། ས་གནས་ཀྱི་དཔོན་སོགས་བྱེད་མྱོང་བ་ཡིན་ཞིང་། བསམ་བློའི་ཆ་ནས་རྙིང་ཞེན་དང་གཞན་རྟེན་ཆེ་བ། སྤྱོད་ཚུལ་གྱི་ཆ་ནས་ཆང་རག་རྒྱན་རྩེད་ལ་དགའ་ཞིང་ལྐོག་གཡོ་ངན་ཇུས་ལ་མཁས་པ་ཤས་ཆེ་བར་འདུག དེ་སྔོན་ལོ་རབས་བདུན་ཅུ་དང་བརྒྱད་ཅུ་སོགས་ཀྱི་ནང་། གངས་ཅན་སྐྱིད་གཤོངས་ནས་ཕུ་གཅིག་བཏབ་པ་དང་མེག་ལོར་གྷན་ཅི་ནས་རྡོ་དང་དབྱུག་པ་འཕྱར་བའི་མི་བརྒྱ་ཕྲག་སྐར་ཆ་གཅིག་གི་ནང་གཤར་ཡོང་བའི་གནས་ལུགས་འདི་ཚོར་བསམས་ན། ས་འོག་དར་ཐག་གི་འབྲེལ་བ་ཅི་ཙམ་ཟབ་མིན་མཐོང་ཐུབ་པ་ཡིན།
༥༽ ད་ཆ་སྤྱི་འཐུས་དང་བཀའ་བློན་ཁྲི་པའི་འོས་གཞི་ཡང་ཆོལ་ཁ་དང་ལུང་ཚན་གྱི་མིང་འཁྱེར་བའི་ཚོགས་པ་དེ་ཚོས་ཕན་ཚུན་འགྲན་ཟླ་བྱེད་པ་ལྟར་བཏོན་ཏེ། མང་ཚོགས་ཀྱི་སེམས་ནང་ཁོང་ཚོས་བཏོན་པའི་འོས་གཞི་དེ་ལས་དྲན་རྒྱུ་མེད་པ་བཟོས་ཡོད་ཅིང་། མདོར་བསྡུས་ནས་བཤད་ན། ཆོལ་ཁ་དང་ལུང་ཚན་གྱི་ཚོགས་པ་ཤུགས་རྐྱེན་ཅན་དེ་ཚོས་ཆོག་མཆན་བཀོད་ཚར་བའི་མི་ལ་མ་གཏོགས་བཀའ་ཁྲི་དང་སྤྱི་འཐུས་ཀྱི་རེ་བ་མེད་པར་གྱུར་ཟིན་ཉེར་འདུག ཁྱེད་རང་སོམས་དང་། འདི་མང་ཚོགས་ཀྱིས་ཐད་ཀར་འོས་འདེམས་བྱེད་པའི་བརྒྱུད་རིམ་ཞིག་རེད་འདུག་གམ།། །།
ཁང་གསར་རྡོ་རྗེ་ཡི་ཟིན་བྲིས་ལས་བླངས།
གཤམ་མཆན་ཉུང་ངུ་འདི་ནི་ངེད་ཀྱིས་སེམས་གཏིང་ནས་སྐུ་ཞབས་ཁང་གསར་ལགས་ཀྱི་དགོངས་ཚུལ་ལ་བསམ་ཚུལ་བཤད་པ་ཙམ་ལས་འདི་ལ་གཞན་དང་གཞན་གྱི་རྒྱུ་མཚན་གནས་ལུགས་ཅི་ཡང་མེད། དྲ་གྲོགས་དག་ལ་རྩོམ་ཡིག་དང་མཆན་བུའི་སྐོར་ནས་བསམ་ཚུལ་ཅང་མེད་ན་སྐད་ཆ་འདི་རིགས་ཆོལ་ཁ་དང་གང་ཟག་སྒེར་གྱི་དགའ་ཁ་འཁྱེར་ཕྱོགས་སོགས་ཀྱི་ལྟ་བའི་གཡང་ལ་མ་འདེད་རོགས། སྐུ་ཞབས་ཁང་གསར་ལགས་ནས་ལན་དགོས་སར་ལན་དང་གསལ་བཤད་དགོས་སར་གསལ་བཤད་གང་རྒྱས་རེ་ཡོང་བའི་རེ་སྐུལ་དང་བཅས། ལམ་སྟོན་གཟབ་རྒྱས་གནང་རོགས་ཀྱང་ཞུ།
ཚན་པ་དང་པོ་ལྟར་ན། བཀའ་ཁྲི་མི་མང་གིས་འདེམས་ཀྱི་ཡོད་མེད་ལ་དོགས་པ་མི་འདུག། ཡིན་ནའང་། ཕྱོགས་འགལ་ཚོགས་པའི་དོན་དག་ཟེར་ན་ཅང་མི་ཤེས། ཕྱོགས་འགལ་ཚོགས་པ་ཁག་གིས་གཅིག་གིས་གཅིག་བཀག་རུང་མ་བཀག་རུང་དོན་དག་འདི་མི་དམངས་ཀྱི་བཀའ་ཁྲི་ཐད་ཀར་འདེམས་ཀྱི་ཡོད་མེད་དང་འབྲེལ་བ་མེད་པར་འདོད། འདི་ནི་ཆབ་སྲིད་ཀྱི་ངོས་ནས་བཤད་ན་ལངས་ཕྱོགས་མ་འདྲ་བའི་ལས་གཞི་ཙམ་ལས་མི་དམངས་དང་འབྲེལ་བའི་འོས་ཤོག་ལ་འབྲེལ་བ་ཅང་མེད་པར་མཐོང་ངོ་།།
ཚན་པ་གཉིས་པ་ལྟར་ན། དོན་དངོས་ཐོག་དབུས་གཙང་ཚོགས་པ་དང་མདོ་སྟོད་ཚོགས་པ། མདོ་སྨད་ཚོགས་པ། ད་དུང་མངའ་རིས་སྤྱི་མཐུན་ཚོགས་པ་བཅས་སོ་སོའི་སྣང་བར་མི་འགྲོ་བའི་མི་ཞིག་བཀའ་ཁྲིར་སླེབས་ཐབས་མེད་ཟེར་ཚུལ་འདི་ཅུང་ཐད་དྲགས་པར་བདག་མཐོང་། རྒྱུ་མཚན། སྤྱིར་ཚོགས་པ་ཚང་མས་རང་རང་གིས་དཔྱད་འཇོག་གནང་རྗེས་སྤྱི་ཚོགས་ཐོག་ལ་འོས་མི་རེ་གསལ་བསྒྲགས་བྱེད་བཞིན་པ་བདེན་ཡང་། མཐའ་མར་ཁོང་ཚོའི་ནང་གི་གཅིག་ལ་ཐོབ་འགྲོ་བ་ལས་འོས་མི་འདི་ལ་ཚོགས་པ་འདི་ཉིད་ཀྱི་དགའ་མོས་མེད་པས་ཐོབ་མི་ཐུབ་པ་འདྲ་ཅང་མེད་པར་མཐོང་།
གཞན། ཆོས་རྒྱུད་བླ་ཆེན་གང་ཡིན་དེའི་ཐུགས་མོས་མེད་ན། སྤྱི་འཐུས་སུ་སླེབས་ཀི་མེད་ཟེར་བ་འདི་ལ་རྒྱུ་མཚན་གང་ཡང་མཐོང་མ་སོང་། འདས་པའི་ཆོས་རྒྱུད་སྤྱི་འཐུས་ཚང་མ་རང་རང་གི་ཆོས་རྒྱུད་བླ་ཆེན་གྱི་ཐུགས་མོས་བཞིན་འདེམས་པ་རེད་ཟེར་ན་ཅུང་གནས་ལུགས་དང་མཐུན་དཀའ་བར་མཐོང་སོང་ངོ་།།
ཚན་པ་གསུམ་པ་ལྟར་ན། ཁྲིམས་ཐོག་ནས་ཆོལ་ཁ་དང་ལུང་ཚན་གྱི་ཚོགས་པ་དག་གིས་ལུང་ཚན་དེའི་མང་ཚོགས་ཀྱི་ངོ་བོ་མཚོན་ཐུབ་མིན་བཤད་དཀའ་ཡང་། བཙན་བྱོལ་མགོ་བཙུགས་པ་ནས་ད་ལྟའི་བར་དུ་རང་རང་གི་ཆོལ་ཁའི་མིང་བཏགས་ཡོད་པའི་ཚོགས་པ་དེས་མི་དམངས་ཀྱི་ངོ་བོ་མ་མཚོན་པ་གང་ཞིག་ཀྱང་ཡོད་བཟོ་མི་འདུག། སྐུ་ཉིད་ཉེ་ཁོར་གྱི་དབུས་པ་སུས་ཀྱང་ཚོགས་པ་དེའི་ཚོགས་མི་འོས་འདེམས་མ་གནང་བ་དེ་སྐུ་ཉིད་ཉེ་ཁོར་བ་ཚོའི་སྐྱོན་དུ་འབབ་པ་ལས་དེ་ཚོགས་པ་དེའི་སྐྱོན་དུ་ག་ལ་འགྲོ། བསམ་ཚུལ་ཚན་པ་འདི་ནི་ཁྱོད་རང་གི་སེམས་ནང་དུ་དབུས་གཙང་ཚོགས་པ་དེ་རང་གི་ཆོལ་ཁའི་ཚོགས་པར་རྩ་འཛིན་མེད་པའི་རྟགས་ཙམ་དུ་ཟད་པར་འདོད།
ཚན་པ་བཞི་པ་ལྟར་ན། ངེད་ཀྱི་བསམ་པར་ལོ་རབས་བདུན་ཅི་བརྒྱད་ཅུ་དང་ད་ལྟའི་གནས་ཚུལ་ཕྱོགས་ཡོངས་ནས་ལོག་ཀ་ཁག་ཁག་རེད། ད་ལྟའི་སྤྱི་ཚོགས་འདི་ལོ་རབས་བདུན་ཅུ་བརྒྱད་ཅུའི་སྐབས་ཀྱི་སྤྱི་ཚོགས་མིན་ལ། སྔར་གྱི་ལོ་རབས་བདུན་ཅི་བརྒྱད་ཅུའི་སྤྱི་ཚོགས་དེ་དེང་གི་སྤྱི་ཚོགས་འདི་ཡང་མིན། ངེད་ཀྱི་བསམ་པར་གནད་ཡོད་མཁན་ཚོ་གནད་ཡོད་མཁན་ཚོ་དང་འབྲེལ་ལམ་ལེགས་ཤོས་ཡིན་པ་འདི་རྡ་རམ་ས་ལ་དང་གངས་ཅན་སྐྱིད་གཤོངས་གཅིག་པུའི་འགྲོ་ལུགས་སྡོད་སྟངས་ཙམ་ཨེ་ཡིན་ནམ། མི་རིགས་གཞན་དང་རྒྱལ་ཁབ་གཞན་དག་ལ་ཡང་སྣང་ཚུལ་འདི་ཡོད་ཐག་ཆོད་དུ་མཐོང་སོང་། ཚན་པ་འདི་ལ་དངོས་གནས་ཞེ་འཁོན་ལྟ་བུའི་ནད་རིགས་ཀྱི་སེམས་ཚོར་དྲག་པོ་ཙམ་ལས་གནས་ལུགས་དེ་ཙམ་མཐོང་མ་སོང་།།
ཚན་པ་ལྔ་པ་ལྟར་ན། ཚོགས་པ་སོ་སོའི་རང་རང་གི་རྣམ་དཔྱོད་རྩལ་ཏུ་བཏོན་ནས་སླེབས་ལ་ཉེ་བའི་བཀའ་སྤྱིའི་འོས་མི་ཁྱབ་བསྒྲགས་དང་ངོ་སྤྲོད་བྱེད་པ་འདི་ནི་དམངས་གཙོ་རང་དབང་ཅན་གྱི་བྱེད་ལས་ཤིག་རེད། ལས་གཞི་འདི་རིགས་ལ་གཟས་ནས་ཚོགས་པ་ཤུགས་རྐྱེན་ཅན་ཚོས་མིང་རྟགས་བཀོད་མ་བཀོད་ཟེར་བ་ནི་ཅུང་བསམ་བློ་ཡག་ས་ནས་མ་བཏང་བའི་རྟགས་སུ་མངོན་པར་མཐོང་ངོ་།།
སྤྲོ་ཚིགས་དགེ་འདུན་གྱིས། འོས་སུ་ལ་བླུགས་མིན་ཐག་མ་ཆོད་པ་དང་། ཁྱེད་ཀྱི་གྲོགས་པོས་འོས་བླུག་གི་མིན་ཞེས་བཤད་ལུགས་བཀོད་པ་དེ་གནད་འགག་རེད། དེང་སྐབས་ཚང་མས་འོས་བླུགས་དགོས་ཞེས་བཤད་ཀི་ཡོད་པ་རེད། དོན་དངོས་སུ་དམངས་གཙོའི་ནང་འོས་བླུགས་ཆོག་པ་དེ་དམངས་གཙོའི་ཐོབ་ཐང་རེད་ལ། འོས་མི་བླུགས་པའང་རང་གི་ཁེ་དབང་རེད། འོས་བསྡུའི་དེབ་སྐྱེལ་ནི་ངེས་པར་དུ་བྱེད་དགོས། འོན་ཀྱང་འོས་བླུགས་ཡུལ་འོས་འཚམས་ཤིག་མ་རྙེད་ན། ཚོད་ཚོད་བྱས་ཏེ་འོས་བླུགས་པ་ལས་འོས་མ་བླུགས་ན་ཡག་གི་རེད། དེ་ཡང་རང་གི་ཁེ་དབང་རེད།
མདོར་ན། མི་མང་པོས། འོས་བསྡུའི་ནང་ཆ་ཤས་མ་བླངས་ཚེ། ཡུལ་མིའི་ལས་འགན་མ་སྒྲུབ་པ་ཡིན་ཚུལ་བཤད་བཞིན་ཡོད་ཀྱང་། རང་གིས་འོས་མི་ཚད་ལྡན་ཡིན་མིན་མི་ཤེས་པར་འོས་བླུགས་མཁན་ལས། མ་བླུགས་མཁན་དེས་ལས་འགན་ཆེ་བ་སྒྲུབ་བཞིན་ཡོད་པ་རེད། དཔེར་ན། གྲོས་ཚོགས་ཀྱི་ཚོགས་གཙོ་འདེམས་དུས། སྤྱི་འཐུས་གཅིག་གིས་འོས་མ་བླུགས་པར་བརྟེན་ནས་ད་ལྟའང་སྤྱི་འཐུས་ཀྱི་ཚོགས་གཙོ་རེས་མོས་བྱེད་དགོས་བྱུང་བ་འདི་ཚོ་ལ་བསམ་བློ་གཏོང་རིན་ཡོད།
རྭ་ལོས་བཤད་པའི་དོན་དག་དེའི་ཐད་ནས་བཤད་ན། ཚོགས་པ་འདི་ཚོའི་གནད་ཡོད་ལས་བྱེད་དང་བོད་གཞུང་གི་དབར་གཞུང་འབངས་ཀྱི་འབྲེལ་བ་རྒྱུན་ལྡན་ཞིག་ཡོད་ན་ཡག་པོ་རེད། འོན་ཀྱང་ངས་བཤད་པའི་འབྲེལ་བ་དེ་དེའི་རིགས་མ་རེད། དཔེར་ན། ཆོལ་ཁ་ཀ་པའི་ཚོགས་གཙོ་དང་བཀའ་བློན་འདི་དང་བཀའ་ཟུར་འདིའི་དབར་འབྲེལ་བ་ཡོད་པ་དང་། ཆོལ་ཁ་ཁ་པའི་ཚོགས་གཙོ་ཚོགས་གཞོན་དང་བོད་གཞུང་གི་ཨ་ལག་འདི་དང་ཁྲི་ཟུར་འདི་འབྲེལ་བ་ཡོད་པ། ཆོལ་ཁ་ག་པའི་འགོ་ཁྲིད་དང་དྲུང་ཆེ་བྱེ་བྲག་པ་འདི་དང་བཀའ་ཟུར་འདིའི་དབར་འབྲེལ་བ་ཡོད་པ་ཞེས། མདོར་ན་བཙན་བྱོལ་གྱི་ན་ཚ་རྙིང་པ་དང་འཐབ་རྩོད་རྙིང་པ་ཚང་མ་འདི་ཚོའི་ཐོག་ཏུ་འགོས་ཡོད་པ་ཞིག་རེད། སྤྱིར་བཏང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཟེར་དུས། གཞུང་ལ་རྟེན་བསྡད་པ་དང་གཞུང་གི་བཀོད་ཇུས་འོག་ལ་མེད་པ་ཞིག་དགོས་རེད།
དེ་ནས་དྲྭ་རོགས་ཁ་ཤས་ཀྱིས། ཆོལ་ཁ་དང་ལུང་ཚན་གྱི་མིང་འཁྱེར་བའི་ཚོགས་པ་ཚོས་སྤྱི་འཐུས་དང་བཀའ་ཁྲིའི་འོས་གཞི་བཏོན་པ་དེ་ཁྲིམས་མཐུན་ཡིན་པ་དང་འགྲིག་ཡོད་པ་བཤད་འདུག བཅའ་ཁྲིམས་ནང་དེའི་སྐོར་ཆོག་དང་མ་ཆོག་ཅི་ཡང་གསལ་མེད། ངས་དེ་ལ་དཀའ་ངལ་གསུམ་མཐོང་གི་འདུག ༡༽ འོས་གཞི་འདོན་མཁན་ཆོལ་ཁ་དང་ལུང་ཚན་གྱི་ཚོགས་གཙོ་ཚོགས་གཞོན་དེ་ཚོ་མང་ཆེ་བ་རང་ཉིད་སྤྱི་འཐུས་ཙམ་ལ་སླེབས་རྒྱུར་ཡང་དཀའ་ངལ་ཡོད་པ་དེ་འདྲ་རེད། བཙན་བྱོལ་ནང་གི་ལུང་ཚན་དང་ཤོག་ཁའི་རྙོག་དྲ་ཡང་མང་ཆེ་བ་མི་དེ་ཚོས་བསླངས་ཡོང་གི་འདུག དེ་འདྲའི་སྤུས་ཚད་ལས་མེད་པའི་མི་ཁག་ཅིག་གིས། ཆོལ་ཁ་དང་ལུང་ཚན་ཆེན་པོའི་ཚབ་བྱས་ཏེ། སྤྱི་འཐུས་དང་བཀའ་ཁྲིའི་མིང་བཏོན་ཡོང་དུས། སྤུས་ཚད་ག་འདྲ་ཞིག་ཆགས་ས་རེད། ད་ཕན་སྤྱི་འཐུས་སྤུས་དག་མ་བྱུང་བ་དེའི་རྒྱུ་མཚན་གཅིག་འདི་རེད་མི་འདུག་གམ། ༢༽ ཆོལ་ཁ་དང་ལུང་ཚན་གྱི་མིང་ལྡན་པའི་ཚོགས་པ་དེ་ཚོ། སྲིད་དོན་ཚོགས་པ་མ་རེད། དེར་བརྟེན། ཁོང་ཚོས་མང་ཚོགས་ལ་མི་འདི་དང་འདི་སྤྱི་འཐུས་ལ་བདམས་ན། ཆབ་སྲིད་ཀྱི་ལངས་ཕྱོགས་འདི་རེད། མང་ཚོགས་ཀྱི་དཀའ་ངལ་འདུག་སེ་སེལ་གྱི་རེད། ཤེས་ཡོན་གོང་འཕེལ་འདུག་སེ་གཏོང་གི་རེད་ཅེས་ཁས་ལེན་ཐུབ་ཀི་ཡོད་མ་རེད། མང་ཚོགས་ཀྱིས་འོས་བླུགས་རྗེས། སྤྱི་འཐུས་ཚོས་མང་ཚོགས་ལ་འགན་ཁྱེར་ཏེ་ལས་ཀ་བྱེད་ཀི་ཡོད་མེད་བལྟ་ས་གང་ཡང་ཡོད་མ་རེད། ༣༽ ཆོལ་ཁ་དང་ལུང་ཚན་གྱི་མིང་འཁྱེར་བའི་ཚོགས་པ་འདི་ཚོས་འགན་དབང་ཆེན་པོ་ཡོད་ཁུལ་གྱིས་གསལ་བསྒྲགས་དེ་འདྲ་ཞིག་བྱེད་དུས། མང་ཚོགས་བྱིངས་ཀྱི་སེམས་ནང་། ཁོང་ཚོས་བསྒྲགས་པའི་འོས་གཞི་ལས་གཞན་དྲན་རྒྱུ་མེད་པ་ཆགས་ཀི་འདུག དེ་འདྲའི་ཐོག་ནས་ངས་རྩོམ་འདི་བྲིས་པ་ཡིན།
མགྲིན་པ་ཟབ་མོ་ལགས། ༡༽ བོད་མི་མང་སྤྱི་འཐུས་ལྷན་ཚོགས་འདི་བོད་གཞིས་བྱེས་གཉིས་ཀྱི་སྐུ་ཚབ་འཐུས་མི་རེད། འོན་ཀྱང་སྐུ་ཚབ་འཐུས་མི་ཡིན་པ་བཞིན་དུ་མཚོན་ཐུབ་པ་བྱེད་ཀི་ཡོད་མེད་ནི་སྤྱི་འཐུས་ཚོ་ལ་རག་ལས་པ་ཞིག་རེད།
༢༽ དམིགས་བསལ་ཚོགས་ཆེན་གྱི་གྲོས་ཆོད་ནང་། སྤྱི་མོས་བྱུང་བ་དེ་༸གོང་ས་མཆོག་གིས་དུས་ནས་དུས་སུ་ཡེ་ཤེས་དབྱིངས་དཔྱད་ཀྱིས་ཐག་གཅོད་གང་གནང་གི་རྗེས་སུ་འབྲང་རྒྱུ་དེ་རེད། མང་མོས་ནི་དབུ་མའི་ལམ་རེད། དེ་མིན་རང་བཙན་དང་རང་ཐག་རང་གཅོད་ཀྱི་སྐོར་ཡང་བཀོད་འདུག གྲོས་ཆོད་ཀྱི་འབྲེལ་ཐག་་འདི་ལ་གཟིགས་དང་། http://www.shambalapost.com/exile-news/151-2008-11-24-14-35-06
༣༽ ངས་ཚོད་དཔག་བྱས་པ་ནོར་མེད་ན། ད་རེས་ཀི་དམིགས་བསལ་ཚོགས་ཆེན་དེ་ལ་ཆོ་ཞེ་དྲག་ཡོང་གི་མ་རེད། དེར་བརྟེན་སྤྱི་འཐུས་ལྷན་ཚོགས་ཀྱི་ནུས་པ་དང་དབང་ཚད་རང་འཇགས་གནས་ཀི་རེད་ལ་གནས་དགོས་ཀི་རེད། གྲོས་ཚོགས་དེ་ཡག་པོ་ཞིག་ཆགས་མིན་ནི་ང་རང་ཚོའི་འོས་ཤོག་ལ་རག་ལས་ཡོད།
ཁང་གསར་བས་བཤད་པ་འདི་ནི་བོད་སྤྱི་ལ་དམིགས་པའི་བསམ་བློ་རྒྱ་ཆེ་བ་ཞིག་རེད། རྗེས་སུ་ཡིད་རངས་ཡོད། ཆོལ་ཁ་ཆོས་ལུགས་ཟེར་བ་དེ་ཚོ་མི་དགོས་པ་ཞིག་རེད།
འདི་སྟེང་ནས་ཕྱོགས་ཞེན་དང་འགལ་བ་སྣ་ཚོགས་ཡོང་གི་ཡོད།
དེ་རིང་ཁང་གསར་རྡོ་རྗེས་གསུངས་པ་བདེན
ད་ང་ལྟ་བུ་དག་མགོ་འཐོམ་སོང་ཡ། ད་ནི་བཀའ་སྤྱི་ལ་ཡང་འོས་སུ་ཞིག་བླུག་དགོས་མིན་མ་ཤེས་པར་གནས་ཡོད། ང་ལྟ་བུ་ཅི་ཙམ་ཡོད་རྒྱུ་རེད་སོམས་ཤིག
ངའི་ངོ་ཤེས་བ་ཞིག་གི་ད་ནི་བཀའ་སྤྱིའི་འིས་བླུག་གིན་མིན་་་འདིན་ཡིན་ཞེས་གཏན་ཁེལ་ཞིག་རག་གིན་མི་འདུག་ འོས་མི་མང་པོ་ཞིག་ཚོགས་པ་ཁག་མང་པོའི་བསྡུས་འདུག་མོད་་་འོན་ཀྱང་འོས་མི་དེ་དག་གི་ཕྱག་ལས་ཙམ་ཡང་ངོ་སྤྲོད་བྱས་མི་འདུག་པས་ད་མགོ་ཚོད་ཀྱིན་མི་འདུག་ཟེར།
ངའི་ཚོད་དཔག་ཞིག་བྱས་ན་མང་ཚོགས་a༦༠་ཞིག་མགོ་འཐོམ་ནས་ཡོད་རྒྱུ་རེད
ཁྱེད་ཀྱིས་བཤད་པ་ལྟར་རེད། འདི་དག་ཆབ་སྲིད་ཀྱི་ཚོགས་པ་མ་རེད། གཞུང་འབྲེལ་གྱི་ཚོགས་པ་དེ་བས་མ་རེད། ཚོགས་པ་འདི་དག་ལ་ད་གཟོད་མང་ཚོགས་ཟེར་གི་རེད། མི་སྒེར་དང་མང་ཚོགས་ཀྱི་ཁྱད་པར་ཡང་འདི་རེད། མང་ཚོགས་འདི་དག་ལ་རང་རང་གི་ཐུན་མོང་གི་འདོད་ཕྱོགས་དང་བསམ་ཚུལ་ཡོད་ཆོག་གི་རེད། དེ་མི་ཆོག་པའི་ཁྲིམས་དང་རྩ་འཛིན་གང་དུ་འདུག
འདི་དག་དང་གཞུང་གི་དཔོན་རིགས་ཚོའི་བར་ན་འབྲེལ་བ་དམ་ཟབ་ཡོད་པ་དེ་ཡག་རྟགས་ཤིག་རེད། མི་དམངས་ཀྱིས་བདམས་པའི་དཔོན་རིགས་ཚོ་དང་མི་དམངས་ཀྱི་དམ་ཚིག་བརྟན་པའི་རྟགས་རེད། མང་ཚོགས་དང་དབུ་ཁྲིད་ཚོའི་བར་ན་འབྲེལ་བ་དམ་པོ་འདུག་ཅེས་སྐད་རྒྱག་མཁན་ཞིག་ད་བར་གོ་མྱོང་མེད།
ད་ག་རེ་བཤད་རྒྱུ་འདུག འོས་ཡོང་སྟངས་དང་འོས་ཐོབ་མི་སྣའི་སྤྱི་ཡོངས་གནས་སྟངས་ཐད་ནས་རྒྱ་ནག་ལ་བསྡུར་བ་འགྲིག་གི། དེ་དང་མཚུངས་པར། དམངས་གཙོའི་ལམ་སྲོལ་གྲགས་ཆེ་བ་དེ་དག་གི་ལམ་ལུགས་དང་འོས་ཐོབ་མི་སྣ་སོགས་ལ་ཡང་དཔྱད་ཞིབ་བྱེད་པའི་རེ་བ་ཡོད།
རྭ་ལོས།
ཆོལ་ཁ་དང་ཆོས་ལུགས་ཀྱི་ཁྱབ་ཁོངས་ནས་འཐུས་མིའི་འོས་གཞི་གདམ་པ་དེ་ཡང་མང་གཙོའི་ཁྲིམས་ལུགས་དང་མཐུན་པ་ཞིག་རེད་བསམ་གྱིན་འདུག དེ་ཙམ་མ་ཟད་མི་སྒེར་རེ་རེ་བའི་ངོས་ནས་ཀྱང་འོས་གཞི་བཏོན་ན་འགྲིག་པར་བསམ་གྱིན་འདུག ཅི་ཙམ་གྱིས་ཁྱབ་བསྒྲགས་ཤུགས་ཆེ་ན་དེ་ཙམ་གྱིས་གླེང་སློང་ཤུགས་ཆེ་བ་དང་། གླེང་སློང་ཤུགས་ཆེ་ན་འཐུས་མིའི་ལོ་རྒྱུས་ཀྱི་ཡག་ཉེས་ངོ་མ་དེ་ཤེས་པའི་ཕན་ཐོགས་ཡོད་པར་སྙམ།
ཡིན་ནའང་། ད་སྔར་བཏོན་པའི་ཚོགས་པ་ཁག་ཅིག་གི་འོས་གཞི་ལ་སེམས་ཚོར་ཆེན་པོ་བྱུང་། ངས་བསམ་ན་འཐུས་མི་དེ་གསར་འབྱོར་དང་རྙིང་འབྱོར་གྲངས་མཉམ་གྱི་སྒོ་ནས་སླེབས་དགོས་པར་འདོད་ཀྱིན་ཡོད།
རྒྱ་མཚན་ནི། ང་ཚོ་བཙན་བྱོལ་བའི་ལས་འགན་ནི་བཙན་བྱོལ་དུ་ཡོད་པའི་གཞུང་དང་སྒྲིག་འཛུགས། མི་མང་གཅིག་བུ་ལ་བདག་སྐྱོང་བྱེད་རྒྱུ་ཙམ་མིན་པར། གཞིས་བྱེས་བོད་མིའི་འབྲེལ་ལམ་དང་། གཞིས་ལུས་བོད་མིའི་བདེ་སྡུག་ལ་ལྟ་དགོས་པ་དེ་ཧ་ཅང་གི་གནད་འགག་རེད་བསམ་ཡོད། དེ་ཡིན་པ་ལ། བོད་ནང་མིག་གིས་མཐོང་མ་མྱོང་མཁན་ཞིག་གིས་གཞིས་བྱེས་བོད་མིའི་འབྲེལ་ལམ་ཇི་ལྟར་འཛིན་རྒྱུ་དང་། གཞིས་ལུས་བོད་མིའི་བདེ་སྡུག་ལ་ལྟ་རྟོག་ཅི་ལྟར་བྱེད་རྒྱུ་དེ་རེད།
ཡག་པོ་འདུག།
ཁང་གསར་རྡོ་རྗེ་ལགས། ཁྱེད་ཀྱི་བཤད་པ་རྣམས་བདེན་ནོ། ངེད་ཚོ་བཙན་བྱོལ་སྤྱི་ཚོགས་ཀྱི་ཚོགས་པ་འདྲ་མིན་དེ་ཚོས། རང་ཉིད་ཀྱི་ཁེ་ཕེན་ཁོ་ནས་ཆེད་དུ་ལས་ཀ་བྱེད་པ་ལས། གཞུང་དང་མི་མངས་ཀྱི་ཆེད་དུ་ལས་ཀ་བྱེད་པ་ནི། ཉིན་མོའི་སྐར་མ་བཞིན་ནོ། ལྷག་པར་ཚོགས་པ་འདིའི་རིགས་སྤྱི་ཚོགས་ཀྱི་ནང་རྙོག་གླེང་བཟོ་མཁན་ཞིག་ཏུ་མཐོང། ཉེ་ལམ་ཚོགས་པ་དེ་ཚོས། ཁོང་རང་ཚོའི་རྒྱུན་ལས་ལས་ཁུངས་ཀྱི་ངོས་ནས་བཀའ་སྤྱི་འོས་མི་མང་དག་ཤིག་སྟོན་ཡོད་ལ། མང་ཆེ་བ་ནི་ཕྱོགས་འཛིན་གྱི་བསམ་བློ་ཁོ་ན་ལས། བོད་མི་རིགས་ཀྱི་ལས་དབང་ལ་བསམ་བློ་ནམ་ཡང་མི་གཏོང་བ་བཟོ་འདྲ་བོ་འདུག
ང་ཚོས་རྒྱུན་དུ་དེའི་རིགས་ལ་ཡིད་གཟབ་དགོས་པ་ནི་ཤིན་ཏུ་ནས་གལ་ཆེ།
ཁང་གསར་རྡོ་རྗེ་ལགས། བཀྲ་ཤིས་བདེ་ལེགས།།།།
ཁང་གསར་པས་འདི་ལྟར་བསམ་བློ་བཏང་བར་རྗེས་སུ་ཡི་རང་ཞུ་བཞིན་ཡོད། ཡིན་ནའང་འདི་ལྟར་ཆོལ་ཁ་སོ་སོའི་འོས་མི་འདེམས་སྟངས་ནོར་འདུག་ཅེས་དགོངས་ཚུལ་དེ་མོས་མཐུན་བྱེད་དཀའ། གང་ཡིན་ཞེ་ན་ཆོལ་ཁ་རེ་རེའི་ཁོངས་ནས་འོས་ཆོས་སོགས་ཚང་བ་ཞིག་རིམ་པར་བདམས་ནས་རྩེ་སོན་དག་འོས་ཁོངས་སུ་འཇོག་དགོས་པ་ལས་གང་བྱུང་དུ་བདམས་པ་ཡིན་ན་མི་ཟེར་བ་ཁྱད་མཚར་ཞིག་ཡིན་པས་བློ་ཕམ་བྱེད་དགོས་པ་རེའང་མི་ཐོན་པའི་ངེས་པ་མེད་པས་འདི་འདྲའི་སྐོར་ལའང་བསམ་བློ་རེ་གཏོང་ཨེ་དགོས་སྙམ།
༢༠༠༨ ལོའི་དམིགས་བསལ་ཚོགས་ཆེན་སྐབས་ལ། བཀའ་ཁྲི་ཟམ་གདོང་བློ་བཟང་བསྟན་འཛིན་མཆོག་གིས། ད་ཡོད་ཀྱི་སྤྱི་འཐུས་འདི་དག་གིས་བོད་མིའི་ངོ་ཚབ་ཆ་ཚང་བ་ཞིག་མཚོན་ཐུབ་གི་མེད་སྟབས། དམིགས་བསལ་ཚོགས་ཆེན་དེ་བསྐངས་པ་ཡིན་ཅེས་གསུངས་སོང་།
དམིགས་བསལ་ཚོགས་ཆེན་དེའི་སྟེང་ནས་དོན་གནད་ཆེན་པོ་དེ་འདྲ་ཐག་བཅད་པ་རེད། དཔེར་ན། བོད་མིའི་རྩ་དོན་འཐབ་རྩོད་དེ་དབུ་མའི་ལམ་ལས་གཞན་མེད་པའི་གྲོས་ཆོད་བཞག་པ་རེད།
ད་ལོ་ཡང་དམིགས་བསལ་ཚོགས་ཆེན་དེ་འཚོགས་རྒྱུ་གཏན་འཁེལ་ཡོད་པ་རེད།
འདི་དག་ལ་བསམ་ན། བོད་མི་མང་སྤྱི་འཐུས་གྲོས་ཚོགས་འདི་ལས་ལྷག་ཅིག་ང་ཚོའི་ངོ་ཚབ་མཚོན་མཁན་ཞིག་མེད་སྙམ་པའི་བློ་དེ་ཡང་རང་བཞིན་གྱིས་ཡལ་འགྲོ་གི་འདུག བཅའ་ཁྲིམས་རིན་པོ་ཆེའི་ནང་བཀོད་པའི་བོད་མིའི་སྐུ་ཚབ་དེ་ཚོ་ད་དུང་གྲོས་ཚོགས་ནང་ཕེབས་ཐུབ་མེད་པ་འདྲ།
གྲོས་ཚོགས་ཀྱི་ནུས་པ་ཉམས་བཞིན་པའི་སྐབས་འདིར། རྒྱལ་བ་རིན་པོ་ཆེ་མཆོག་དང་བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་སྒྲིག་འཛུགས་འདི་ཨུ་ཐུག་སྟེ། ལས་དོན་ཆེ་ཕྲ་ཆུང་གསུམ་དམིགས་བསལ་ཚོགས་ཆེན་གྱི་སྟེང་ནས་ཐག་གཅོད་དགོས་འཁེལ་བ་རེད།
གྲོས་ཚོགས་འདི་སྒོ་ཡང་བརྒྱག་མ་ཤེས། འདིས་ཕན་ཡང་མ་ཐོགས། ཐབས་ཤེས་མེད་ནས་བོད་མིའི་ངོ་ཚབ་ངོ་མ་མཚོན་པའི་དམིགས་བསལ་ཚོགས་ཆེན་ཞེས་པ་ཞིག་སྐོང་གི་ཡོད་པ་རེད།
ད་གང་དྲག