༄༅། རྒྱ་བལ་འབྲུག་གསུམ་དང༌། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བཞུགས་པའི་བོད་མི་བཙན་བྱོལ་བ་ཡོངས་ཀྱི་སྙན་ལམ་དུ།
ཆེད་གསོལ། དེང་སྐབས་བཙན་བྱོལ་བོད་མི་གནས་ཡུལ་ས་གནས་ཚང་མའི་ནང་སྐབས་གསུམ་པའི་བཀའ་བློན་ཁྲི་པ་འོས་བསྡུའི་སྐོར་ལ་སྔོན་མ་དང་མི་འདྲ་བར་གླེང་སློང་ཤུགས་ཆེ་ཙམ་ཡོང་བཞིན་འདུག་པ་ནི་མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་པའི་མཚོན་རྟགས་བཟང་པོ་ཅིག་ཡིན་པ་བརྗོད་མ་དགོས།
རང་ཅག་རྣམས་ལ་བཀའ་དྲིན་ཟླ་མེད་ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་དོན་ལྔར་ཕེབས་ཟིན་པ་དང༌། རང་རེའི་ཕ་ཡུལ་བོད་གྱི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ། བཙན་བྱོལ་སྤྱི་ཚོགས་ཀྱི་མི་རབས་རྙིང་པ་ཧ་ལམ་རྫོགས་ནས་མི་རབས་གསར་པ་འཚར་ལོངས་བྱེད་བཞིན་པའི་ཆེས་གཉན་འཕྲང་གི་དུས་སྐབས་འདིར་སྐབས་གསུམ་པའི་བཀའ་ཁྲི་པ་ཡག་པོ་ཞིག་འདེམས་ཐུབ་དགོས་རྒྱུ་ནི་ང་ཚོའི་སྐབས་བབ་ཀྱི་ལས་འགན་གལ་ཆེན་པོ་ཞིག་ཆགས་ཡོད།
ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོག་དང༌། མངའ་སྡེ་ནིའུ་ཇར་སི་ནང་གནས་སྡོད་གཤམ་གྱི་བོད་མི་རྣམས་ནས་བདེ་སྲུང་བཀའ་བློན་ལས་ཐོག་འབྲོང་ཆུང་དངོས་གྲུབ་མཆོག་སྐབས་གསུམ་པའི་བཀའ་བློན་ཁྲི་པར་འོས་ཤོས་སུ་མཐོང་གི་འདུག་ན། ཚང་མས་ཁོང་ལ་རྒྱབ་སྐྱོར་ཡོང་བའི་གསལ་བསྒྲགས་འདི་སྤེལ་བ་དང་ཆབས་ཅིག་བཀའ་བློན་འབྲོང་ཆུང་དངོས་གྲུབ་བཀའ་ཁྲིར་འོས་ཤོས་སུ་མཐོང་བའི་རྒྱུ་མཚན་དང༌། ཁོང་ལ་ཁྱད་ཆོས་གང་དང་ཇི་ཡོད་དཔེ་མཚོན་ཁ་ཤས་ཞུས་ན།
༡༽ འབྲོང་ཆུང་དངོས་གྲུབ་གིས་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ྋཞབས་འོག་ཏུ་མི་ལོ་ཧྲིལ་པོ་ ༣༣ འགྲོ་གི་ཡོད་པ་དང༌། དེའི་རིང་ཆབ་སྲིད་དང་དཔལ་འབྱོར་ཀུན་སྤྱོད་བཅས་གང་ཅིའི་ཐད་རྙོག་གླེང་གང་ཡང་མེད་པ།
༢༽ ཁོང་གིས་མི་ལོ་ ༣༣ བདེ་སྲུང་ལས་ཁུངས་སུ་སྐྱེལ་བའི་རིང་ྋགོང་ས་སྐྱབས་མགོན་ཆེན་པོའི་སྐུ་ཕྱ་སྲུང་སྐྱོབ་ཀྱི་ལས་འགན་ལེགས་གྲུབ་བྱུང་དང་འབྱུང་བཞིན་ཡོད་པ་མ་ཟད། ལས་དོན་དེའི་ཐད་ཁོང་ནི་ཉམས་མྱོང་ཆེ་ཤོས་ཡིན་པ།
༣༽ ཁོང་གི་ལས་འགན་གྱི་ངོ་བོའི་ཆ་ནས་བོད་ནང་གི་འགྱུར་འགྲོས་གནས་སྟངས་དང༌། གཞིས་ལུས་བོད་མིའི་སྤྱི་ཡོངས་ཀྱི་བསམ་ཚུལ་ཤེས་རྟོགས་གཏིང་ཟབ་ཡོད་པ་མ་ཟད། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་བཟང་ངན་གཉིས་ཀའི་གནས་སྟངས་ལའང་རྒྱུས་མངའ་ཆེན་པོ་ཡོད་པ།
༤༽ བཙན་བྱོལ་བོད་མི་མང་ཆེ་བ་རྒྱ་གར་དུ་ཡོད་པའི་རྒྱུ་མཚན་གྱིས་བཀའ་ཁྲི་དེ་ཡང་རྒྱ་གར་གཞུང་དང་འབྲེལ་བ་བཟང་ཞིང༌། རྒྱ་གར་གཞུང་གིས་ཆེ་མཐོང་ཞུ་ཡུལ་ཞིག་དགོས་པ་ལྟར་འབྲོང་དངོས་ལ་དེ་ལྟའི་ཆ་རྐྱེན་ཚང་ཡོད་པ།
༥༽ དོལ་རྒྱལ་གྱི་གནས་ཚུལ་དང༌། ས་གནས་ས་ཐོག་ཏུ་རྙོག་ཁྲ་འདྲ་མིན་འབྱུང་སྐབས་ྋགོང་ས་མཆོག་གི་དགོངས་གཞི་དང༌། རང་གཞུང་གི་ཁེ་ཕན་གཙོ་བཟུང་གིས་དཀའ་ངལ་ལ་གདོང་ལེན་བྱེད་མཁན་ཅིག་ཡིན་པ།
༦༽ ཁོང་འདི་ལོ་དགུང་ལོ་ ༥༥ ཡིན་པས་ལོ་ནའི་བབ་ནས་ཆུང་དྲགས་ཏེ་ཉམས་མྱོང་མེད་པ་མིན་ལ། ཆེ་དྲགས་ནས་གཟུགས་གཅོང་ཡང་མིན་ཞིང༌། བོད་དབྱིན་ཧིན་གསུམ་ལེགས་ལ་མི་བབ་བཟང་ཞིང་དྲང་ཚུགས་ལྡན་པའི་མང་བཀུར་གྱི་བཀའ་བློན་ལས་ཐོག་པ་ཞིག་ཡིན་པ།
༧༽ གལ་ཆེ་ཤོས་ནི་ཁོང་གིས་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་དགོངས་གཞི་གསལ་རྟོགས་མཐིན་ཕྱིན་ཡོད་པ་མ་ཟད། དེའི་བཀའ་སློབ་ལམ་སྟོན་འོག་ཡིད་གཉིས་ཐེ་འཚོམ་མེད་པར་ཤར་བསྐྱོད་བྱེད་མཁན་ཅིག་ཡིན་པ་བཅས་ཀྱི་ཁྱད་ཆོས་ལྡན་པ་ལ་བརྟེན་ནས་སྔོན་འགྲོ་དང་དངོས་གཞིའི་སྐབས་བཀའ་ཁྲིའི་འོས་ཤོག་དེ་ད་ལྟའི་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་ལ་འཕེན་གནང་ཡོང་བའི་རེ་བ་དང་འབོད་སྐུལ་ཞུ་གི་ཡོད།
ཁོང་གི་ལོ་རྒྱུས་སྙིང་བསྡུས་ཤིག་ཞུས་ན། རང་ཡུལ་བོད་དུ་འཁྲུངས་པ་དང༌། ལྔ་དགུ་ལོར་བཙན་བྱོལ་དུ་ཕེབས། ཐོག་མར་ཌལ་ཧོར་གཏན་སློབ་ཏུ་སློབ་སྦྱོང་དང༌། དེ་ནས་རིམ་བཞིན་ལྡི་ལིར་ཆབ་སྲིད་དང༌། ཚན་རིག་གི་སློབ་གྲྭ་ཆེན་མོ་ཐོན། ༡༩༧༧ ལོར་རང་གཞུང་སྐུ་ངལ་ཆེ་བའི་སྐབས་རང་དོན་སྤངས་ནས་གཞུང་ཞབས་ནང་འཛུལ་བཞུགས་ཀྱིས་བདེ་སྲུང་ལས་ཁུངས་སུ་ཕྱག་ལས་གནང༌། བོད་ནང་དམ་བསྒྲགས་ཆེ་བའི་སྐབས་ཏེ་ལོ་རབས་བརྒྱད་བཅུའི་འགོ་སྟོད་དུ་དཀའ་ངལ་དང༌། ཉེན་ཁར་མ་འཛེམས་པར་བོད་ནང་ཕེབས། ཐེམ་པ་རིམ་འཛེགས་ཀྱིས་དྲུང་ཡིག་ཆེན་མོའི་གནས་རིམ་བར་ལས་འཁུར་ཞུ་མུས་སུ་བཀའ་བློན་དུ་བདམས་ཐོན་བྱུང་ནས་ད་ལྟ་བཙན་བྱོལ་གཞུང་གི་ཚན་པ་གལ་ཆེ་ཤོས་གྲས་བདེ་སྲུང་ལས་ཁུངས་ཀྱི་བཀའ་བློན་གྱི་ཐུགས་འགན་བཞེས་མུས་ཡིན།
ཁྱད་ཆོས་རྒྱུ་མཚན་དེ་ཚོ་ནི་རང་སྣང་གང་དྲན་གྱིས་བྲིས་པ་ཞིག་མིན་པར། གཞུང་ཞབས་ཟུར་པ་དང༌། ད་ལྟ་བཞུགས་སྒར་དུ་ཡོད་པའི་ཁོང་དང་ཡུན་རིང་མཉམ་གཤིབས་མྱོང་མཁན་ཁག་ཅིག་ལ་བཀའ་འདྲི་ཞུས་ནས་བྲིས་ཤིང༌། དམིགས་ཡུལ་གཙོ་བོ་ནི་དྲང་ཚུགས་ལྡན་ཞིང་ཉམས་མྱོང་ཕུན་སུམ་ཚོགས་པ་སོགས་ཀྱི་དགེ་མཚན་ཁྱད་ཆོས་ལྡན་པའི་བཀའ་ཁྲི་ཞིག་འདེམས་ཐུབ་པའི་ཆེད་དུ་ཡིན།
བོད་རྒྱལ་ལོ། ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡ ལ།།
༡༽ གཞུང་ཞབས་ཟུར་པ་བསོད་ནམས་ཚེ་རིང༌། ནིའུ་འཇར་སི།
༢༽ ཤིང་བརྐོས་པ་རྡོ་ལགས། ནིའུ་ཇར་སི།
༣༽ ཆབ་སྲིད་བཙོན་ཟུར་ཚེ་སྨོན་གླིང་སྤེན་པ། ནིའུ་ཡོག
༤༽ ནིའུ་ཡོག་སྤྱི་མཐུན་ཚོགས་པའི་རྒྱུན་ལས་ཟུར་པ་ངག་དབང་ཚེ་རིང༌། ནིའུ་ཡོག
༥༽ གཞུང་ཞབས་ཟུར་པ་བུ་ཆུང་གོང་པ། ནིའུ་ཡོག
༦༽ ལས་བྱེད་ཟུར་པ་འཕྲིན་ལས་སྒྲོལ་དཀར། ནིའུ་འཇར་སི།
༧༽ བསྟན་འཛིན་དྲང་སྲོང༌། མི་ནི་སུད་ཀྲར།
༨༽ སྨན་རྩིས་ཁང་ལས་བྱེད་ཟུར་པ་ཚེ་རིང་སྒྲོལ་དཀར། ནིའུ་ཡོག
༩༽ ཆབ་སྲིད་བཙོན་ཟུར་ངག་དབང་གསང་སྒྲོན། ནིའུ་ཡོག
༡༠༽ ཧུན་སུར་གཞིས་ཆགས་བྱམས་པ་ཆོས་འཛོམས། ནིའུ་འཇར་སི།
༡༡༽ བལ་ཡུལ་ལྷ་མོ་དབྱངས་སྐྱིད། མི་ནི་སུད་ཀྲར།
༡༢༽ འཕྲོད་བསྟེན་སྨན་ཞབས་ཟུར་པ་བསོད་ནམས་ཆོས་སྐྱིད། ནིའུ་ཇར་སི།
༡༣༽ སྤེན་པ་འཇིགས་གྲགས། ཝ་ཤིང་ཀྲོན།
༡༤༽ སྤྱི་མཐུན་ཚོགས་པའི་རྒྱུན་ལས་ངག་དབང་འཆི་མེད། མི་ནི་སུད་ཀྲར།
༡༥༽ བསྟན་འཛིན་བྱང་ཆུབ། ནིའུ་འཇར་སི།
༡༦༽ ཤིང་བརྐོས་པ་ནོར་བུ། ནིའུ་ཡོག
༡༧༽ ངག་དབང་སྒྲོལ་མ། ནིའུ་འཇར་སི།
༡༨༽ གཞུང་ཞབས་ཟུར་པ་རྒྱལ་མཚན་ཆོས་ལྡན། ནིའུ་ཡོག
༡༩༽ ཤིང་བརྐོས་ཚུལ་ཁྲིམས་རྒྱལ་མཚན། ནིའུ་ཡོག
༢༠༽ སྤྱི་མཐུན་ཚོགས་པའི་ཚོགས་ཟུར་ཨེམ་རྗེ་ནོར་རྒྱས་ཚེ་རིང༌། ནིའུ་ཡོག
༢༡༽ སྐར་མ་ཚེ་རིང༌། ནིའུ་ཡོག
༢༢༽ སྤྱི་མཐུན་ཚོགས་པའི་རྒྱུན་ལས་ཟུར་ལ་སྐལ་བཟང་ཕུན་ཚོགས། ནིའུ་ཡོག
༢༣༽ ངག་དབང་སྒྲོལ་མ། ནིའུ་ཡོག
༢༤༽ དཀར་མཛེས་བ་སྐལ་བཟང༌། ནིའུ་ཡོག
༢༥༽ ཅུང་ལགས། ནིའུ་ཡོག
༢༦༽ དགུ་བཅུ་གསུམ་ཚོགས་ཟུར་ཡེ་ཤེས་རྟོགས་ལྡན། སྦོ་སི་ཀྲོན།
འབྲོང་ཆུང་དངོས་གྲུབ་དངོས་གནས་བཀའ་ཁྲིར་འོས་པོ་འདུག དུས་བབ་ནང་མ་ཐོན་བར་ཁོང་ཡོད་པ་དྲན་ཡང་མ་སོང་། ཁོང་གིས་བདེ་སྲུང་ལས་ཁུངས་ནང་་མི་ལོ་གསུམ་བཅུ་ཙམ་ཕྱག་ལས་གནང་སྟབས་བོད་ནང་ཡོད་པའི་གཞིས་ལུས་བོད་མིའི་བསམ་ཚུལ་ལ་རྒྱུས་མངའ་ཆེན་པོ་ཡོད་པ་དང་། ༸གོང་ས་མཆོག་གི་དགོངས་གཞི་ཇི་ཡིན་རྒྱུས་མངའ་ཆེན་པོ་ཡོད་པ་ནི་བཀའ་ཁྲིའི་ཆ་རྐྱེན་ཧ་ཅང་གལ་ཆེན་པོ་ཞིག་ཡིན། ཁ་ཤས་ཀྱིས་ཁོང་གི་གསུང་འགག་རྡོ་རེད་བརྗོད་པ་ནི་ཧང་དགོས་པ་མ་རེད། གལ་སྲིད་ཁོང་སྐད་ཆ་ཤོད་རྒྱུ་མེད་པའི་ལྐུག་པ་ཡིན་ན་ཁག་མེད། སྐད་ཏོག་ཙམ་འགག་པའི་མི་ཞིག་དང་། སྐད་གསང་པོ་ཡིན་ཀྱང་བློ་བཟང་སེང་གེ་ནང་བཞིན་བོད་སྐད་ཡག་པོ་མི་ཤེས་མཁན་ཞིག་བསྡུར་ན། སྐད་ཕྲན་བུ་འགག་ཀྱང་སྐྱོན་མ་རེད། བོད་སྐད་གཙང་མ་མེད་མཁན་གྱི་བཀའ་ཁྲི་ཡིན་ན་ཞབས་འདྲེན་ཞུས་པ་མ་རེད་དམ།
རང་གཞུང་བདེ་སྲུང་སྐུ་ངོ་འབྲོང་ཆུང་དངོས་གྲུབ་ལགས་བཀའ་བློན་ཁྲི་བར་མཚན་འཁོད་གནང་བར་འཚམས་འདྲི་དང་བཀྲིས་བདེ་ལེགས་ཡོད།
སྐུ་ངོ་མཆོག་གི་དགོངས་བཞེད་ལྷུན་འགྲུབ་ཡོང་བར་རེ་བ་དང་སྨོན་ལམ་ཞུ་བཞིན་ཡོད།
Kalsang་ ཁོ་རེ་ངའི་མཆན་ཆ་ཚང་ཀློག་ན་ངས་དོན་དུ་ཁོང་སྤོབས་ཉམས་དང་མཐོ་ཉམས་ཡོད་རེད་ཅེས་འབྲི་ཡས་མིན་པ་དེ་ཡི་གེ་ཡག་པོ་ཀློག་ཤེས་མཁན་ཞིག་ཡིན་ན་ལམ་སེང་ཤེས་ཀྱི་རེད། ཕལ་ཆེར་ཁྱོད་ཁོང་གི་དྲུང་དུ་བདེ་སྡུག་རྫུན་མ་ཞིག་ཞུ་བར་ཕྱིན་ཏེ་ལམ་མ་རྒྱུགས་པ་ཞིག་ཡིན་ས་རེད། ཁྱོད་ཡག་པོ་བྱས་ཏེ་ཞིབ་ལྟ་བྱེད་དང༌། བཀའ་ཁྲིའི་འོས་གཞི་དེ་དག་ཁྲོད་ནས་སུ་ཞིག་ལྟ་ཀློག་བྱ་མཁན་མང་ཤོས་རེད། སུ་ཞིག་ལ་མཆན་འདྲ་མིན་འབྲི་གི་འདུག འབྲོང་ཆུང་དངོས་གྲུབ་ཟེར་བ་དེར་གཞན་གྱི་ག་ཚོད་ཙམ་ཚད་འཇོག་གི་འདུག ཁྱོད་རང་རྫུན་མ་བཤད་ནས་འཕྱོ་ཡོད་མ་རེད། ད་དེ་ཙམ་དུ་འཇོག་གི་ཡིན། སྐྱོན་གཞན་པ་འདུག་ན་ཤོད་དང༌། གང་ཡང་ཡོད་མ་རེད། སོ་སོའི་རྫུན་གཏམ་ལམ་ལ་མ་རྒྱུགས་སྐབས་གཞན་ནག་པོ་བཟོ་རྩིས་བྱས་ན་དེ་ཡག་པོ་མ་རེད། བདེ་མོ་ཞུགས།
མཐུ་སྟོབས་ལགས་ཁྱེད་ཀྱི་གསུང་པ་དངོས་གནས་རེད།
ཁོང་ནི་མཐོ་ཉམས་དང་སྤོ་ཉམས་དོད་པའི་དཔོན་པོ་བཟང་པོ་ཞིག་རེད།
བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་བཀའ་ཁྲིའི་འོས་མིར་འདོན་མཁན་ཚོས་ནོར་མི་འདུག ཡིན་ན་ཡང་ད་ལྟ་ང་ཚོས་འཚོལ་བཞིན་པའི་བཀའ་ཁྲི་ནི་བོད་མི་ས་ཡ་དྲུག་གི་ཁེ་དབང་སྲུང་ཐུབ་དགོས་པ་ཞིག་ལས་སྐུ་མདུན་གཅིག་པོའི་སྐུ་སྲུང་བའི་ཉམ་མྱོང་ཡོད་པ་ཙམ་གྱི་མི་ཆོག དེའི་དོན་དགོངས་འཇགས་ཡོད་པར་ཞུ།
མི་བརྟན་པོ་དང་ལྷག་བསམ་ཅན་ཞིག་ཡིན་པ་དེ་ཡོངས་གྲགས་རེད་འདུག
ད་བྱས་ན་ང་ཚོ་ཚང་མས་བཀའ་བློན་གཞས་པ་གཞས་མ་ཞིག་འདེམས་ན་ཨེ་རེད། སྐད་གསངས་མཐོན་པོས་འུར་བརྒྱབ་ཆོག་གི་རེད། དེང་སྐབས་ཚན་རིག་ཡར་རྒྱས་ཕྱིན་ནས་སྒྲ་ཆུང་ངུ་ཆེ་རུ་གཏོང་བའི་ནུས་པ་ཡོད་ལ། ཆ་རྐྱེན་རྩ་བ་ནས་མེད་ས་ཞིག་མ་གཏོགས་ཚང་མས་སྐད་དཔར་ཡོད་རེད། སྐད་ཀྱི་སྐྱོན་གཅིག་པུ་ཡིན་ན་འགྲིག་གི་འདུག མི་ཟེར་བ་དེ་འདྲ་རེད། སྐྱོན་རྩ་བ་ནས་མེད་ཚེ་དགེ་མཚན་དེ་ཚོའང་སྐྱོན་དུ་ངོས་འཛིན་བྱེད་ཀྱི་འདུག སྐད་ག་ཚོད་ཆུང་བ་བརྒྱབ་པ་ཡིན་ནའང་དེ་ཙམ་གྱིས་མི་གཞན་དེས་དོ་སྣང་ཆེ་བ་བྱ་གི་ཡོད་པ་དེ་མི་ཆུང་ཟེར་བ་དེ་ཤེས་མི་འདུག ད་བཀའ་ཁྲི་དེ་ལ་ཕལ་ཆེར་ཁོང་གི་ཐོག་ནས་སྐྱོན་རྙེད་མི་འདུག རྗེས་སུ་དེ་ལྟ་བུའི་སྐྱོན་དུ་བཏོན་གྱི་འདུག་ན་བརྩི་གི་མིན་དཱ་ ཡ་མུ་མཐུད་ཤོད་དང༌། སྐྱོན་ག་རེ་འདུག དགེ་ག་རེ་འདུག
སྤྱིར་བཏང་བྱས་ན་ཁོང་བཀའ་ཁྲིར་མི་འོས་པ་མེད། འོན་ཀྱང་བཀའ་ཁྲིར་སུ་སླེབས་ཀྱང་སྐད་སངས་མཐོན་པོར་སྒྲོག་ཐུབ་མཁན་ཞིག་དགོས་སྟབས། ཁོང་གིས་དེ་ལྟར་སྒྲོག་མ་ཐུབ་པ་དེ་ཡོངས་གྲགས་རེད། ཁོང་གིས་གསུང་སྐད་ཇི་ཙམ་གྲགས་ཀྱང་རང་གི་ཉེ་འཁོར་གྱི་མིས་ཀྱང་ཅུང་གོ་དཀའ་བར་འགྱུར་གྱིན་ཡོད། དེས་ན་ཁྱེད་ཚོས་བསམ་གཞིག་བྱོས། ཁོང་ལ་སྐུ་ངལ་མ་སྤྲོད་རོགས།
Kalsang ཞེས་པའི་མིང་རྫུན་བཀོད་དེ་མཆན་འབྲི་མཁན་དེར་ཞུ་རྒྱུར་ཁྱེད་ཀྱི་བཀའ་ཁྲིའི་འོས་གཞི་ཞིག་ལ་དགེ་མཚན་བགྲང་རྒྱུའི་རང་དབང་ཡོད་ལ། དམའ་འབེབས་བྱ་རྒྱུའི་རང་དབང་ཡང་ཡོད། དེ་བཞིན་བཀའ་ཁྲིར་བཏོན་པའི་མི་དེ་ལའང་རང་དབང་ཡོད་ངེས་པས་དམའ་འབེབས་དང་སྐྱོན་འཛུགས་བྱ་སྐབས་སྡིངས་ཆ་ཆེན་པོ་དེའི་སྟེང་དུ་སྐྱག་རྫུན་ལྷུ་བསྒྲིགས་ནས་བདེན་པ་ཡིན་མདོག་བྱས་ཏེ་ནག་འཛུགས་བྱས་ན་ཡག་པོ་མི་འདུག ཁྱོད་རང་མཐོ་སར་སྤྲེལ་ལད་དང་དམའ་སར་མཐོང་ཆུང་བྱས་ཟེར་བ་དེ་ངོ་མ་ཡོངས་སུ་རྫུན་གཏམ་རེད་འདུག ང་ཚོ་དེ་སྔ་རྡ་རམ་ས་ལར་ལོ་མང་བསྡད་མྱོང་ཡོད་པ་ཙམ་མ་ཟད། མི་དེ་དང་ང་རང་གི་འབྲེལ་ཡོད་རྒན་རབས་མང་པོ་དང་སྐད་ཆ་བྱུང་སྐབས་མཐོ་སར་སྤྲེལ་ལད་དང་དམའ་སར་མཐོང་ཆུང་བྱ་མཁན་ཡིན་པ་རྩ་བ་ནས་གོ་མ་སོང༌། དེ་ལས་ལྷག་པ་ཁོང་ནི་བདེ་སྡུག་ཞུ་བདེ་བའི་དཔོན་པོ་ཞིག་རེད་ལ། མཐོ་མཉམ་དང་སྤོབས་ཉམས་དཔོན་པོ་བཟང་པོ་ཞིག་རེད་ཅེས་གོ་བྱུང་ང་།
བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་བཀའ་ཁྲིའི་འོས་མིར་འདོན་མཁན་ཚོས་ནོར་མི་འདུག
ཁོང་ནི་དངོས་གནས་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་འགྲན་ཟླ་བྲལ་བའི་མི་སྣ་ཚད་ལྡན་ཞིག་ཡིན་པ་ཡོངས་གྲགས་ཡིན།
ང་ཚོའི་བཀའ་བློན་ཁྲི་བར་ཁོང་ལས་ལྷག་ཡོད་པ་མ་རེད།
འོན་ཀྱང་བཙན་བྱོལ་སྤྱི་ཚོགས་ཡར་རྒྱས་གཏང་དགོས་ན་ཁོང་གིས་ཀྱང་དཀའ་སེ་ཞིག་ཡིན་ངེས།
མཁས་དབང་ཟབ་གདོང་རིན་པོ་ཆེ་ལྟ་བུའི་བཀའ་ཁྲི་ཞིག་ང་ཚོར་ཡོད་ཀྱང་ཁོང་གིས་ཀྱང་བཙན་བྱོལ་སྤྱི་ཚོགས་དམིགས་བསལ་ཡར་རྒྱས་བཏང་བ་འདི་རེད། ཅེས་སྟོན་འོས་པ་ཅི་ཡང་བྱུང་མེད།
དེ་བཞིན་མ་འོངས་པར་ཡང་བཙན་བྱོལ་སྤྱི་ཚོགས་འདི་ཡར་རྒྱས་འགྲོ་རྒྱུ་ཧ་ཅང་དཀའ་སེ་ཞིག་ཡིན་པའི་དཔང་རྟགས་གང་མང་ཐོན་བཞིན་འདུག
དཔེར་ན་བོད་ཀྱི་ཟིན་བྲིས་པ་ཨ་རིག་དགེ་མཐོང་གི་ཟིན་བྲིས་ནང་།
རྩོད་རྙོགས་ཅན་གྱི་གསང་སྤྱོད། པར་དང་གསལ་བཤད། ཅེས་པའི་ཁ་བྱང་འོག་གི་མོན་གྷོ་འདོད་རྒུ་གླིང་གི་དཔར་རིས་རྣམས་ལ་དྲ་གྲོགས་ཚོས་གཟིགས་དང་། ང་ཚོས་ལས་དོན་ཆ་ཚང་ཧ་གོ་ཡོང་།
ག་རེ་བྱས་ནས་ཁོ་བཀའ་ཁྲིར་འོས་གཞིར་བླུག་དགོས་སམ?
སྤྲང་པོ་རྟ་ལ་གཞོན་ན་ས་གཞི་མིག་གི་མ་མཐོང་་ཞེས་པའི་དཔེ་ལྟར།
མཐོ་སར་སྤྲེལ་ལས་དང་དམའ་སར་མཐོན་ཆུང་བྱེད་མཁན་དེ་ཚོ་
བཀའ་ཁྲིར་མོས་སོ།
ལོ་འདི་ཙམ་ཞིག་ལ་ག་གེ་མོས་དབུ་ཁྲིད་གནང་བ་རེད་ཟེར་བ་ཙམ་གྱིས་འགྲིག་གི་མི་འདུག ལོ་དེ་གའི་རིང་ལ་དབུ་ཁྲིད་གནང་ནས་མཛད་རྗེས་ཅི་ཞིག་བཞག་འདུག ཕན་པའི་ལས་གང་བྱས་འདུག འབུར་ཐོན་རང་བཞིན་གྱི་གསུང་བཤད་གང་དང་ཅི་གནང་འདུག མི་ཞིག་ལ་ཚད་འཛིན་ནམ་ཆ་འཇོག་བྱེད་པ་ལ་ངེས་པར་དུ་འདི་འདྲའི་ཁྱད་ཆས་སམ་མཛད་རྗེས་ཤིག་སྟོན་རྒྱུ་དང་བཤད་རྒྱུ་ལོས་དགོས།
ཁ་སྔོན་དྲ་གྲོགས་ཤིག་གིས་སྐད་ཆ་འདི་འདྲ་ཞིག་བཤད་སོང་། མི་ག་གེ་མོ་ཞིག་བཀའ་ཁྲིར་བསྡད་ཀྱང་དམིགས་གསལ་གྱི་འཇོན་པོ་བྱས་ནས་ལས་དང་རྒྱུ་ཡང་ཅང་མེད་པ་དང་། ཡང་མ་འཇོན་ཡང་དམིགས་བསལ་གྱིས་ལྷུང་འགྲོ་བ་ཡང་ཅང་ཡོད་ནི་མ་རེད་ཟེར། སྐད་ཆ་འདིས་དོན་དག་ཞིག་གླེང་གི་འདུག རྒྱུ་མཚན་ནི་ད་ལྟའི་ང་ཚོའི་དབུ་ཁྲིད་ཚོའི་ནུས་པ་འདི་ཙམ་ཞིག་གིས་བསྡོམས་བརྒྱབས་ཡོད་པ་རེད། དོན་དུའང་འདི་འདྲ་ཞིག་རེད་སྙམ། ལོ་མང་པོ་ཞིག་ལ་ལས་སྣེ་ག་གེ་མོ་ནས་བསྡད་པ་རེད་ཟེར་བ་ཙམ་ལས། གཞན་དམིགས་ཀྱིས་ཁྱད་ཆས་དང་མཛད་རྗེས་བགྲངས་ཡོང་དུས་ད་ལྟའི་ལས་ཐོག་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་ལ་ཡང་མཛད་རྗེས་རེ་གཉིས་ལས་བགྲངས་རྒྱུ་མེད་པ། ཟམ་གདོང་རིན་པོ་ཆེའི་རྒྱབ་ནས་ཀ་ལངས་ལངས་བྱེད་མཁན་ཚོར་མི་འདུག་གཱ ཨོ་ཡ། དེ་ཙམ་རེད། དེ་བས་མི་ཞིག་བཀའ་བློན་ཁྲི་བ་དང་སྤྱི་འཐུས་འོས་གཞིར་ལངས་དགོས་པ་དང་འོས་ཤོག་འཕེན་པ་ལ། ཆེས་དམའ་མཐར་ཡང་ང་ལ་པོངས་དང་། ངས་ཅིག་བྱེད་ཀི་ཡིན། འདི་བྱེད་ཀི་ཡིན། གན་བྱེད་ཀི་ཡིན་ཟེར་མཁན་ཞིག་ལས། ཁུ་སིམ་མེར་སྡོད་མཁན་ཞིག་ལ་འོས་འཕངས་ཀྱང་། རྗེས་མ་འཇོན་དང་མི་འཇོན་གྱི་སྐད་ཆ་བཤད་ཡོང་དུས། ཨོ་ང་ནི་ཁྱོད་ཚོས་བདམས་པ་ལས་ང་རང་འདུག་འདོད་པ་མིན་ལ། དམིགས་ཀྱིས་བྱེད་དང་རྒྱུ་ཡང་ཅང་མེད་ཟེར་གི་རེད། ཁོ་ཡིན་ང་ཡིན་ཟེར་མཁན་ཚོར་འོས་བླུགས་ན། རྗེས་མ་ཁ་གཏོང་བ་དང་འདི་འགྲིག་མི་འདུག གན་འགྲིག་མི་འདུག ཁྱོད་ཀྱིས་འཇོན་མ་སོང་། སྔོན་མ་ཁྱོད་ཀྱིས་ང་འོས་བླུགས་དང་ངས་འདི་འདྲ་དང་དེ་འདྲ་བྱེད་ཀི་ཡིན་ཞེས་ལབ་སོང་ད་ནི་སྔོན་ཀྱི་ཁ་ཤོམ་དེ་གང་དུ་ཡོད་སོགས་ཁོ་ལ་སྐུལ་མ་དང་ལས་བདའ་བྱས་ཆོག དེ་མིན་རྗེས་མ་ཞིག དབུ་ཁྲིད་ཀྱིས་ངས་ཁྱོད་ཁས་ནི་ལེན་རྒྱུ་མ་བྱུང་མདོག་མདོག དམངས་ཀྱིས་ཁྱོད་ཀྱིས་འཇོན་མ་སོང་མདོག་མདོག དཔོན་པོས་དམངས་ཀྱི་མགོར་གཡོགས དམངས་ཀྱིས་དཔོན་པོའི་མགོར་གཡོག ཅི་ཡིན་འདི་ཡིན་མེད་པ་ཆགས་ཀི་རེད།
སྐལ་བཟང་རྒྱལ་མཚན་དང་བཀྲས་མཐོང་། འབྲོང་ཆུང་གསུམ་ནི་གཅིག་ལས་གཅིག་ཡག་པར་མཐོང་། དངོས་གནས་ཁོང་གསུམ་ལྟ་བུའི་རླབས་ཆེ་བའི་དབུ་ཁྲིད་འགའ་ཡོད་པ་ནི་ང་ཚོའི་བཙན་བྱོལ་སྤྱི་ཚོགས་ཀྱི་བསོད་ནམས་རེད། ཁོང་དག་གི་སྔར་བྱས་ཀྱི་མཛད་རྗེས་དང་མ་འོངས་པའི་བྱ་གཞག་ལ་རྒྱབ་སྐྱོར་ཞུ་རྒྱུ་མ་ཟད་ཐུགས་རྗེ་ཆེ་ཞུའོ།། ཁོང་གསུམ་གྱི་ངོ་སྤྲོད་གནང་བའི་རྩོམ་ཡིག་འདི་དག་ནི་བདག་གིས་ཆེས་དགའ་བསུ་ཞུ་སའི་དུས་བབ་ཀྱི་གསར་འགྱུར་རམ་ངོ་སྤྲོད་རྩོམ་ཡིག་ཡིན།
མཐའ་དོན། དྲ་གྲོགས་རྣམས་ཀྱིས་རང་རང་གིས་སུ་ལ་རྒྱབ་སྐྱོར་བྱེད་འདོད་ན་དེར་བྱེད་རྒྱུ་ལས། གཞན་པ་ལ་དམའ་འབེབས་དང་ཟུར་ཟ། དགའ་སྡུག་གི་གཏམ་སྨྲས་ནས་ནང་ཁུལ་གྱི་དམ་ཚིག་ལ་གནོད་པ་མི་བྱེད་རྒྱུ་སེམས་ལ་ཟུངས། ད་ལྟའི་ང་ཚོའི་གནས་སྟངས་ལ་བསམ་ཤེས་གནང་རོགས་ཞུ་རྒྱུ་ཡིན།
ད་སྔའི་ལས་དོན་དེ་མི་མཐུད་དུ་སྐྱོངས་རྒྱུ་གལ་ཆེན་པོ་རེད་སྙམ།
དགོངས་པ་མ་ཚོམ་འདི་ཚོ་བཀའ་ཁྲིར་སླེབས་ན།
བཙན་འབྱོལ་ན་བཀའ་ཁྲི་ཆིག་སྟོང་བརྒལ་བ་ཡོད་པས།
བློ་བཟང་སེདྒེ་ལ་ཤུགས་བཏོན་ཡག་སྙམ
ཁ་བརྡ་དྲ་ཐོག་ཏུ་གཅིག་གིས་འདི་ལྟར་བྲིས་འདུག་པ་དངོས་གནས་བདེན་པ་རེད། ༡༨༽ བོད་ཀྱི་བུ་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༢ གི་ཆུ་ཚོད་ ༡༠ སྐར་མ་ ༣༥
འབྲོང་ཆུང་དངོས་གྲུབ་ལགས་ཀྱིས་བདེ་སྲུང་གི་ལས་ཀ་ལས་བསྡད་ན་ཡག་ཤོས་རེད།
གསང་བའི་ལས་ཀ་བྱེད་མཁན་ཞིག་བཀའ་བློན་ཁྲི་བའི་གསེར་ཁྲིའི་སྟེང་བཞུགས་ན་ལན་པོ་འདྲ་ཡོད་མ་རེད།
གསང་བའི་ལས་ཀ་བྱེད་མཁན་དེ་ཚོའི་ལས་ཀ་ཇག་པའི་ལས་ཀ་དང་འདྲ་སེ་ཡོད་རེད།
ཨོ་ཡ། སྐབས་གསུམ་པའི་བཀའ་བློན་ཁྲི་པ་འོས་བསྡུའི་སྐོར་ལ་སྔོན་མ་དང་མི་འདྲ་བར།
འབྲོང་དང་སེངྒེ་སོགས། རི་དྭགས་དང་བཅན་པོ་དང་། གཅན་གཟན་གཏུམ་པོ་འདི་ཚོ་བཀའ་ཁྲིར་ཕེབས་ཐུབ་ན། སྐབས་གསུམ་པའི་བཀའ་ཁྲི་ཧ་ཅིང་འཇིགས་སུ་རུང་བ་ཞིག་སྙེད་ངེས་རེད་སྙམས་སོང་།
རི་དྭགས་ཕལ་བ་དང་གཅན་གཟན་ཕལ་བ་རྣམས་ཟིལ་གྱིས་གནོན་ཐུབ་པའི་རེ་སྨོན་ཞུ།
བཀའ་བློན་འཚམ་ཤོས་ཤིག་འབྲོང་ཆུང་ལགས་ཁོང་རང་མཐོང་སོང་།
གཞོན་སྐྱེས་བློ་བཟང་སེང་གེ་འདྲ་བོའི་ད་ལྟ་ཐད་སྤྱི་ཚོགས་སྟེང་ལག་རྗེས་ཞིག་ཡོད་པ་རྩ་བ་ནས་མཐོང་མ་སོང་། ཁོང་ནི་ཕལ་ཆེར་ཨོ་བྷ་མ་དང་འདྲ་བོ་རེད། ཁ་ནས་བདེ་པོ་ཙམ་ལས་ལག་ལེན་ཡོད་པ་མ་རེད།
ད་ལྟའི་བཙན་བྱོལ་སྤྱི་ཚོགས་འདིའི་ནད་གཞི་དངོས་ལ་དམིགས་པའི་སྨན་ཞིག་འཚོལ་དགོས་པ་ལས། སྨན་གྱི་གོང་ཚད་ལ་མཐོ་དམའ་མར་བལྟས་ནས་སྨན་ལེན་པ་དེ་ནི། སྙིང་ནད་ཅན་ལ་རྨ་ནད་བྱུག་པ་དང་འདྲའོ།
ཁོང་དངོས་གནས་བཀའ་ཁྲིར་འོས་པའི་འོས་མིའི་གྲས་ཤིག་རེད། སྤྱི་ཚོགས་ཀྱི་མི་མཐོ་དམའ་གཉིས་ལ་འབྲེལ་འདྲིས་ཡོད་པ། ཕྱི་ནང་གཉིས་ཀྱི་གནས་ཚུལ་གསན་བཞེས་ཡོད་པ། རང་གཤིས་བརྟན་ལ་དྲང་ཚུགས་ཅན་ཁོང་འདྲ་ཧ་ཅང་ཉུང་ཉུང་རེད། ད་ལྟའི་བཙན་བྱོལ་གཞུང་གི་སྒྲིག་འཛུགས་འདིའི་འོག་བཀའ་ཁྲི་ཡིན་ཞེས་དམིགས་བསལ་སྒྲུབ་འཇོག་རྒྱུ་ཅང་ཡོད་པ་མ་རེད། གཙོ་བོ་ལྷག་བསམ་རྣམ་དག་དྲང་བོ་དྲང་བཞག ལྷོད་ཡངས་མེད་པ། རང་ཚིགས་བརྟན་པོས་སྒོ་ནས་སྒྲིག་གཞིའི་འོག་གི་ལས་འགན་དག་ཕྱི་ནང་མངོན་ལྐོག་མེད་པ། གཞན་བསླུ་དགའ་ཉེ་ཀྱི་ཆགས་སྡང་གི་དབང་དུ་མ་སོང་བའི་སྒོ་ནས་སྒྲུབ་ཐུབ་ན་དེ་ལས་གཞན་ག་ལ་ཡོད།
ད་ལྟའི་བཙོན་བྱོལ་བོད་གཞུང་གི་བཀའ་ཁྲིའི་ཁྲི་ཐོག་ནས་རང་སྣང་གར་ཤར་གྱི་ཆབ་སྲིད་ལངས་ཕྱོགས་ཤིག་འཛིན་ས་མེད་པ་ཤེས་བཞིན་དུ། སྐབས་འཚོལ་བ་རེ་འགས་རང་ལ་གོ་སྐབས་རེ་རག་ཆེད་མང་ཚོགས་ལ་བསླུ་བྲིད་བཏང་སྟེ་ངའི་ལངས་ཕྱོགས་ཅིག་ཅིག་ཅིག་ཡིན། ངས་རྗེས་ཕྱོགས་ཅིག་ཅིག་ཅིག་སྒྲུབ་གི་ཡིན་ཞེས་ད་ལྟའི་མང་ཚོགས་ཚོའི་སེམས་ཁམས་དང་བསྟུན་ནས་ཟློས་གར་སྣ་ཚོགས་འཁྲབ་ཀྱིན་ཡོད། མཐའ་མ་ཁྲི་ཐོག་ཏུ་ཐོན་རྗེས་གྲགས་འགུལ་ཅི་ཡང་མེད་པར་ཕྱོགས་རེས་རྔ་ཚིགས་རེ་སྒྲུག་གྱིན་ལོ་ལྔའི་དུས་ཡུན་ཆུ་ནང་ལ་ཕངས་མེད་དུ་འདེབས་གི་རེད། འདི་གཟབ་དགོས་ས་ཞིག་རེད། གཙོ་བོ་མི་རང་ཚིགས་བརྟན་པོ་དང་ཕྱོགས་རེས་འཐེན་འཁྱེར་མེད་མཁན། རང་གི་ནོར་འཁྲུལ་ངེས་ལེན་ཐུབ་མཁན། གཞན་གྱི་ནོར་འཁྲུལ་ལ་མཛུབ་མོ་འཛུགས་ཐུབ་མཁན་གྱི་གཡོ་སྒྱུ་མེད་མཁན་ཞིག་འདེམས་ཐུབ་རྒྱུ་ནི་གཞི་རྩའི་དགོས་མཁོ་རེད། སྐད་ཡིག་སྣ་མང་དང་ཤེས་འཇོན་ནུས་ལྡན་ཞེས་པ་ནི་ཡག་ཐོག་ཡག་བརྩེགས་ཀྱི་མཛེས་རྒྱན་ལྟ་བུ་ལས། ད་ལྟའི་འུ་ཚོའི་ནད་རྙིང་སྣ་ཚོགས་ཁ་རུབ་ཏུ་ཡོད་པ། ཆགས་ཞེན་འདྲ་མིན་གཏིང་རུབ་སྦོས་པའི་བཙན་བྱོལ་སྤྱི་ཚོགས་འདིའི་བཀའ་ཁྲིའི་འོས་གཞིའི་གཞི་རྩའི་ཆ་རྐྱེན་མ་རེད།
འབྲོང་ཆུང་དངོས་གྲུབ་ལགས། ཨེ། ཁོང་གཞུང་དྲངས་ཞིག་ཡིན་སྲོལ་ཐོས་མྱོང་། ཁོང་གི་ལོ་རྒྱུས་ལ་ལྟས་ན་རྒྱ་བ་རིན་པོ་ཆེ་ལ་བློ་ཐག་ཉེ་བའི་སྐོར་མང་པོ་ཞིག་བྲོས་འདུག བཀའ་བློན་ཁྲི་བ་མཆོག་ནི་བོད་མི་མང་གི་བཀའ་ཁྲི་ཡིན་པ་ལས་རྒྱ་བ་རིན་པོ་ཆེའི་བཀའ་ཁྲི་མིན་རྐྱེན་བཀའ་ཁྲིའི་འོས་གཞིའི་ནང་ལ་ཁ་ཐག་ཧ་ཅང་རིང་པོ་འདུག་སྙམ། དེ་བཞིན་དུ་མི་མང་གི་རྟའི་སྐོར་དྲིས་ན་ཁོང་གིས་གཡག་གི་སྐོར་བརྗོད་བཞིན་འདུག
བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་ལགས་དངོས་གནས་དྲང་གནས་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་གི་མི་ཡག་ཤོས་ཤིག་རེད། ཁོང་ལ་གུས་བཀུར་ཆེན་པོ་ཡོད། འོན་ཀྱང་ཁོང་བཀའ་བློན་ཁྲི་པ་ལ་དེ་ཙམ་འོས་པོ་མི་འདུག རྒྱུ་མཚན་ནི་བཀའ་བློན་ཁྲི་པས་སྤྱི་ནང་གི་ཚོགས་འདུ་ཁག་དང་མི་མང་འཛོམས་སར་གསུང་བཤད་གནང་དགོས་པས། ཁོང་གི་གསུང་སྐད་དེ་ཧ་ཅང་འགག་ཡོད་སྟབས་གསུང་བཤད་གནང་རྒྱུ་ལ་དཀའ་ལས་ཁག་པོ་འདུག དེར་བརྟེན་བཀའ་བློན་ཁྲི་ལས་དོན་ནང་ནས་གལ་ཆེ་ཤོས་གཅིག་གསུང་བཤད་གནང་རྒྱུ་དེ་ཡིན་པས་ཁོང་ལ་གསུང་སྐད་འགག་པ་དེས་སྐུ་ངལ་ཆེན་པོ་བཟོས་འདུག་པ་མ་གཏོགས། གཞན་མ་འོས་པ་གཅིག་ཀྱང་མི་འདུག གང་ལྟར་ཁོང་ལ་འོས་ཤིང་འཚམས་པ་དེ་བདེ་སྲུང་བཀའ་བློན་རང་རེད། དེའི་སྐོར་གྱི་ཉམས་མྱོང་ཡོད་པ། དྲང་ཚུགས་ལྡན་ཞིང་མི་གཞི་བཟང་བ། བློ་གཏད་ཆོག་པའི་ཕོ་ཁྱོ་ག་ཞིག་ཡིན་པས། བཀའ་བློན་ཁྲི་པ་སུ་སླེབས་ཀྱང་ཁོང་བསྐྱར་དུ་བདེ་སྲུང་བཀའ་བློན་ལ་མ་བསྐོས་ན་མི་དེ་མ་རབས་ཐ་ཤལ་ཞིག་ཡིན་པ་ར་སྤྲོད་བྱས་པ་རེད།
བསོད་ནམས་ཚེ་རིང་ལགས་སོགས་ཁོང་བཀའ་ཁྲིའི་འོས་གཞིར་འདོན་མཁན་རྣམས་ལ་བསྔགས་བརྗོད་ཡོད། མི་ཡག་པོ་དེ་ཚོ་སེམས་ཤུགས་མ་ཆགས་པ་བྱེད་དགོས་པ་ང་ཚོའི་ལས་འགན་རེད།
ད་དུང་ཐུགས་འགན་དེ་མུ་མཐུད་གནང་ན་ཡག་པོ་མ་རེད་དམ།
མ་གཞི་ཁོང་ལ་དངོས་གནས་ཞུ་རྒྱུ་གང་ཡང་མེད། མི་ཚད་ལྡན་དང་དྲང་པོ། ཁ་ཞེ་གཉིས་མེད་འདྲ་ཞིག་རེད། འོན་ཀྱང་བཀའ་ཁྲིར་དེ་ཙམ་མཚུངས་པོ་མི་འདུག བཀའ་ཁྲི་ཞེས་པ་དེ་ལྷག་བསམ་ཡོད་པ་མ་ཟད། དེའི་སྒང་ལ་མཚམས་རེ་བྱུས་འདིང་མཁས་པོ་དགོས་རྒྱུ་གལ་ཆེན་པོ་རེད།
བཀའ་ཁྲི་ལྷ་སྐུ་ནང་བཞིན་བཤམས་འཇོག་རྒྱུ་ནི་མ་རེད། ཏོག་ཙམ་འཁྲབ་རྒྱུ་མེད་ན་ཆབ་སྲིད་ཀྱི་དབུ་ཁྲིད་གནང་རྒྱུ་ཁག་ཙམ་རེད་ད།
བསམ་ཚུལ་དང་རྒྱུ་མཚན་ག་རེ་བཤད་ནའང་ང་ཚོས་ཞིབ་འཇུག་དང་ཧ་གོ་བའི་ཐོག་ནས་བྱ་དགོས་པ་རེད་མ་གཏོགས་འགྲོ་ཞོར་འདུག་ཞོར་ལ་གླེང་སྟེགས་ཆེན་པོ་དེ་འདྲའི་ཐོག་གོ་མ་ཚོད་ཀྱི་འཆལ་གཏམ་མ་སྤེལ་ན་ཡག་པོ་འདུག གང་ལྟར་བཀའ་བློན་ཁྲི་པ་སུ་ཞིག་སླེབས་ཀྱང་ང་ཚོ་སྤྱིར་ཕན་ཐོགས་པ་ཞིག་དགོས་ཀྱི་ཡོད་རེད། དེ་འདྲ་སོང་ཙང་ང་ཚོས་ཁོང་ཚོའི་དངོས་ཡོད་ཀྱི་རྒྱབ་ལྗོངས་ཁག་ཤེས་པའི་ཐོག་རྒྱབ་སྐྱོར་དང་དགག་ཆ་བྱ་དགོས་པ་དེ་གལ་ཆེན་པོ་མཐོང་གི་ཡོད། གང་ལྟར་ཁོང་ཡང་འཚམ་པའི་གྲས་ཤིག་རེད་འདུག་སྙམ། ཡིན་ནའང་དཔྱད་ཞིབ་པ་ཚོས་མུ་མཐུད་བཏོན་རོགས་གནང་།