དང་པོ། ཉེ་དུས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས། ཁ་གཏད་མེད་པའི་བཀའ་བློན་ཁྲི་པ་ཞིག་འདེམས་བསྐོ་ཆོག་ཚུལ་གྱི་ཁྲིམས་ཡིག་གཏན་ལ་ཕབ་ཡོད། ཁྲིམས་ཡིག་དེའི་རྒྱབ་ལྗོངས་ནི། བཀའ་ཤག་སྐབས་བཅུ་གཉིས་པ་དང་བཅུ་གསུམ་པའི་བཀའ་བློན་ཁྲི་པ་འདེམས་སྐབས། ཟམ་གདོང་རིན་པོ་ཆེ་ཡིན་ཤག་ཤག་ལས། དེའི་ཁ་གཏད་དུ་ལངས་ཐུབ་མཁན་སུ་ཡང་མེད། འོན་ཀྱང་བཅའ་ཁྲིམས་ནང་བཀའ་ཁྲིའི་དངོས་གཞིའི་འོས་བསྡུའི་ནང་ཉུང་མཐར་འོས་མི་གཉིས་དགོས་པ་གསལ་སྟབས། ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་མཆོག་གིས་གཞུང་གྲོན་འཕྲོ་བརླག་ཏུ་མི་འགྲོ་བའི་ཆེད་དུ། བཀའ་ཁྲིའི་འོས་འདེམས་ནང་རང་ལ་རྒྱལ་ཁ་ཐོབ་པའི་རེ་བ་མེད་ཀྱང་། བཟང་སྤྱོད་ཀྱི་འགན་ཁུར་བླངས་ཏེ་མུ་མཐུད་འོས་མིར་བཞུགས་པ་རེད། ཉེ་དུས་གཏན་ལ་ཕབ་པའི་ཁྲིམས་ཡིག་དེ་ནི། མ་འོངས་པར། བཀའ་བློན་ཁྲི་པའི་འོས་འདེམས་ནང་། འོས་ཤོག་ངེས་ཅན་ཐོབ་ན། ཁ་གཏད་འོས་མི་མེད་རུང་བཀའ་བློན་ཁྲི་པར་ལངས་ཕྱོགས་པའི་ལམ་ཁ་ཞིག་བཟོས་པ་རེད། འོན་ཀྱང་། ད་ལྟའི་བཀའ་ཁྲིའི་འོས་མི་ཐོན་སྟངས་ལ་གཞིགས་ན། ཁྲིམས་ཡིག་དེ་བེད་སྤྱོད་བྱེད་དགོས་ཡོང་ས་མ་རེད། གང་ཡིན་ཟེར་ན། ད་ཐེངས་ཀྱི་བཀའ་ཁྲིའི་འོས་མིའི་ཁོངས་སུ་གཞུག་མཁན་ཧ་ཅང་མང་ལ། དེ་དག་ཚང་མ་འདྲ་འདྲ་མཉམ་མཉམ་ལས། གཞན་ཀུན་ལས་འབུར་དུ་ཐོན་པའམ་ཁྱད་དུ་འཕགས་པ་ཞིག་ཧ་ལམ་མེད་པས་རེད།
གཉིས་པ། ང་ཚོའི་སྤྱི་ཚོགས་ཀྱི་གྲུབ་ཆའི་ཁོངས་སུ་སྐྱ་སེར་གཉིས་ཀ་ཡོད་ཀྱང་། ༸གོང་ས་མཆོག་དང་ཟམ་གདོང་རིན་པོ་ཆེ་ཕུད། བོད་མིས་སྤྱི་མོས་ཡོད་པའི་མི་སྣ་ཧ་ཅང་དཀོན་པ་འདིའི་ཐད་ལ་ང་ཚོས་བསམ་གཞིགས་བྱེད་དགོས་འདུག ད་ལྟའི་བཀའ་ཁྲི་ཟམ་གདོང་རིན་པོ་ཆེར་ཆ་བཞག་ན། བོད་ཀྱི་རིག་གནས་དང་ཕྱིའི་རིག་གནས་གཉིས་ཀས་མཁས་པ་ཙམ་དུ་མ་ཟད། ༸གོང་ས་མཆོག་ལ་ལྷག་བསམ་རྣམ་དག་ཡིན་པ་དང་། དགུང་ལོ་གཞོན་དུས་ནས་བཙན་བྱོལ་བོད་མིའི་སློབ་གྲྭ་དང་མཐོ་སློབ། གྲོས་ཚོགས། འཛིན་སྐྱོང་བཅས་པའི་ནང་ཕྱག་ལས་གནང་བ། ལུང་ཚན་ནམ་ཤོག་ཁའི་འཐེན་འཁྱེར་ནང་འཛུལ་ཞུགས་གནང་བའི་ལོ་རྒྱུས་མེད་པ་ཞིག་རེད། དེ་འདྲའི་ཁྱད་ཆོས་ཚང་བར་བརྟེན་ནས། དེ་སྔོན་ ༡༩༥༩ གོང་བོད་ནང་མིང་གྲགས་ཧ་ལམ་མེད་པའི་བླ་སྤྲུལ་ཞིག་ད་ཆ་བོད་གཞིས་བྱེས་གཉིས་ཀ་ན་གྲགས་པ་ཧ་ཅང་ཆེ་ཞིང་གུས་བཀུར་ལྡན་པ་ཞིག་ཆགས་པ་རེད། དེར་བརྟེན་འབྱུང་འགྱུར་རང་ངོས་ནས་སྤྱི་མི་བྱེད་འདོད་ཡོད་པ་ཚོ་དང་སྤྱི་མི་ཚད་ལྡན་གསོ་སྐྱོང་གནང་མཁན་ཚོས་ཁྱད་ཆོས་འདི་ཚོར་དགོངས་པ་ནན་ཏན་བཞེས་དགོས་འདུག
གསུམ་པ། དེ་སྔོན་གྱི་བཀའ་ཁྲིའི་འོས་བསྡུ་ནི་ལྷ་དང་མིའི་བར་དུ་འོས་འགྲན་པ་ལྟ་བུ་རེད། ཕྱི་ལོ་ ༢༠༡༠ འདི་ནས་མི་དང་མིའི་དབར་གྱི་དོན་དམ་གྱི་འགྲན་བསྡུར་དེ་འགོ་ཚུགས་བཞིན་ཡོད་ལ། གཅིག་བྱས་ན། འདི་ནི་རང་རེའི་དམངས་གཙོའི་འཕེལ་རིམ་ནང་གི་གལ་ཆེའི་འགྱུར་བ་ཞིག་ཡིན་སྲིད། ད་རེས་ཀྱི་འོས་མིའི་ནང་དུ་རང་ངོས་ནས་ལངས་པ་འདུག་ལ། གཞན་གྱིས་བསྐུལ་བའང་འདུག སྐྱེས་པ་འདུག་ལ་བུད་མེད་ཀྱང་འདུག བཀའ་བློན་ཁྲི་ཟུར་འདུག་ལ་བཀའ་བློན་ལས་ཐོག་དང་དྲུང་ཆེ་ལས་ཐོག་པའང་འདུག གཞོན་སྐྱེས་འདུག་ལ་རྒན་པོའང་འདུག མཁས་པ་འདུག་ལ་མྱོང་བ་ཅན་ཡང་འདུག ཐ་ན་བོད་གཞུང་གི་ཡིག་སྐྱེལ་ཞིག་གིས་ཀྱང་བཀའ་བློན་ཁྲི་པའི་འོས་གཞིར་ལངས་འདུག བལྟ་གིན་བལྟ་གིན་ལ། ད་བཀའ་བློན་ཁྲི་པར་འོས་བླུག་མཁན་ལས་བཀའ་བློན་ཁྲི་པའི་འོས་མི་མང་བ་ཆགས་ས་རེད་བསམ་བསམ་ཞིག་འདུག འདི་ཚོ་བཟང་ངན་གང་དུ་འགྱུར་མིན་མི་ཤེས་ཀྱང་། བཀའ་བློན་ཁྲི་པའི་འོས་བསྡུའི་བརྒྱུད་རིམ་ནང་མི་དང་མིའི་དབར་འགྲན་བསྡུར་གྱི་འགོ་ཞིག་ཚུགས་པའི་སྔོན་རྟགས་གསལ་པོ་རེད།
ད་ནི་བོད་མི་ཚོས་ལོ་གཅིག་གཉིས་ཀྱི་སྔོན་དུ། བཀའ་བློན་ཁྲི་པའི་འོས་མི་མ་རག་དོགས་ཀྱི་སེམས་ཁྲལ་བྱེད་པ་དེ་ཡལ་སོང་། ད་འོས་མི་དེ་ཚོ་ལས་སུ་ཞིག་འདེམས་དགོས་མིན་དེ་གནད་འགག་རེད།
ད་ཕན་གྱི་འོས་གཞི་འདོན་མཁན་ཚོས། རྒྱུ་མཚན་སྣ་ཚོགས་ཤིག་འཁྱེར་ཏེ་སྐད་རྒྱག་གི་འདུག དེ་ཡང་ན་གཞོན་དང་ཉམས་མྱོང་ཡོད་མེད། ལོ་རྒྱུས་གཙང་མིན། སྐུ་དྲག་ཡིན་མིན་སོགས་རེད། ད་དུང་ཆོལ་ཁ་དང་ལུང་ཚན་གྱི་ཞེན་ཁོག་གི་འོག་ནས་སྐད་རྒྱག་མཁན་ཡང་འདུག
ང་རང་གི་བསམ་ཚུལ་ལྟར་ན། བཀའ་བློན་ཁྲི་པའི་འོས་གཞི་དེ་ཚོས། མང་ཚོགས་ཀྱི་མདུན་ལ་རང་རང་གི་འཆར་གཞིའམ་སྲིད་བྱུས་རེ་འཁྱེར་ཡོང་དགོས། དེ་ཡང་ཆབ་སྲིད་དང་ཤེས་ཡོན། དཔལ་འབྱོར། སྤྱི་ཚོགས་ཀྱི་དཀའ་ངལ་སོགས་ཀྱི་ཐད་བྱེད་ཕྱོགས་སྲིད་བྱུས་འདི་དང་འདི་ལྟ་བུ་ཡིན་ཞེས་འཁྱེར་ཡོང་དགོས། མང་ཚོགས་ཚོས་ཀྱང་ཆོལ་ཁ་ལུང་ཚན་སོགས་ཀྱི་ཞེན་ཁོག་དབང་དུ་མ་སོང་བར། མི་འདིའི་སྲིད་བྱུས་དེ་ངའི་བློ་ལ་ཕྱིན་སོང་། དེ་ལ་འོས་འཕེན་གྱི་ཡིན་ཞེས་ཐག་བཅད་དེ་འོས་འཕེན་ན་ཏན་ཏན་བོད་མི་མང་ཆེ་བའི་མངོན་འདོད་སྒྲུབ་ཐུབ་མཁན་གྱི་མི་ཞིག་བཀའ་བློན་ཁྲི་པར་སླེབས་ཐུབ་ཀི་རེད།
བཞི་པ། མ་འོངས་པའི་བཀའ་བློན་ཁྲི་པ་དེ་དཀའ་ངལ་ཆེན་པོ་རེད། དཔེར་ན། དཔལ་འབྱོར་གྱི་ཐད་ནས་ཟམ་གདོང་རིན་པོ་ཆེས་གཏན་ལ་ཕབ་ཟིན་པ་དེ་ལ་མངོན་གསལ་གྱི་འགྱུར་བ་གཏོང་ཐབས་ཤིག་ཁག་པོ་རེད། ཟམ་གདོང་རིན་པོ་ཆེས་བཙོང་ཟིན་པ་དང་སྒེར་བདག་ཅན་ལ་བསྒྱུར་ཟིན་པ་དེ་ཚོ་ཡང་ཚུར་ལེན་ཐབས་ཡོད་མ་རེད། ཤེས་ཡོན་གྱི་ཐད་ནས་གྲོས་ཚོགས་ཀྱིས་ཤེས་ཡོན་སྲིད་བྱུས་གཏན་ལ་ཕབ་ཚར་བ་དེ་ལ་འགྱུར་བ་གཏོང་ཐུབ་ཀི་མ་རེད་ལ། བོད་ཁྱིམ་སོགས་ཀྱིས་བོད་གཞུང་གི་ཤེས་ཡོན་སྲིད་བྱུས་ལག་བསྟར་མི་བྱེད་པ་དེ་ལའང་གང་ཡང་བྱེད་ཐུབ་ཀི་མ་རེད། ཞིང་ལས་ཀྱི་ཕྱོགས་ནས། སྐྱེ་ལྡན་སོ་ནམ་འགོ་འཛུགས་ཟིན་པ་ཕྱིར་བསྡུ་བྱེད་ཐུབ་ཀི་མ་རེད་ལ། དེའི་ཐད་མདུན་སྐྱོད་ཀྱང་བྱེད་ཐུབ་ཀི་མ་རེད། ཆབ་སྲིད་ཀྱི་ཆ་ནས་བཤད་ན། དབུ་མའི་ལམ་ལས་གཞན་གྱི་འགྲོ་ས་ཡོད་མ་རེད། འདི་དག་ནི་དཔེ་མཚོན་ཙམ་ཡིན། ད་བཀའ་བློན་ཁྲི་པ་ལ་སླེབས་སོང་ན། བྱེད་རྒྱུ་གང་དང་གང་འདུག དེ་དག་ལས་གང་དང་གང་བྱེད་ཐུབ་ས་རེད། འདི་ལ་བཀའ་བློན་ཁྲི་པ་བྱེད་འདོད་ཡོད་པ་ཚོ་དང་འདེམས་མཁན་ཚང་མས་དགོངས་པ་བཞེས་དགོས།། །།
ཁང་གསར་རྡོ་རྗེ་ལ་དངོས་གནས་མཐོང་རྒྱ་ཆེན་པོ་ཡོད་པ་རེད་འདུག ཁྱེད་ནས་ན་འོང་སྔོན་དཔག་གི་འཆར་སྣང་དེ་ལྟར་་བྲིས་པར་ཐུགས་རྗེ་ཆེ། རྗེས་སུ་དེ་འདྲའི་རིགས་མང་ཙམ་བྲིས་རོགས།
ཁང་གསར་རྡོ་རྗེ་ལགས། ཁྱེད་ངོ་མོ་ཤེས་ཡོན་ཅན་ཞིག་དང་བསམ་བློ་བ་ཞིག་ཡིན་ཐག་གཅོད་རེད། ཁྱེད་ཀྱི་བསམ་ཚུལ་ལམ་འཆར་སྣང་འདི་ལྟ་བུ་ཞིག་འབུལ་བར་ཐུགས་རྗེ་ཆེ། ང་ལ་མཚོན་ན་ཤེས་བྱ་ཐོབ་རྒྱུ་མང་པོ་འདུག མུ་མཐུད་ནས་རང་ཉིད་ཀྱི་གང་ཤེས་པ་དང་གང་དྲན་པ་རྣམས་རེ་རེ་བཞིན་འབྲི་ནས་སྤེལ་ན་ལེགས།
བསམ་བློ་ག་འདྲས་གཏོང་ཡང་ཁང་གསར་ལགས་ཁྱོད་ཀྱིས་གསུངས་པ་ལྟར་རྙིང་པ་འགྱུར་བ་གཏང་མ་ཐུབ་ཀྱང་དེ་ཡི་ཁར་གསར་སྤེལ་བྱ་མཁན་ཞིག་མ་འབྱུང་ན་བཀའ་བློན་གསར་པའི་ཕན་ཐོག་གང་ཡང་མེད་པ་ཞིག་ཆགས་མ་སོང་ངམ།
ང་རང་ལ་དགོས་པའི་བཀའ་ཁྲི་དེ་འཇིག་བྲལ་བསྟན་འཛིན་ལགས་་ལ་དགོས་པ་ནང་བཞིན་ཞིག་བསམ་སྡོད་ཡོད།འོན་ཀྱང་ད་ལྟ་འདི་ཡོང་ས་རེད་བསམས་པ་ཞིག་བྱུང་མ་སོང་།
ཁང་གསར་དང་འཇིགས་བྲལ་གཉིས་ཀྱིས་བགྲོད་གླེང་དོན་དང་ལྡན་པ་གནང་བ་ལ་བཀའ་དྲིན་ཆེ་ཞུ་རྒྱུ་དང་་་་ད་ནི་ང་རང་ཚོས་སུ་ལ་འོས་བླུག་དགོས་མིན་ཐག་གཅོད་ན་མ་གཏོགས་འོས་བླུག་མགོ་འཛུགས་རན་འདུག་པས་བོད་མི་རིགས་ཆེད་དུ་སུ་བཀའ་ཁྲི་ཡག་བ་འདུག་དྲན་གྱི་ཡོད་དམ།
ང་རང་ཚང་མས་ཕྱོགས་གཅིག་ལ་འོས་འཕེན་ན་རྒྱལ་ཁ་ཞིག་ཡོད་ངེས་རེད། དེ་མིན་དམངས་མོས་ཕྱོགས་སུ་བརྟེན་ན་རྒྱལ་ཁ་ཐོབ་མི་སྲིད་པ་ཞིག་རེད་སྙམ།
ངའི་ཟིན་བྲིས་ནང་དུ་དུས་བབ་ཟིན་བྲིས་པ་ཚོ་ལ་རེ་བ་ཞུས་ཡོད་པས་གཟིགས་རོགས་ཞུ།
ཁང་གསར་ལགས་ཡག་པོ་བྲིས་འདུག ཐུགས་རྗེ་ཆེ།
དོ་དགོང་ནས་ཉིན་གཉིས་གསུམ་ཙམ་རིང་སློབ་མ་འགའ་ཁྲིད་ནས་ཉམས་མྱོང་སྤེལ་རེས་ཀྱི་བྱ་འགུལ་ཞིག་ནང་འགྲོ་དགོས་པས། བོད་ཡིག་གི་དྲྭ་ལམ་ལ་ཡོང་དཀའ། ཕྲན་པའི་གློག་ཀླད་ལ་སྐྱོན་ཤོར་ཅིང་། གཞན་གྱི་གློག་ཀླད་ན་བོད་ཡིག་ཡག་པོ་ཞིག་མི་འཆར་བས། བོད་ཡིག་དྲྭ་ལམ་འགྲིམས་དཀའ། དེས་ན། དྲྭ་རོགས་རྣམ་པའི་དགོངས་ཚུལ་སོ་མ་རྣམས་ལ་ལན་འབུལ་དཀའ་བར་ཐུགས་རྒྱལ་མི་བཞེངས་པར་ཞུ།།
དྲྭ་རོགས། ནད་པའི་གསར་བརྗེའི་འབོད་སྒྲ་དེ་ཚོ་ལ། ག་རེ་བཤད་དགོས་རེད། དབུས་གཙང་གི་གཏམ་དཔེ་ཞིག་ཏུ། སེམས་སྐྱིད་པོས་བར་སྣང་ལ་རྟ་རྒྱུག་ཀྱང་། དོན་དངོས་པོས་ལག་མཐིལ་ལ་སོ་མ་ཐེབས། ཟེར་བ་ཞིག་ཡོད་རེད། འདི་བྱེད་དགོས། ཕ་གི་བྱེད་དགོས། ཞེས་བཤད་ན་མང་པོ་རེད། ཡིན་ནའི་དངོས་ཡོད་ལག་ལེན་དུ་འགེལ་སྐབས་ཐུབ་པ་དེ་ཉུང་ཉུང་རེད། འདི་ཁྱེད་ལ་ལྡོག་ཕྱོགས་སུ་བཤད་པ་མིན། དོན་དངོས་ཀྱི་གནས་སྟངས་དྲན་སྐུལ་བྱས་ཁུལ་ཡིན།
ལུང་རིགས་རྒྱལ་གྱི་མཆན་དེ་མཐོང་བས་ང་རང་གི་སྐད་ཆ་ལ་བསམ་བློ་མང་པོ་གཏོང་དགོས་པ་ཞིག་བྱུང་། གཅིག་བཤད་བསམ་ནའང་ཅི་བཤད་འདི་བཤད་ཅང་མི་འདུག གང་ལྟར་གོ་མེད་ཚོར་མེད་དུ་འོས་ཤོག་འཕེན་པ་ལས། འགན་ཁུར་ཏེ་འོས་མ་འཕེན་ན་ལེགས་པ་འདྲ་ཞིག་འདུག་ག དེ་འདྲའི་ཐོབ་ཐང་ཞིག་ཀྱང་ཡོད་རེད་པ།
བདེ་ཆེན་སྒྲོལ་མ་ལགས་ཀྱིས། ངའི་ཟིན་བྲིས་སྔོན་མ་དེ་ལ་དགོངས་འཆར་ཡག་པོ་གནང་འདུག དེ་ལ་ལན་གང་ཡང་བཏབ་མེད་པ་དེ་གུས་བཀུར་མཚོན་བྱེད་ཡིན་མ་གཏོགས། སྣང་ཆུང་དུ་བཏང་བ་མིན་ནོ།།
དགྲ་ལྷ་རྩེ་རྒྱལ་གྱི་ཤ་ཞེན་དང་ཞེན་ཁོག་གི་དབར་ལ་དབྱེ་བ་ཡོད་ཁུལ་དེ་ཚོ་དང་ངའི་ཐོག་ལ་དོགས་པ་འཆང་བཞིན་པ་དེ་ཚོ་ལ་གསལ་བཤད་བྱེད་འདོད་ཅང་བྱུང་མ་སོང་། ཁྱེད་རང་གིས་ག་རེ་དྲན་ནའང་དྲན། ག་རེ་བཤད་ནའང་བཤད་ཅེས་ཞུ་རྒྱུ་ལས་ཅང་མི་འདུག
ཁང་གསར་ལགས། ངས་ཤ་ཞེན་ཟེར་བ་དེ་མི་དགོས་པ་ཞིག་རེད་ཅེས་ནམ་ཟེར་གྱི་མེད། ཁྱོད་རང་གིས་བཤད་པ་སོ་སོའི་ཕྱོགས་གཏོགས་ལ་ཤ་ཞེན་ཟེར་བ་དེ་ཡོད་པ་བརྒྱ་ཆ་བརྒྱ་རེད། འོན་ཀྱང་ཤ་ཞེན་དང་ཞེན་ཁོག་གཉིས་ལ་ཏོག་ཙམ་ཁྱད་པར་མི་འདུག་གམ།
དཔེར་ན། ཁྱོད་རང་གིས་རྐང་བཙུགས་ནས་བློ་བཟང་སེང་གེ་མར་གཡུགས་ཐབས་ཀྱི་ཆེད་དུ་སྐད་ཆ་གཏིང་མནག་པོ་དེ་འདྲ་བཤད་པ་ནི། དབུས་གཙང་གི་ཞེན་ཁོག་བྱས་པ་ཞིག་རེད་མ་གཏོགས། དབུས་གཙང་ལ་ཤ་ཞེན་ཡོད་པའི་རྒྱུ་མཚན་གང་ཡང་མ་རེད།
མ་གཞི་ཁྱོད་རང་སྟོད་ལུང་ནས་ཡིན་རབས་བཤད་འདུག་ཀྱང་ཡིན་མིན་མི་ཤེས་གང་ལྟར་དབུས་གཙང་པ་ཞིག་ཡིན་པ་ཁོ་ཐག་རེད། ཁེ་ན་ཌ་ལ་ཡོད་རབས་དེའང་སྐྱག་རྫུན་རེད་འདུག ཁྱོད་རང་དྷ་སར་སྡོད་མཁན་ཞིག་ཡིན་པ་ཁྱོད་རང་གི་སྐད་ཆ་དག་ལས་གསལ་པོ་རྟོགས་ཀྱི་འདུག་གོ།།
བཀའ་བློན་གསར་པ་ཞིག་འདེམས་བསྐོ་བྱ་རྒྱུའི་ཐད་ལ་བསམས་ན་ཡོད་པ་རྣམས་རྒྱུན་འཛིན་དང་། མེད་པ་གསར་གཏོད། བྱ་གཞག་གོང་འཕེལ་བཅས་ཀྱི་རྒྱལ་ཁབ་དང་། མི་རིགས། ལོ་རྒྱུས་བཅས་སུ་སྔར་བྱུང་མ་མྱོང་བའི་དུས་རབས་ཀྱི་ཁ་ལོ་བསྒྱུར་དགོས།
དུས་རབས་དང་མི་དམངས་ཁ་ལོ་བསྒྱུར་མཁན་གྱི་ཆེས་རླབས་ཆེན་གྱི་དབུ་འཁྲིད་གཅིག་བདམས་མ་ཐུབ་ཚེ་ད་གཟོད་ཀྱི་བཀའ་བློན་དེ་བོད་མི་སུས་བྱས་ཀྱང་ཆོག་གི་རེད།
ང་ཚོར་དགོས་པའི་བཀའ་ཁྲི་དེ་བོད་ཀྱི་ལོ་རྒྱུས་ཁྲོད་ནམ་གསུབ་ཏུ་མེད་པའི་བྱས་རྗེས་རླབས་ཆེན་འཇོག་ཐུབ་མཁན་ཞིག་དགོས། དེ་འདྲའི་མཛད་རྗེས་གཅིག་འཇོག་དགོས་ན་བོད་རིགས་མི་དམངས་ཀྱི་ཆབ་སྲིད་དང་། བསམ་པའི་དཔལ་ཡོན་གཉིས་ལ་གསར་བརྗེ་བྱས་ཏེ་བྱ་གཞག་གསར་པར་གསར་གཏོད་བྱེད་ཐུབ་མཁན་གྱི་བཀའ་ཁྲི་ཞིག་དགོས།
ད་ལོའི་འོས་བསྡུའི་སྐབས་འོས་འཕེན་གྱི་ཆ་ཤས་མི་ལེན་མཁན་ཐོག་མ་དེས་ཀྱང་ཁང་གསར་ཚང་གི་གོ་ཁ་ནས་གསར་འགོད་གསལ་བསྒྲགས་བསྐྱངས་འདུག་ག
རྒྱུ་མཚན་ནི། གཞུང་འཛིན་མཁན་གྱི་གང་ཟག་ལ་འགྱུར་བ་བྱུང་རུང་། གཞུང་གི་སྲིད་བྱུས་ལ་འགྱུར་བ་ཐེབས་གི་མ་རེད། འདི་ལ་ཇུས་གཏོགས་བྱེད་རིན་མི་འདུག་ཟེར།
དེ་ལྟར་བཤད་མ་ཐག ཁང་གསར་གྱིས་འདི་ཡང་རྣམ་འགྱུར་གལ་ཆེན་པོ་ཞིག་རེད་ཅེས་བསྒྲགས་འདུག
ད་ཡིན་ན། ར་བྲག་འདོད་པ་བྲག་ལ་འགོ་རོགས། ལུག་སྤང་འདོད་པ་སྤང་ལ་འགྲོ་རོགས། སྤྱང་དར་མའི་ཕྱོགས་ནས་རང་རང་གི་ལས་ལ་ཐུག
ཨ་ཅེ་བདེ་ཆེན་གྱིས་བཀླགས་ཟིན། ཐུགས་རྗེ་ཆེ་ཞུ་ཞུ།
ཁ་བ་ནག་པོའི་སྐད་ཆ་འདི་ལ་བསམ་དགོས་པ་ཁ་ཤས་འདུག
ཀ༽ རླངས་འཁོར་རྙིང་པའི་ཁ་ལོ་པ།
༡༽ རླངས་འཁོར་རྙིང་པ་ལ་ཁ་ལོ་པ་གསར་པ་འཇོག་གི་ཡོད་རེད། ཡང་ན་རླངས་འཁོར་རྙིང་པ་ལ་ཁ་ལོ་པ་རྙིང་པ་འཇོག་གི་ཡོད་རེད།
༢༽ རླངས་འཁོར་རྙིང་པ་ལ་ཁ་ལོ་པ་གསར་པ་གཞག་ན་ལེགས་སམ་རྙིང་པ་གཞག་ན་ལེགས།
༣༽ ཁ་ལོ་པ་གསར་པས། རླངས་འཁོར་རྙིང་པ་འདི་གསར་པ་ཞིག་ཏུ་བསྒྱུར་ཐུབ་བམ། ཡང་ན། ཁ་ལོ་པ་རྙིང་པས། རླངས་འཁོར་རྙིང་པ་འདི་གསར་པ་ཞིག་ཏུ་བསྒྱུར་ཐུབ།
ཁ༽ འོས་ཤོག་འཕེན་དགོས་མིན།
༡༽ དེང་སྐབས་ཚང་མས། བཀའ་ཁྲི་དང་སྤྱི་འཐུས་འོས་འདེམས་ཀྱི་ཆེད་དུ་དེབ་སྐྱེལ་བྱེད་དགོས། ཆ་ཤས་ལེན་དགོས་ཟེར་ལ། འོས་འཕེན་རྒྱུ་དེ་བོད་ཀྱི་ཡུལ་མིའི་འོས་འགན་དང་ཐོབ་ཐང་རེད་ཟེར། སྐད་ཆ་དེ་བདེན་པ་རེད།
༢༽ ཡིན་ནའང་། ཚང་མས་དོ་སྣང་མི་བྱེད་པ་དང་ནན་བཤད་མི་བྱེད་པའི་གནད་དོན་གཅིག་ནི། དམངས་གཙོའི་སྤྱི་ཚོགས་ནང་འོས་འཕེན་གྱི་ཐོབ་ཐང་དང་ལས་འགན་ཡོད་པ་ནང་བཞིན། འོས་མི་འཕེན་པའི་ཐོབ་ཐང་དང་ལས་འགན་ཡང་ཡོད་པ་དེ་རེད། སྐད་ཆ་མདོར་བསྡུས་ཏེ་བཤད་ན། རང་ལ་ཡིད་ཆེས་ངེས་རྙེད་ཀྱི་འོས་མི་ཞིག་མ་རྙེད་ཚེ། སུ་གཅིག་ལའང་འོས་མ་འཕེན་ན། ཡག་ཤོས་རེད་ལ། དེ་ནི། ཚོད་ཚོད་བྱས་ཏེ་འོས་འཕེན་པ་ལས་ལྷག་པའི་ལས་འགན་སྒྲུབ་པ་ཞིག་རེད། འོན་ཀྱང་། འོས་བསྡུའི་དེབ་སྐྱེལ་ངེས་པར་བྱེད་དགོས། འོས་བླུགས་སྐབས། རང་ལ་འོས་མི་ཡིད་ཆེས་འཕེར་བ་མེད་ཚེ་ཆ་ཤས་མ་བླངས་ཀྱང་ཆོག་ལ། ཤོག་བུ་སྟོང་པ་བླུགས་ནའང་ཆོག འདིས་རྣམ་འགྱུར་ཞིག་མཚོན་པ་རེད།
༣༽ ངའི་ངོ་ཤེས་ཁ་ཤས་ཀྱིས་ད་ཕན་བཀའ་ཁྲིའི་འོས་བསྡུའི་ནང་འོས་འཕེན་པ་མ་གཏོགས། སྤྱི་འཐུས་ཀྱི་འོས་བསྡུའི་ནང་འོས་རྩ་བ་ནས་འཕེན་གྱི་མེད་ཟེར། རྒྱུ་མཚན་གང་ཡིན་ནམ་ཟེར་དུས། བཀའ་ཁྲི་དེ་ཆོལ་ཁ་ཆོས་ལུགས་དབྱེ་བ་མེད་པར་བདམས་ཆོག་པའི་ལུགས་བཟང་པོ་ཡིན་པས། དེ་ལ་ཁས་ལེན་དང་རྒྱབ་སྐྱོར་ཡོད། སྤྱི་འཐུས་དེ་གཙོ་བོ་ཆོལ་ཁ་དང་ཆོས་ལུགས་གཞི་རྩར་བཟུང་ནས་འོས་བླུགས་པ་ཡིན་སྟབས། དེ་ལ་ཁས་ལེན་མེད། དེར་བརྟེན་ཇི་སྲིད་ལམ་ལུགས་དེ་ལ་འགྱུར་བ་མ་སོང་གི་བར་དུ་སྤྱི་འཐུས་ཀྱི་འོས་བསྡུ་དེའི་ནང་གཞུག་གི་མིན་ཟེར།
ཁ་བ་ནག་པོའི་ཐག་གཅོད་དེ་ཡང་། བོད་ཀྱི་ཡུལ་མིའི་ལས་འགན་སྒྲུབ་པ་ཞིག་ཆགས་ཀྱི་མེད་འགྲོ།
གང་ལྟར་དེ་ཚོ་ལ་བསམ་རྒྱུ་མང་པོ་མི་འདུག་གམ།
ཡཱ། ད་གཉིད་ཅིག་ཉལ་གྱི་ཡིན། ག་རེ་ཡིན་ནམ། དྲྭ་རྒྱའི་ཐོག་ཏུ་རྒྱ་གར་ནང་ལ་བཞུགས་པའི་བོད་རིགས་ཚོ་ལས། ཕྱི་རྒྱལ་ལ་ཡོད་པ་ཚོ་ཧུར་བ་འདྲ་ཞིག་འདུག་ག
ང་ནི་རླངས་འཁོར་རྙིང་པ་ལ་ཁ་ལོ་པ་གསར་པ་འཇོག་པའི་ལས་ཀ་དེའི་ནང་ལ་ཡོང་གི་མིན། དེ་ལས་ཉི་མ་དྲོ་དུས་མཚོ་འགྲམ་རེར་སོང་ནས་དམར་ཧྲེང་མར་ཉལ་བསྡད་ན་དགེ་བ་མེད་ཀྱང་སྡིག་པ་ཡོད་དོགས་མེད།
ཨ་རིག་དགེ་མཐོང་། ཕེབས་ནས་དགོངས་འཆར་གནང་བར་ཐུགས་རྗེ་ཆེ། ང་བཀའ་ཁྲི་ལ་བདམས་སོང་ན། ཆོས་རིག་བཀའ་བློན་གྱི་ཞབས་སྟེགས་དེ། ཁྱེད་རང་ལ་མི་དགོས་ཟེར་ནའང་འབུལ་གྱི་ཡིན་ཏ། གཙོ་བོ་གདན་སའི་འོས་ཤོག་དེ་ཚོ་ང་ལ་འཐེན་ཐབས་གནང་ཨ།
འཇིགས་བྲལ་བསྟན་འཛིན་ལགས། ཁྱེད་རང་གི་བསླངས་པའི་བདག་དབང་གི་གནད་དོན་དེ་ཚོར། དཔྱད་ཞིབ་ནན་ཏན་མ་བྱས་པར་ངས་སྐད་ཆ་བཤད་ཀི་མིན། ད་རེས་ཀྱི་རྩོམ་ཡིག་འདི་དང་དེ་ཙམ་གྱི་འབྲེལ་བ་ཡང་མི་འདུག
དེ་ནས་སྒྲིག་འཛུགས་དང་གཞུང་ཟེར་བ་དེ་ཚོའི་ཐད་ད་ལྟའི་བཀའ་ཤག་གིས་གནང་སྟངས་མ་འགྲིག་པ་ཅང་མཐོང་མ་སོང་། ༸གོང་ས་མཆོག་གིས་ཀྱང་བཙན་བྱོལ་གྱི་སྒྲིག་འཛུགས་དང་། སྤྱི་པའི་སྒྲིག་འཛུགས་སོགས་སྔོན་མ་ནས་ཐེངས་མང་གསུངས་ཟིན་པ་རེད། བཙན་བྱོལ་གཞུང་དང་བཙན་བྱོལ་གྱི་སྒྲིག་འཛུགས་ཟེར་དུས། ཚིག་བེད་སྤྱོད་གཏོང་སྟངས་དབང་གིས། གོ་དོན་རྒྱ་ཆེ་ཆུང་སྣ་ཚོགས་ཤིག་ཡོང་གི་ཡོད་རེད། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཁག་ཟེར་དུས། གཞུང་དང་གཞུང་མ་ཡིན་པའི་སྒྲིག་འཛུགས་ཚང་མ་ལ་གོ་ཐུབ་ཀི་ཡོད་རེད། སྒྲིག་འཛུགས་ཡིན་ན་གཞུང་མ་ཡིན་དགོས་པ་དེ་འདྲའང་མ་རེད། ཡང་གཞུང་ཟེར་དུས་སྤྱིར་བཏང་དམངས་གཙོའི་ཀ་བ་གསུམ་གཅིག་ཏུ་བསྡོམས་པའི་གོང་བུ་དེ་ལ་གོ་དགོས་ཀྱང་། ད་ལྟའི་གཞུང་གི་སྲིད་ཇུས་ཟེར་དུས། གཙོ་བོ་ཀ་བ་གསུམ་གྱི་ནང་ནས་འཛིན་སྐྱོང་བཀའ་ཤག་གཅིག་པུ་ལ་གོ་དགོས་པ་ལྟ་བུ་རེད།
རྒྱལ་སྤྱིའི་ནང་བོད་ཀྱི་བདག་དབང་གི་སྐོར་ཤུགས་ཆེར་གླེང་འོས་དང་མི་འོས་ཀྱང་བསམ་ཞིབ་གཟབ་ནན་བྱེད་དགོས་པ་ཞིག་རེད། དེ་ཡང་བཀའ་ཤག་སྐབས་གཅིག་གཉིས་ཀྱི་ལས་ཡུན་ལ་མ་བལྟས་པར། ༡༩༥༩ ནས་ད་བར་གྱི་གནས་སྟངས་དང་འཕེལ་རིམ་ཚང་མར་བལྟ་དགོས། རྒྱལ་སྤྱིའི་ཁྲིམས་དོན་མཁས་པའི་ལྷན་ཚོགས་ཀྱི་མཐའ་སྡོམ་དང་མཉམ་སྦྲེལ་རྒྱལ་ཚོགས་སུ་བཞག་པའི་གྲོས་ཆོད་སྔ་རྗེས། དེ་བཞིན་ཨ་རིའི་གྲོས་ཚོགས་སོགས་སུ་བཞག་པའི་གྲོས་ཆོད་དེ་ཚོ་ལས་ལྷག་པ་ཞིག་ཡོང་ས་རེད་དམ་མ་རེད། གྲོས་ཚོད་དེ་ཚོ་ལས་ལྷག་པ་ཞིག་ཡོང་རྒྱུ་ཕར་བཞག ད་དུང་གོང་གསལ་གྱི་གྲོས་ཆོད་དེ་ཚོའི་འབྲུ་དོན་ལ་དོ་འཕོག་འགྲོ་ཉེན་འདུག་གམ་མི་འདུག དེ་ཚོར་དཔྱད་ཞིབ་བྱ་དགོས་པ་གལ་ཆེན་པོ་རེད་སྙམ།
ཁང་གསར་རྒད་པོའི་སྐད་ཆ་འདི་དཔྱད་པ་བཏང་ནས་བྲིས་འདུག
དེ་སྔོན་གྱི་བཀའ་ཁྲིའི་འོས་བསྡུ་ནི་ལྷ་དང་མིའི་བར་དུ་འོས་འགྲན་པ་ལྟ་བུ་རེད། ཕྱི་ལོ་ ༢༠༡༠ འདི་ནས་མི་དང་མིའི་དབར་གྱི་དོན་དམ་གྱི་འགྲན་བསྡུར་དེ་འགོ་ཚུགས་བཞིན་ཡོད་ལ།
ད་ཡིན་ན་ཁང་རྡོ་རྗེ་བཀའ་ཁྲི་ལ་བཞག འཇིགས་བྲལ་དྲུང་ཡིག་བཞག་ན་ལྟ་རྒྱུ་འདུག་དཱ།
ལོ་རྒྱུས་ཀྱི་འགྲེལ་བཤད་འདྲ་མིན་དང་འབྲེལ་ནས་བོད་གཞུང་གི་བདག་དབང་ལ་དོགས་སློང་སླེབས་ཀྱི་ཡོད། དེར་བརྟེན་ལོ་རྒྱུས་དེ་ཆབ་སྲིད་ཀྱི་དགོས་མཁོ་དང་བསྟུན་ནས་འགྲེལ་བཤད་སྣ་ཚོགས་ཡོང་བཞིན་པ་དེ་ཉེན་ཁ་ཞིག་རེད། གང་ཡིན་ཟེར་ན། དེ་ནི་རྒྱ་ནག་གི་བརྗོད་བབ་ལྟ་བ་མཚོན་ངེས་ཀྱི་ཡིག་ཆ་ཁག་དང་གཅིག བོད་གཞུང་གི་ཡིག་ཆ་གལ་ཆེ་ཁག་དཔེར་ན། བོད་རིགས་ཡོངས་མིང་དོན་མཚུངས་པའི་མི་རིགས་ས་ཁོངས་རང་སྐྱོང་ཡོང་ཐབས་ཀྱི་ཡིག་ཆ་སྔ་ཕྱི་གཉིས་ཀ དེ་བཞིན་ལྡི་ལི་རུ་སྔ་ལོ་གནང་བའི་གནང་བའི་བོད་ཆེན་པོའི་སྟེང་སྟེགས་སྒོར་མོའི་གཏམ་བཤད་ཟེར་བ། དེ་བཞིན་འདི་ལོའི་གྲོགས་ཚོགས་ཀྱི་ཉན་ཞིབ་འཁོར་ཐག འདི་ལོ་རྡ་སྟེང་བོད་ཁྱིམ་དུ་གནང་བའི་དབུ་མའི་ལམ་གྱི་འགྲེལ་བཤད་དྲིས་ལན། ཉེ་དུས་ཀྱི་རྒྱ་ནག་གི་གསར་འགོད་པ་ལ་གནང་བའི་བཀའ་ཤག་གི་བཀའ་ལན། ད་དུང་མང་པོ་ཡོད་རེད། འདི་དག་གིས་མཚོན་པའི་གལ་ཆེའི་ལོ་རྒྱུས་ཡིག་ཚང་དུ་ལྷག་ངེས་པའི་ཡིག་ཆ་མང་པོ་ཞིག་ལ་བལྟས་ན་མཐོང་རྒྱུ་ཡོད་པ་ཞིག་ཡིན་པ་དེ་རེད། དེ་ནི་བཙན་བྱོལ་བོད་གཞུང་ཟེར་རྒྱུའི་ཚབ་ཏུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཟེར་བ་དང་འབྲེལ་བ་ཡོད་པ་ཞིག་རེད།
ཡིན་ནའང་གསལ་པོ་བརྗོད་དགོས་པ་ཞིག་ནི། ཡིག་ཆ་ཁག་མང་པོ་ཞིག་ཏུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཟེར་བ་དང་། བཙན་བྱོལ་བོད་གཞུང་ཟེར་བ་གཉིས་དོན་གཅིག་ཡིན་པའི་ཟོལ་འདྲ་བོ་དེ་འདྲ་ཡོད་པ་རེད། དེ་ནི་ཡུལ་དུས་གནས་བབ་སོགས་ལ་འགྲེལ་གྱི་རེད། ཡིན་ནའང་། དེ་ལྟར་འགྲེལ་ཆོག་ཆོག་གཅིག་ཏུ་བཞག་པ་དེ་གཅིག་པུ་རྒྱུ་མཚན་གཙོ་བོ་དེ་མ་རེད། དེ་ན་རྒྱ་བོད་འབྲེལ་ལམ་ཡོད་པ་རེད།
དྲ་གྲོགས་ཁང་གསར་རྡོ་རྗེ་ལགས་ཀྱིས་དགོངས་ཚུལ་གསུངས་པར་དགའ་བསུ་ཡོད། གུས་པས་བོད་ཀྱི་དུས་བབ་ཀྱི་ཟིན་བྲིས་དང་། ཁ་བརྡ་དྲ་ཚིགས་བཅས་སུ་བསམ་ཚུལ་འདི་དག་གི་རྨང་གཞིར་བོད་ཀྱི་བདག་དབང་གླེང་བ་ཞེས་པ་ཞིག་སྤེལ་ཡོད་ལ། དེ་ལ་གཟིགས་ཏེ་དགག་པ་གནང་རོགས།
དེ་ནས་ཞུ་རྒྱུ་ལ། གུས་པས་ཞུས་པའི་དོན་ཚན་དང་པོ་གསུམ་དེ་ཁ་འབྲལ་ཐབས་མེད་པའི་དོན་ཚན་ཞིག་ཏུ་སེམས་བཞིན་ཡོད། རྒྱུ་མཚན་ནི།
བོད་ཀྱི་ཁྲིམས་མཐུན་གནས་བབ་དེ་རྒྱལ་སྤྱིའི་སྤྱི་ཚོགས་སུ་ཁ་གསལ་བཟོ་བའི་ལས་དོན་ནས་འགོ་རྩོམ་དགོས་པར་བརྗོད་པ་ཡིན། དེའི་དོན་ནི་བཙན་བྱོལ་བོད་གཞུང་ལ་བོད་ཀྱི་ཁྲིམས་མཐུན་བདག་དབང་ཡོད་པའི་གནས་བབ་དེ་རྒྱལ་སྤྱིའི་སྤྱི་ཚོགས་སུ་གསལ་པོ་བཟོ་དགོས་ཅེས་པ་དེ་ཡིན། དེ་བཟོ་བ་ལ་དབུ་མའི་ལམ་གྱི་དམ་བཅའ་གནད་འགག་ཆེ་ཤོས་ཏེ། ལོ་རྒྱུས་ལ་བཟོ་བཅོས་བྱེད་ཤེས་ཀྱི་མ་རེད། ཡིན་ནའང་མདུན་དུ་བལྟ་གི་ཡོད་ཅེས་པའི་དགོངས་དོན་བཞིན་མ་འོངས་རྒྱ་བོད་མཉམ་གནས་ཀྱི་གནད་དོན་གླེང་མཁན་གྱི་བཀའ་ཁྲི་ཞིག་ལས། ལོ་རྒྱུས་ཀྱི་ཐོག་ལ་མཁས་མདོག་གིས་འགྲེལ་བཤད་འདྲ་མིན་མི་རྒྱག་མཁན་གྱི་བཀའ་ཁྲི་ཞིག་དགོས་པ་དེ་ཡིན། དེ་ལྟར་མིན་པར་འདས་པའི་ལོ་རྒྱུས་ལ་སྐབས་ཐོག་ཆབས་སྲིད་ཀྱི་དགོས་མཁོ་དང་འཚམས་པའི་འགྲེལ་བཤད་མང་པོ་རྒྱབ་ན། འདས་པའི་ལོ་རྒྱུས་གཞི་རྟེན་དུ་གྱུར་པའི་མ་འོངས་པ་དེ་འཇུ་ལུང་འཆང་གསུམ་བྱེད་ཡུལ་མེད་པ་ཆགས་རྒྱུ་ཡིན་ལ། དེ་ནི་བོད་ཀྱི་བདག་དབང་གི་འཇིགས་སྣང་དེ་ཡིན། དེར་བརྟེན་དོན་ཚན་གསུམ་པོ་དེ་གཅིག་ལ་གཅིག་འབྲེལ་དང་། གཅིག་མེད་ན་གཅིག་ཡོངས་ཐབས་མེད་པར་འདོད་ཀྱི་ཡོད། དེ་འདྲ་ཞིག་ཨེ་རེད་དམ། བོད་རྒྱ་དང་མཉམ་དུ་བསྡད་ཀྱང་ཆོག ལོ་རྒྱུས་ཀྱི་བོད་ཀྱི་བདག་དབང་བློས་མི་གཏོང་བ་དེ་རྩ་བའི་གནད་འགག་ཏུ་སེམས་བཞིན་ཡོད།
དེ་མིན་དྲ་གྲོགས་ཁང་གསར་ལགས་ཀྱིས་གཞུང་དང་། གཞུང་འབྲེལ་མིན་པའི་སྐོར་ལ་མང་པོ་ཞིག་བཤད་པ་དེ་ཚོ་ནི་འབྲེལ་མེད་ཅིག་ཏུ་མཐོང་བྱུང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་འཕྲལ་སེལ་བོད་དོན་སྐོར་ལ་ལས་འགུལ་གང་འཇོན་རེ་སྤེལ་བ་ལས་དོན་དངོས་བོད་ཀྱི་འཐབ་རྩོད་ཀྱི་ཁ་ཕྱོགས་ལ་ཞིབ་ཚགས་དང་། གཏིང་ཟབ་ཕུག་རྒྱང་ལྡན་པའི་དོ་སྣང་བྱེད་ཀྱི་མེད་པར་མཐོང་བྱུང་། དེ་ཡང་ཚོགས་པ་ཁག་གི་ལོ་གཅིག་གི་བྱེད་འཆར་དང་། ཚོགས་གཙོ་ཁག་གི་གཏམ་བཤད། ལོ་འཁོར་ལས་བསྡོམས། དེ་བཞིན་བོད་མི་འཐབ་རྩོད་པ་གྲགས་ཆེན་ཁག་ཅིག་དང་འགྲོགས་འདྲིས་ཀྱིས་ཉམས་ཞིབ་ཏོག་ཙམ་བྱོས་དང་། དེ་ནས་དོན་དངོས་འདི་ཚོ་མཐོང་ཐུབ།
དྲྭ་རོགས། རྭ་ལོའི་དགོངས་འཆར་དེ་ཚོ་ཡག་པོ་འདུག དགོས་ངེས་ཤ་སྟག་རེད་སྙམ།
དྲྭ་རོིགས་འཇིགས་བྲལ་གྱིས། ཟམ་གདོང་རིན་པོ་ཆེའི་བཀའ་ཤག་གིས་རྒྱལ་ཁབ་ཀྱི་བདག་དབང་ཐད་ལ་ཕྱག་ལས་གནང་སྟངས་མ་འགྲིག་པ་འདྲ་ཞིག་དང་། བོད་གཞུང་ལ་གཞུང་གི་ཐ་སྙད་མ་སྦྱར་བར་སྒྲིག་འཛུགས་ཀྱི་ཐ་སྙད་སྦྱར་བ་དེ་ཚོ་མ་འགྲིགས་པ་འདྲ་ཞིག་གསུངས་འདུག ཟམ་གདོང་རིན་པོ་ཆེའི་བཀའ་ཤག་གིས་དེ་འདྲ་ཞིག་གནང་ཡོད་ན་ནོར་འཁྲུལ་ཆེན་པོ་རེད། འོན་ཀྱང་ངས་དེ་ལ་དོ་སྣང་ཆེན་པོ་བྱས་པ་ཡིན། སྐད་ཆ་དེ་སྤྱི་ཚོགས་ནང་ཁྱབ་རྗེས་གཞུང་གིས་ཡོངས་བསྒྲགས་གནང་བའི་ཡིག་ཆ་མང་པོར་ཡང་བལྟས་པ་ཡིན། རྒྱ་གར་དུ་བཞུགས་པའི་ངོ་ཤེས་ཁ་ཤས་ལའང་ཁ་པར་བཏང་སྟེ་སྐད་ཆ་དྲིས་པ་ཡིན། བོད་གཞུང་ལ་གཞུང་གི་ཐ་སྙད་མ་སྦྱར་བར་སྒྲིག་འཛུགས་ཀྱི་ཐ་སྙད་སྦྱོར་གྱི་ཡོད་རབས་དེ་ཚོར། ངས་རྒྱུ་མཚན་ཅང་མཐོང་མ་སོང་། བདག་དབང་གི་ཐད་ནས་བཤད་ནའང་། དེ་བཞིན་དུ་ཁུངས་ལུང་ཞེ་དྲག་ཡོད་རེད་དྲན་གྱི་མི་འདུག
ཟམ་གདོང་རིན་པོ་ཆེ་ལ་འདིའི་ཐད་མང་པོ་ཞིག་གིས་གཅིག་བཤད་ཀི་ཡོད་པ་དེའི་རྒྱུ་མཚན་གཙོ་བོ་ནི། རིན་པོ་ཆེས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ས་མཚམས་ཧ་ཅང་གསལ་པོ་བཟོས་པ་དང་། དེ་བཞིན་དུ་གཞུང་གི་ལངས་ཕྱོགས་ཧ་ཅང་གསལ་པོ་བཟོས་པ་ཙམ་མ་ཟད། ལངས་ཕྱོགས་དེ་ལ་མང་ཚོགས་ཀྱི་རྒྱབ་སྐྱོར་ཡོད་ན། རྣམ་འགྱུར་གསལ་པོ་སྟོན་དགོས་གསུངས་པ་དེ་ནས་བཟུང་། གཞུང་འབྲེལ་མ་ཡིན་པ་སོགས་ཀྱིས་མང་པོ་ཞིག་བཤད་ས་ཆགས་པ་ཙམ་རེད།
དེ་མིན་གྱི་བསམ་ཚུལ་ཁག་ལ་སྤྱིར་ན་མོས་མཐུན་ཡོད།
དྲྭ་རོགས་ནད་པ་ལགས་ཀྱི་བསམ་འཆར་ཕལ་མོ་ཆེར་མོས་མཐུན་ཡོད། ངེད་གཉིས་མི་མཐུན་ས་དེ་འབྱུང་འགྱུར་གྱི་བཀའ་ཤག་དེས། ཟམ་གདོང་རིན་པོ་ཆེའི་སྐབས་སུ་གཏན་ལ་ཕབ་པ་རྣམས་ལ་འགྱུར་བ་བཏང་ཆོག་ཚུལ་ཞིག་གསུངས་པ་དེ་རེད/ འགྱུར་བ་བཏང་ཆོག་གི་རེད། འོན་ཀྱང་གཏོང་ཐུབ་ཀི་རེད་དམ། འགྱུར་བ་གཏོང་བར་སྤྱི་ཚོགས་དང་གྲོས་ཚོགས་ཀྱི་རྒྱབ་སྐྱོར་དགོས་པ་རེད། ཤེས་ཡོན་སྲིད་བྱུས་ལྟ་བུར་ཆ་མཚོན་ན། སྤྱི་ཚོགས་ནང་ལྟ་སྟངས་ཁག་གཉིས་ཆགས་བསྡད་ཡོད། ད་ཆ་དེ་ཡར་བསྐྱལ་ཡང་མི་ཤེས། མར་གཡུག་ཀྱང་མི་ཐུབ་པ་ཞིག་ཆགས་འདུག སྐྱེ་ལྡན་གྱི་སོ་ནམ་ཡང་དེ་ག་རང་རེད། འདི་ཚོར་འགྱུར་བ་མངོན་གསལ་དུ་གཏོང་བར་གྲོས་ཚོགས་དང་སྤྱི་ཚོགས་ནང་རྒྱུ་མཚན་འདེང་ངེས་ཤིག་བཤད་དགོས་ཀི་ཡོད་རེད། དེ་ཚོ་དཀའ་མོ་མ་རེད་དམ།
དེ་ནས་དྲྭ་རོགས་དགྲ་ལྷ་རྩེ་རྒྱལ་ལགས་ཀྱིས་དགོངས་འཆར་གནང་བ་བཞིན། གཞན་ལ་སློབ་སྟོན་བྱེད་པ་ལ་རང་ལ་འོས་བབས་ཡོད་མེད་བལྟ་དགོས་པ་དེ་གལ་ཆེན་རེད། ངས་སྐད་ཆ་དྲང་པོ་བཤད། མི་ཞེས་པ་དེའི་ཞེན་ཁོག་འདིོ་གཞི་རྒྱ་ཆུང་ས་ཞིག་ནས་ཆེ་ས་ལ་འགྲོ་བ་འདྲ། དེ་ཡང་ང་སྟོད་ལུང་པ་ཞིག་གིས། རང་གི་ཁྱིམ་ཚང་ལ་ཞེན་ཁོག་མེད། སྟོད་ལུང་ལ་ཞེན་ཁོག་ཡོད་ཅེས་ན་རྫུན་གཏམ་རེད། སྟོད་ལུང་ལ་ཞེན་ཁོག་མེད། དབུས་གཙང་ལ་ཡོད་ཅེས་བཤད་ན་རྫུན་རེད། དབུས་གཙང་ལ་ཞེན་ཁོག་མེད། བོད་ལ་ཞེན་ཁོག་ཡོད་ཅེས་བཤད་ན་རྫུན་རེད། དེང་སྐབས་བོད་ནང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་ཟེར་བ་སྤེལ་སྐབས། སྙིང་པོ་བཤད་ན་བོད་ལ་ཞེན་ཁོག་བྱས་ན་མི་འགྲིག་པ་དང་ཀྲུང་གོ་ལ་ཤ་ཞེན་བྱེད་དགོས་རེད་ཟེར་གྱི་འདུག་ག དེ་ནི་བོད་མི་ཞིག་ལ་མཚོན་ན་སྒྲུབ་ཐབས་མེད་པ་ཞིག་རེད། དེར་བརྟེན། ང་རང་སོ་སོའི་ཆོལ་ཁ་ལ་ཞེན་ཁོག་མེད་ཅེས་བཤད་ན་རང་གིས་རང་ཉིད་མགོ་སྐོར་བཏང་བ་རང་རེད། འོན་ཀྱང་། ངས་ཆོལ་ཁའི་ཁེ་ཕན་ལས་རྒྱལ་ཁབ་ཀྱི་ཁེ་ཕན་དེ་གལ་ཆེ་བར་བརྩི་གི་ཡོད། ཆོལ་ཁ་ཞིག་གི་ཕྱིར་དུ་བོད་སྤྱི་དང་བོད་རྒྱལ་ཁབ་ལ་གནོད་པའི་ལས་ཀ་ངས་བྱེད་ཀི་མ་རེད།
ངའི་བསམ་ཚུལ་རྣམས་གཙོ་བོ་ཟིན་བྲིས་ཁག་གིས་མཚོན་གྱི་ཡོད། མཆན་དེ་ཚོས་མཚོན་པ་ཡོད་ལ་མ་མཚོན་པའང་ཡོད། དེ་ཡང་སྐབས་རེ་བསམ་ཚུལ་ངོ་མ་འབྲི་གི་ཡོད། སྐབས་རེ་དོན་འདི་ལ་སྤྱི་ཚོགས་ཀྱིས་དོ་སྣང་ཆེ་ཙམ་བྱུང་ན་སྙམ་སྟེ་རང་གི་བསམ་ཚུལ་ངོ་མ་མིན་རུང་དགོས་དབང་གིས་འབྲི་གི་ཡོད། སྐབས་རེ། འཕྲལ་རྐྱེན་ཁ་ཤས་ཀྱི་དབང་གིས་ངར་ཤུགས་ལངས་ཏེ་འབྲི་ཐལ་ཤོར་བའང་ཡོང་གི་འདུག སྐབས་རེ་ནི། ཀྱག་ཀྱག་བྱེད་ཤོར་གྱི་འདུག དེར་བརྟེན། མཆན་དེ་ཚོ་གཟིགས་དུས་དགོངས་པ་རྒྱ་ཆེ་ཙམ་བཞེས་རོགས། ལྷག་པར་མཆན་དུ་བཀོད་པ་དང་ཟིན་བྲིས་སུ་བཀོད་པ་གཉིས་ནང་འགལ་འདུག་ན། ཟིན་བྲིས་སུ་བཀོད་པ་དེ་ཚོ་ངའི་བསམ་ཚུལ་རང་ལ་བརྩི་རོགས་གནང་།
མདང་དགོང་ཏོག་ཙམ་བཏུང་སྟེ་གྲོགས་ཚོ་དང་ཁ་བརྡ་གློད་པར་མགོ་གཡེང་ནས་འདིར་ཡོང་ཁོམ་མ་བྱུང་། ད་ནངས་སྔ་ཐོག་ཚར་དགོས་པའི་ལས་ཀ་མང་བས། ལན་རྒྱས་པོ་འབྲི་ཐུབ་ས་མ་རེད།
མཁྱེན་ལྡན་བསེ་རུས་དགོངས་འཆར་གནང་བ་བཞིན། བཀའ་བློན་ཁྲི་པའི་འོས་མི་ཚོས། རང་རང་གི་འཆར་གཞི་དང་སྲིད་བྱུས་དེ་ཚོ་མང་ཚོགས་ལ་གསལ་བསྒྲགས་གནང་དགོས་འདུག མང་ཚོགས་ལ་འབྲེལ་བ་གནང་དགོས་འདུག ས་གནས་མང་པོར་ངོ་བསྐྱོད་ཀྱིས་འབྲེལ་བ་གནང་རྒྱུའི་ཐད་ལ་འགྲོ་སོང་གི་སྐུ་ངལ་ཡོད་སྲིད་པ་རེད། དེར་བརྟེན་བོད་ཀྱི་དུས་བབ་དང་བང་ཆེན། དེ་མིན་གྱི་རང་རེའི་བོད་སྐད་རླུང་འཕྲིོན་ཁག་བརྒྱུད་དེ་ཁྱབ་བསྒྲགས་གནང་ན་ཡག་པོ་འདུག
འོ་ན། མི་ཆུང་ལགས།རྒྱལ་ཁབ་གཞན་པའི་མི་སེར་ཡིན་ཀྱང་བོད་གཞུང་གི་བཀའ་
ཁྲིའི་འོས་མིར་བཞེངས་ཆོག་དོན་གང་རེད།
ནགས་མེ་ལགས། བོད་མི་མང་གི་སྤྱི་འཐུས་དེ་གང་བྱུང་བླུག་ཆོག་གི་མེད། ཁང་གསར་ནི་ཁེ་ན་ཊའི་མི་སེར་རེད། ཚེ་བརྟན་དབང་ཕྱུག་ནི་ཨ་རིའི་མི་སེར་རེད། ས་ཁོངས་ཀྱི་ཆ་ནས་ཁོང་གཉིས་ཨ་རིའི་སྤྱི་འཐུས་ལ་བཞེང་ཆོག་པ་རེད། འོན་ཀྱང་ཆོལ་གསུམ་གང་གི་སྤྱི་འཐུས་ནང་འདུག་མི་ཆོག
ཁང་གསར་ར྄ྡོ་ར྄ྗེ་དང་ཚེ་བར྄ྟན་དབང་ཕ྄ྱུག་གཉིས་དབུས་གཙང་གི་ས྄ྤ྄ྱི་འཐུས་འོས་མིར་བཏོན་ན་ཡག་མོ་འདུག
གུས་བརྩེ་ལྡན་པའི་ཁང་གསར་ལགས་ཀྱི་ཆུ་ཐིགས་དང་པོ་དེའི་ཐད་ལ་ངས་བསམས་ན་བཀའ་ཁྲིའི་འོས་གཞིར་འདྲ་འདྲ་དང་མཉམ་མཉམ་མང་དག་ཞིག་ཐོན་བཞིན་ཡོད་པ་དེར་ལྟ་ཚུལ་གཉིས་འཛིན་གྱི་ཡོད། དེ་ཡང་བཟང་ཕྱོགས་ནས་བརྗོད་ན་དམངས་གཙོའི་འཕེལ་རིམ་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་འཁྲོད་ད་ཆ་རྒན་གཞོན་དང་ཕོ་མོ་ཚང་མས་འགན་འཁུར་ཐུབ་པའི་རྣམ་པ་གཅིག་མཚོན་གྱི་ཡོད། ངན་ཕྱོགས་ནས་བཤད་ན་བོད་ཀྱི་བཀའ་ཁྲིའི་ཞབས་སྟེགས་ཏེ་རྩེད་ཐང་ལྟ་བུ་ཞིག་ཏུ་རྐང་རྩེད་དང་ལག་རྩེད་བྱེད་རྒྱུ་གཅིག་མ་ཡིན་པར་རྒྱལ་ཁབ་དང་མི་རིགས་ཞིག་གི་འགག་རྩའི་ཐབས་ཇུས་ལ་ཐུག་པའི་གནད་དོན་ཆེ་ཤོས་ཤིག་ཡིན་སྟབས་ཚང་མས་འགན་འཁུར་ལྕི་པོ་བླངས་ཐུབ་དང་མ་ཐུབ་པའི་ནུས་པ་དེར་གང་ཟག་སོ་སོས་ཚོད་གམ་ཐུབ་པ་དགོས།
ཆུ་ཐིགས་གཉིས་པ་དེར་ལས་ཐོག་བཀའ་ཁྲི་ཟམ་དོང་རིན་པོ་ཆེ་མཆོག་ནི་ཕྱི་ནང་ཆོས་སྲིད་རིག་གནས་སྤྱི་ཚོགས་མཁས་བཙུན་བཟང་གསུམ་ལྡན་ལ་བོད་མི་རིགས་དང་༸ གོང་ས་མཆོག་ལ་ལྷག་བསམ་རྣམ་དག་གཅིག་ཡིན་ཙང་མི་དམངས་ཀྱིས་བདམས་ཐོན་ཐེངས་གཉིས་བྱུང་བ་དེ་དོན་དངོས་རེད།
ཆུ་ཇིགས་གསུམ་པ་དེར་ངས་བསམས་ན་མི་དམངས་བྱིངས་ཀྱི་ཤེས་ཚད་སྐྱོ་ཙམ་ཡོད་ཀྱང་བཀའ་ཁྲིའི་འོས་དམིགས་སུ་སུ་ཞིག་ཐོན་ཀྱང་མཐའ་མཇུག་ཏུ་མི་དམངས་ཀྱིས་ཟམ་དོང་རིན་པོ་ཆེ་ལྟར་ཡག་ཐོག་ཡག་བརྩེགས་གཅིག་འདེམས་ཐུབ་རྒྱུ་ཡིན་པ་ངས་ཡིད་ཆེས་བརྟན་པོ་བྱེད་བཞིན་ཡོད།
ཆུ་ཐིགས་བཞི་པ་དེའི་ཐད་ང་གཉིས་ཀྱི་ཚོད་རྩིས་དེ་ཅུང་ཟད་མི་འདྲ་བའི་ཆ་ཞིག་འདུག་སྙམ། ངས་བསམས་ན་ཟམ་དོང་རིན་པོ་ཆེའི་སྐྱེ་ལྡན་སོ་ནམ་ལས་གཞི་དེ་ཡག་པོ་ཡོད་ན་རྒྱུན་འཁྱོངས་བྱེད་ཐུབ་ལ་ཡག་པོ་མེད་ན་བཀའ་ཁྲི་གསར་པས་མེད་པ་བཟོ་ཐུབ། ད་དུང་ཤེས་ཡོན་སྲིད་ཇུས་ལའང་འགྱུར་བ་གཏོང་དགོས་ལ་གཏོང་ཐུབ། དཔལ་འབྱོར་ཐདལའང་དེ་བཞིན་འཆར་གཞི་དང་ཡར་རྒྱས་གཏོང་དགོས་ལ་གཏོང་ཐུབ། ཆབ་སྲིད་ཀྱི་ཐད་ལ་ཡང་དབུ་མ་དང་། སྟོང་ཉིད། རྫོགས་ཆེན། ཀ་དག ཕྱག་རྒྱ་སོགས་མིང་ཇི་འདྲ་བཏགས་ཀྱང་རུང་མ་བཏགས་ཀྱང་རུང་མདོ་དོན་བོད་རིགས་མི་དམངས་ཀྱི་ཕྲལ་དང་ཕུགས་ལ་ཕན་ངེས་ཀྱི་ཆབ་སྲིད་ཀྱི་རྩ་དོན་དང་ཇབས་ཇུས་ཀྱི་རང་བཞིན་ལ་ཕྱུག་པ་མེད་པའི་འགྱུར་བ་ཞིག་ཡོང་ཐུབ་པ་བྱེད་དགོས་ལ་གཏོང་ཀྱང་ཐུབ་ཀྱི་རེད་བསམས།
ཐུབ་དང་མ་ཐུབ་ཀྱི་སོ་མཚམས་སམ་འགག་རྩ་དེ་རྒྱལ་ཁབ་དང་མི་རིགས་གཅིག་ཁ་ལོར་བསྒྱུར་མཁན་གྱི་མགོ་ཁྲིད་དེ་ལ་རག་ལུས་ཀྱི་ཡོད།
ལྷག་བསམ་དང་ཤེས་འཇོན། དེའི་ཐོག་ངེས་པར་དུ་བབ་ལྷིང་དང་བློ་རྩེ་གཏན་པོ་ཡོད་པ་ཞིག་དགོས་ངེས་རེད། བློ་རྩེ་གཏན་པོ་མེད་ན་ཅུང་དཀའ་ཁག་ཆེ་བའི་ཆབ་སྲིད་ཀྱི་དུས་རིམ་ནང་། གཞན་གྱི་ཟེར་གྲོས་དང་དབང་ཤུགས་འོག་འགྲོ་ཉེན་ཡོད། ལྷག་དོན་ལོ་རེ་ནས་ལོ་རེར་གཡོ་འགུལ་ཆེ་བའི་བཙན་བྱོལ་བའི་སྒྲིག་འཛུགས་དང་། རྒྱ་བོད་ཀྱི་གནད་དོན་ཐོག་རང་ཚུགས་མེད་པར་འགྱར་ངེས་རེད།
རེ་བའི་ནས་འབྲུ་བཞི།
ཀ བཙན་བྱོལ་བོད་གཞུང་དང་རྒྱལ་སྤྱིའི་འབྲེལ་བ།
ལོ་ཤས་ནས་བཟུང་བཙན་བྱོལ་བོད་གཞུང་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འབྲེལ་བ་ཉམས་མགོ་ཚུགས་འདུག དཔེར་ན། ཨ་རི་ལ་མཚོན་ན་ཨོ་བྷ་མས་ཐོག་མར་དེའི་བརྡ་རྟགས་བསྟན། དབྱིན་ཇིའི་གཞུང་གིས་ཀྱང་ལོ་རྒྱུས་སྟེང་བོད་ལ་ངོས་འཛིན་བྱེད་སྟངས་དེར་འགྱུར་བ་བཏང་སོང་། འདི་ཡང་བརྡ་རྟགས་ཤིག་རེད། རྒྱལ་ཁབ་གཞན་པ་མང་པོ་ཞིག་ཀྱང་གཅིག་རྗེས་གཅིག་གིས་འབྲངས་ནས་འགྲོ་གི་འདུག སྔོན་མ་རྒྱ་ནག་གྲོགས་མེད་ཁེར་རྐྱང་ཡིན་པ་ལྟར། ད་ཆ་ང་ཚོ་གྲོགས་མེད་ཁེར་རྐྱང་ལ་འགྲོ་བའི་ཉེན་ཁ་འདུག བོད་དོན་རྒྱབ་སྐྱོར་བ་ཚོ་ཡང་ཐང་ཆད་གི་ཡོད་པ་འདྲ། འདིའི་ཕྱོགས་ལ་བསམ་བློ་ཞིག་གཏོང་དགོས་ཀྱི་འདུག
ཁ། བཙན་བྱོལ་བོད་གཞུང་དང་བོད་མི་དམངས་ཀྱི་འབྲེལ་བ།
༧གོང་ས་མཆོག་མ་གཏོགས། ༡། བཙན་བྱོལ་བོད་གཞུང་དང་བོད་རིགས་མི་དམངས་ཀྱི་བར་ལ་མཐུན་ལམ་དེ་ཙམ་མི་འདུག འདོད་བློ་མ་ཁེངས་པའི་སྐད་ཆ་བཤད་མཁན་ཇེ་མང་རེད། ༢། བོད་རིགས་ཤེས་ཡོན་པ་མང་པོ་ཞིག་བཙན་བྱོལ་གཞུང་ལ་ཞེ་ཁྲེལ་གྱིན་འདུག འདི་ཡང་གསལ་བོ་ཞེ་དྲག་རེད། ༣། བཙན་བྱོལ་བོད་གཞུང་དང་གཞིས་ཆགས་མི་དམངས་ཀྱི་འབྲེལ་བ་ཡང་ཉམས་ཞན་དུ་འགྲོ་མགོ་ཚུགས་ཡོད། ༤། བཙན་བྱོལ་བོད་གཞུང་དང་གཞུང་ཞབས་རྙིང་བ་ཚོའི་བར་ཐག་ཇེ་རིང་རེད། འདི་དག་སླར་གསོ་བྱ་དགོས་པར་འདུག
ག བཙན་བྱོལ་སྒྲིག་འཛུགས་འོག་གི་ཁ་འཐོར་གྱི་རྣམ་པ།
བོད་མི་རྣམས་མུ་མཐུད་ནས་ཁ་འཐོར་དུ་འགྲོ་བཞིན་འདུག ཁ་འཐོར་དེ་ཡང་ཡུལ་ལུང་གི་ཆ་ནས་ཁ་འཐོར་དང་། བསམ་བློའི་ཆ་ནས་ཁ་འཐོར། ལས་འགུལ་གྱི་ཆ་ནས་ཁ་འཐོར་བཅས་འགྲོ་གི་འདུག འཐོར་ཤིག་གི་རྣམ་པ་འདི་ཛ་དྲག་ཡིན་པར་ངེས་ཤེས་འདྲོངས་པ་དང་། དེ་ལ་ཐབས་ཤེས་ཤིག་གཏོང་དགོས་ཀྱི་འདུག
ང་། ཉམ་ཞན་དུ་འགྱུར་བཞིན་པའི་བོད་པ།
བོད་མི་རིགས་ཀྱི་ནང་དུ་མིའི་ནུས་ཤུགས་ཧ་ལས་པའི་དཀོན་པོ་རེད། ལས་ཀ་ཙག་ཙིག་ཐམས་ཅད་ཀྱི་སྣེ་ལ་འཐམ་མཁན་ཚང་མར་ནུས་པ་ཆེན་པོ་མེད་པའི་སྟེང་ལ། མཐུན་འགྱུར་ཡང་ཞན་པོ་རེད། དེ་འདྲའི་དབང་གིས་ལས་ཀ་གང་ལ་ཡང་རྒྱུན་མཐུད་དང་འདོད་པ་ཁེངས་པ་ཞིག་ཡོང་གི་མི་འདུག
ང་ལ་མཚོན་ན་གོང་གི་གནད་དོན་འདི་ཚོའི་སྟེང་ཤུགས་བརྒྱབ་ཐུབ་མཁན་ཞིག་རེག་ན་དེ་གས་འགྲིག་པ།
“ད་རེས་ཀྱི་འོས་མིའི་ནང་དུ་རང་ངོས་ནས་ལངས་པ་འདུག་ལ། གཞན་གྱིས་བསྐུལ་བའང་འདུག སྐྱེས་པ་འདུག་ལ་བུད་མེད་ཀྱང་འདུག བཀའ་བློན་ཁྲི་ཟུར་འདུག་ལ་བཀའ་བློན་ལས་ཐོག་དང་དྲུང་ཆེ་ལས་ཐོག་པའང་འདུག གཞོན་སྐྱེས་འདུག་ལ་རྒན་པོའང་འདུག མཁས་པ་འདུག་ལ་མྱོང་བ་ཅན་ཡང་འདུག ཐ་ན་བོད་གཞུང་གི་ཡིག་སྐྱེལ་ཞིག་གིས་ཀྱང་བཀའ་བློན་ཁྲི་པའི་འོས་གཞིར་ལངས་འདུག “ཡོད་པ་དངོས་བདེན་བརྟེན།
འདི་དག་གི་ཁྲོད་ནས་བློ་བཟང་སེང་གེ་ལགས་གཅིག་པུས་གཞིས་ཆགས་ཁག་སོགས་ལ་སྐོར་སྐྱོད་ཐེངས་ཤིག་གནང་བ་རེད། དེ་ཡང་རྒྱལ་ཡོངས་མང་གཙོ་ཚོགས་པའི་གོ་སྒྲིག་འོག་གནང་བ་ཞིག་རེད། ཁོང་རང་ངོས་ནས་ཀྱང་དེར་སྤྲོ་སྣང་འདུག འོན་ཀྱང་འོས་མིའི་ཁྲོད་དུ་མཚན་ཐོ་ཐོན་དང་འཐོན་བཞིན་པ་གཞན་ཚོས་ཀྱང་འདི་ལྟར་རྣམ་འགྱུར་ཞིག་སྟོན་གནང་ན་ཡག་པོ་མི་འདུག་གམ། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས། འབྲོང་ཆུང་དངོས་གྲུབ་ལགས། སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས། རྔ་པ་ཚེ་རྒྱམ་ལགས། རྒྱ་རི་སྒྲོལ་མ་ལགས་སོགས་གང་ལྟར་མང་པོ་ཞིག་གི་མཚན་ཐོ་ཐོན་འདུག་ལ། ད་དུང་ང་ཚོས་ས་ཕྱོགས་གང་སར་མིག་ཉུལ་བྱས་ཏེ་བཀའ་ཁྲིའི་ཕྱག་རོགས་བཀའ་བློན་དུ་འདི་དང་དེ་འོས་ཞེས་སྨྲས་ན་ཆོག་ཀྱང་། མཐའ་མའི་ཐག་གཅོད་ནི་བཀའ་ཁྲི་རང་ཉིད་ཀྱིས་གཅོད་ངེས་རེད།།
ཆུ་ཐིགས་བཞི་དེ་བློ་གྲོས་ཀྱི་རྒྱ་མཚོར་ཐིམ་སོང་། ཐུགས་རྗེ་ཆེ།།
ཁང་གསར་རྡོ་རྗེ་ལགས། ཁྱེད་ཀྱིས་སྤེལ་བའི་བསམ་ཚུལ་དེ་དག་ལ་མོས་མཐུན་ཞུ་བ་དང་ཆབས་ཅིག ང་རང་ལ་དགོས་པའི་བཀའ་ཁྲི་དེ་གང་འདྲ་ཞིག་ཡིན་པ་ཞུ་འདོད་བྱུང་།
༡ བོད་ཀྱི་ཁྲིམས་མཐུན་གནས་བབ་་དེ་རྒྱལ་སྤྱིའི་སྤྱི་ཚོགས་སུ་ཁ་གསལ་བཟོ་བའི་ལས་དོན་ནས་འགོ་རྩོམ་མཁན་གྱི་བཀའ་ཁྲི་ཞིག་དགོས། འདི་ཟམ་གདོང་རིན་པོ་ཆེའི་སྐབས་ལ་གནང་མེད་ཅེས་བརྗོད་ན་ཆོག་ལ། དེ་ལས་ལྡོག་པའི་ཕྱག་ལས་གནང་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད།
༢ དེ་འབྲེལ་བཙན་བྱོལ་བོད་གཞུང་འདི་བོད་གཞུང་ཡིན་པར་བརྗོད་ཐུབ་མཁན་ཞིག་དགོས་ལ། དེ་འདྲའི་གཞུང་དེ་ལ་བོད་མི་མང་གིས་ཁྲིམས་མཐུན་སྲིད་གཞུང་དུ་བརྩི་བཀུར་ཞུས་པ་བཞིན་དེ་ག་རང་དུ་གནས་ཐུབ་པ་བཟོ་མཁན་ཞིག་དགོས་པ་ལས། བཙན་བྱོལ་བོད་གཞུང་དེ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཙམ་ཡིན་པར་ཁས་མི་ལེན་མཁན་གྱི་བཀའ་ཁྲི་ཞིག་དགོས།
༣ དབུ་མའི་ལམ་གྱི་དམ་བཅའ་གནད་འགག་ཆེ་ཤོས་ཏེ། ལོ་རྒྱུས་ལ་བཟོ་བཅོས་བྱེད་ཤེས་ཀྱི་མ་རེད། ཡིན་ནའང་མདུན་དུ་བལྟ་གི་ཡོད་ཅེས་པའི་དགོངས་དོན་བཞིན་མ་འོངས་རྒྱ་བོད་མཉམ་གནས་ཀྱི་གནད་དོན་གླེང་མཁན་ཞིག་ལས། ལོ་རྒྱུས་ཀྱི་ཐོག་ལ་མཁས་མདོག་གིས་འགྲེལ་བཤད་འདྲ་མིན་མི་རྒྱག་མཁན་གྱི་བཀའ་ཁྲི་ཞིག་དགོས།
༤ ཤེས་ཡོན་ཐད་བོད་མི་ཕལ་ཆེ་བ་བྱང་ཆུབ་སེམས་དཔའ་ལྟ་བུ་བཟོ་རྒྱུའི་དམིགས་ཡུལ་མིན་པར། འཇིག་རྟེན་མི་ཆོས་ཀྱི་རྩ་བ་དགྲ་དང་གཉེན་གྱི་འདུ་ཤེས་གཏིང་ཟབ་ཡོད་མཁན་གསོ་སྐྱོང་དང་། ལྷག་པར་རྒྱ་ནག་གིས་ཉེ་དུས་ནས་བརྩིས་ན་མི་ལོ་སུམ་བརྒྱ་ལྷག་གི་རིང་བོད་ལ་མནར་གཅོད་གང་འདྲ་བཏང་བ་དང་། ད་ལྟ་གང་འདྲ་གཏོང་བཞིན་པའི་སྐོར་ལ་སློབ་གསོ་གཏིང་ཟབ་སྤེལ་མཁན་གྱི་བཀའ་ཁྲི་ཞིག་དགོས། འདི་ཕལ་ཆེར་རྩ་བ་ནས་ཟམ་གདོང་རིན་པོ་ཆེས་གནང་མེད་ལ། གནང་ཐུབ་ཀྱི་མ་རེད།
རྒྱུ་མཚན་འདུག་དང་མི་འདུག
ཁང་གསར་གྱི་ཆུ་ཐིགས་བཞི་པོ་དེའི་ནང་དུ་འཐུང་མི་རུང་བའི་ཆུ་སྙིགས་འགའ་ཡང་ཡོད་བཟོ་འདུག དཔེར་ན། ཆོལ་ཁ་དང་ལུང་ཚན་གྱི་ཞེན་ཁོག་གི་འོག་ནས་སྐད་རྒྱག་མཁན་ཡང་འདུག་ཅེས་པ་དེའི་ནང་ཁང་གསར་ཁྱོད་རང་ཚུད་ཡོད་པ་ཧ་གོ་གི་ཡོད་ཀྱི་རེད། དེར་བརྟེན་གཞན་གྱི་ལམ་སྟོན་བྱེད་པའི་འོས་བབ་མི་འདུག སྤྱིར་བཏང་ཁྱོད་རང་གིས་བཤད་པ་རྣམས་རྒྱུ་མཚན་མེད་པ་དེ་འདྲ་ཡང་མ་རེད།
ཁང་རྡོར་ལགས་ཀྱི་དཔྱད་རྩོམ་དེར་རྒྱབ་བསྐྱོར་བརྒྱ་ཆ་བརྒྱ་ཡོད།
དེ་སྔོན་ཟམ་གདོང་རིན་པོ་ཆེ་བཀའ་ཁྲིར་ཐོག་མར་བཞེངས་སྐབས་རླངས་འཁོར་རྙིང་པའི་ཁ་ལོ་བ་བརྗེ་བའི་བཀའ་སློབ་ཞིག་གནང་ཡོད། ལོ་ངོ་དེ་དག་གི་རིང་ལ་རླངས་འཁོར་དེ་གོབ་ཏོ་གོབ་ཀྱང་ཆགས་ནས་ཕན་མེད་ལྩགས་རོ་ཞིག་ཏུ་གྱུར་ཟིན་པས་དེ་ལ་ཞེན་ཆགས་ཀྱི་ཁྲི་བ་དེ་ནི་ཧ་ཅང་གི་དཀའ་སྡུག་མྱོང་མཁན་ཞིག་ཏུ་རྒྱུར་གྱུ་ཡིན་པ་མཐོང་བཞིན་འདུག ཉིད་ཀྱིས་གཟིགས་ན་དེ་ལྟར་ཡིན་ནམ་ཁང་གསར་ལགས།།
གནམ་ལགས་ལགས། སྐྱེ་ལྡན་སོ་ནམ་དེ་དེང་སྐབས་ཤར་ནུབ་ཡུལ་གྲུ་ཚང་མར་དར་བཞིན་ཡོད་ལ། རྒྱུ་མཚན་ཡང་ཆེན་པོ་ལྡན་པས། བཀའ་ཁྲི་རྗེས་མས་ཕྱིར་བསྡུ་བྱེད་ཐུབ་ཀི་མ་རེད། ང་ཚོའི་སྐྱེ་ལྡན་སོ་ནམ་གྱི་ཞན་ཆ་མཐར་གཏུགས་ནས་བཤད་ན། ཁྲོམ་རྭ་མེད་པ་དེ་རེད། གལ་སྲིད་བཀའ་ཁྲི་རྗེས་མས། འདི་ལ་ཁྲོམ་རྭ་ཞིག་བསྐྲུན་ཐུབ་ན་དངོས་གནས་མདུན་ལམ་བསྐྲུན་པ་རེད།
དགོས་མཁོ་ལས་ལྷག་པ་སློང་མི་ཆོག་ཟེར་བ་དེར་འགྱུར་བ་ཞིག་མ་བཏང་རང་བཏང་རེད། དེ་ལ་འགྱུར་བ་བཏང་ན། བཀའ་ཤག་གི་རྩ་ཚིག བདེན་པ་དང་འཚེ་བ་མེད་པ། ཡང་དག་པའི་མང་གཙོ་བཅས་གསུམ་ལས། དང་པོ་དེ་ལ་འགྱུར་བ་འགྲོ་གི་ཡོད་རེད། དེར་བརྟེན་དེ་ལ་མངོན་གསལ་གྱི་འགྱུར་བ་ཡོང་གི་མ་རེད། ཤུབ་ཤུབ་ལ་འགྱུར་བ་བཏང་ན་འགྲོ་ལམ་ཞིག་ཡོད་རེད། ཡིན་ནའི་སྤྱི་འཐུས་ཁ་ཤས་ཀྱིས་སྐད་ཏོག་ཙམ་རྒྱག་གི་རེད།
ཡ། ད་སྔོན་ལ་ཞོགས་ཟས་ཤིག་བཟོ་བར་འགྲོ་གི་ཡིན། དེ་ནས་དུས་ཚོད་བྱུང་ན་སྔ་ཐོག་ཡོང་གི་ཡིན། གལ་སྲིད་དུས་ཚོད་མ་བྱུང་ན་དོ་དགོང་ཡོང་གི་ཡིན། བསམ་འཆར་ལྷུག་སྩོལ་གནང་རོགས།
ཁ་ནས་བཤད་ཀྱི་མང་བ་དེ་ཚོའི་ནང་ན་འཐུ་རྒྱུ་ཅི་ཞིག་འདུག ཁྲིམས་ལུགས་སྐྱར་བཟོ་དགོས་འདུག་ཟེར་ཚོས་རེ་རེ་ནས་འདོད་པ་ལྟར་བསྒྱུར་བྱེད་དགོས་ན་ཁྲིམས་ལུགས་ཀྱིས་དབང་སྒྱུར་བྱས་པ་ཞིག་ཆགས་གི་མེད ། བཀའ་ཁྲི་ལ་འདེབས་སྟབས་ལ་ལམ་དང་སྒྲིག་སྲོལ་མེད་པ་དེ་འདྲ་མ་རེད ། ཁྲིམས་ལུགས་ནི་དུས་དང་ཁེལ་ན་ད་གཟོད་ལག་བསྟར་བྱ་རྒྱུ་ཞིག་མ་རེད །
རྨེ་རུ་དང་ཀརྨ་རྡོ་རྗེ། མི་ཆུང་བཅས་ཀྱི་མཆན་ལ་དགའ་བསུ་ཡོད།
མི་ཆུང་ལགས། ཟམ་གདོང་རིན་པོ་ཆེས་བཙོང་པའི་ཚོང་ལས་སྡེ་ཚན་ཧ་ཅང་མང་པོ་རེད། གྲོས་ཚོགས་ནང་སྔ་ལོ་བལ་ཡུལ་གྱི་ལག་ཤེས་སྦྱོང་བརྡར་ཁང་ཞིག་བཙོང་པའི་ཚོང་ཉེས་སྐོར་ལ་བཤད་རྒྱུ་ག་ཚོད་བྱུང་སོང་། དེ་དཔེ་མཚོན་གཅིག་རེད། དེ་མིན་གྱི་ཚོང་ལས་སྡེ་ཚན་མང་ཆེ་བ་བཙོང་པ་མིན་ན་ཕྱིར་བསྡུ་བྱས་པ་རེད། དེ་མིན་ན་སྒེར་བདག་ཅན་ལ་བསྒྱུར་བ་རེད། དེ་རིན་པོ་ཆེའི་སྐད་གྲགས་ཆེ་ཤོས་ཀྱི་སྲིད་ཇུས་ཤིག་ཆགས་སོང་ང་། དེའི་ཕན་གནོད་དེ་ལོ་བཅུ་གྲངས་ནང་ཤེས་ཐུབ་པ་ཞིག་མ་རེད།
རྣམ་དཔྱོད་ལྡན་པའི་དྲ་གྲོགས་ཁང་གསར་བས་དུས་ཐོག་ཏུ་ལྗགས་ལན་གནང་བར་ཐུགས་རྗེ་ཆེ།
༡ ངས་ཟམ་གདོང་གི་སྐྱེ་ལྡན་སོ་ནམ་གྱི་ལས་གཞི་དེ་སྔར་ནས་ཡང་དག་ཅིག་མཐོང་གི་མེད། མཐར་གཏུགས་ན་རང་ཁ་རང་གསོའི་གནད་དོན་ཐག་གཅོད་བྱེད་རྒྱུའི་འཆར་གཞི་དེ་རེད། སྐྱབས་བཅོལ་བའི་ཚོགས་པ་ཞིག་གིས་གཞན་གྱི་ས་ཐོག་ནས་ལས་གཞི་དེ་ནི་སྟོང་བསམ་རེད་དྲན་གྱི་ཡོད། ཁོང་གི་དགོངས་གཞི་དེ་ལེགས་འགྲུབ་མ་བྱུང་བ་ལ་ཡང་རྒྱུ་ཞིག་ཡོད་ངེས་ལ། ལེགས་འགྲུབ་འབྱུང་སྟངས་ཀྱང་མེད་པར་མཐོང་།
༢ ཤེས་ཡོན་སྲིད་ཇུས་ཀྱི་ཐད་ནས་འགྱུར་བ་ཅི་ཞིག་ཡོད་མེད་ང་ལ་མ་ངེས། ཡིན་ནའང་ལམ་ཁ་མང་བོ་ཞིག་ཡོད་ངེས།
༣ ”དགོས་མཁོ་ལས་ལྷག་པ་རོགས་ཚོགས་ལ་སློང་མི་ཆོག་ཟེར་བ་དེ་ཚོ་ལ་འགྱུར་བ་མངོན་གསལ་གཏོང་ཐབས་ཡོད་མ་རེད། ” ཅེས་པའི་དཔལ་འབྱོར་འདུ་འགོད་ཀྱི་ཕྱོགས་དེར་འབྱུང་འགྱུར་གྱི་བཀའ་ཁྲིས་འགྱུར་བ་ཤུགས་ཆེན་ཞིག་གཏོང་ཐུབ་དགོས་པར་མཐོང་། སྐུ་ཉིད་ཀྱིས་གསུང་བབ་ལ་བཞུགས་ན་ཟམ་གདོང་རིན་པོ་ཆེའི་སྐབས་ཐག་བཅད་པ་དག་ལ་འགྱུར་བ་མེད་པའི་ཐེར་ཟུག་ཅིག་རེད་འདུག ངས་དེར་རྒྱུ་མཚན་ཅི་ཡོད་མེད་ཀྱི་དོགས་པ་ཞིག་འཁུར་ནས་བསྡད་ཡོད་པ་དེ་ཡིན། འགྱུར་བ་བཀའ་ཁྲི་དང་གྲོས་ཚོགས་གང་རུང་ནས་གཏང་ཆོག་གི་རེད། འགྱུར་བ་འགྲོ་རྒྱུ་མེད་པའི་རྒྱུ་མཚན་དེ་འཚོལ་གྱི་ཡོད། ཟམ་གདོང་གི་སྐབས་སུ་བཟོས་ཚར་བ་དེ་རྒྱུ་མཚན་དུ་ཇི་ལྟར་འགྲོ་ཟེར་གྱི་ཡོད།
བདག་ལ་བློ་སྐྱེད་ཡག་པོ་ཞིག་བྱུང་སོང་། ཐུགས་རྗེ་ཆེ།
ཟམ་གདོང་རིན་པོ་ཆེའི་སྐབས་ཕར་བཙོང་ཟིན་པའི་ཆ་དངོས་ཕལ་ཆེར་མེད་སྙམ། འོན་ཀྱང་གནས་སྐབས་རིང་བོགས་མར་བཏང་བའི་མགྲོན་ཁང་སོགས་གང་འཚམས་ཡོད། འདས་པའི་གནས་བབ་ལ་བསྐྱར་ཞིབ་བྱས་ན། བླ་མ་ཟམ་གདོང་གིས་དེ་དག་བོགས་མར་བཏང་བ་དེས། བཙན་བྱོལ་གཞུང་གི་དཔལ་འབྱོར་ལ་དགེ་མཚན་མ་གཏོགས་གྱོང་གུན་ཅི་ཡང་བྱུང་མེད་པ་ཡོངས་གྲགས་ཡིན།
ད་ལྟའི་དུས་འདིར་ཅུང་མི་འཚམས་པ་ཞིག་སྟེ་སྐྱེ་ལྡན་སོ་ནམ་གྱི་ལས་འཆར་དེ་གཅིག་པུ་རེད། མ་གཞི་ནས། ཁང་གསར་གྱིས་རང་ཉིད་ཀྱི་ལྟ་ཚུལ་འབྱུང་འགྱུར་ཅི་ཞིག་གི་ཐོག་འགྱུར་བ་གཏོང་དགོས་མིན་བསམ་ཚུལ་འདོན་དགོས་ཀྱང༌། དེ་ལྟར་ཅི་ཡང་བཏོན་མི་འདུག རྩོམ་ཡིག་ཅིག་འབྲི་ན། ངེས་པར་དུ་རང་ཉིད་ཀྱི་ཐུན་མིན་གྱི་ལྟ་ཚུལ་ཞིག་འདོན་དགོས།
ཁང་གསར་རྡོ་རྗེ་ལགས་ཀྱི་དགོངས་ཚུལ་ཧ་ཅང་གས་པོ་གསུངས་འདུག་པར་དགའ་བསུ་ཡོད། ལུང་རིགས་ལགས་ནས་མཆན་གན་བ་དེ་དག་ལའང་ཕྲན་བུའི་རྒྱབ་སྐྱོར་ཡོད། འོན་ཏེ་ལུང་རིགས་ལགས་ནས་གསུངས་པའི་བོད་རྒྱ་ཞི་མོལ་ལ་གོམ་པ་སྤོས་མི་འདུག་ཟེར་བ་དེར་དེ་ཙམ་རང་འདོད་པ་མེད། མི་མང་ནས་ཐད་ཀར་འོས་འདེམས་བྱས་པའི་བཀའ་བློན་ཁྲི་པའི་མེད་པའི་སྐབས་བོད་ཀྱི་གནད་དོན་རྩོེད་གླེང་བྱ་མུས་རེད། དེའི་སྐབས་སུ་ད་ལྟའི་བཀའ་བློན་ཁྲི་ཐོག་ནང་བཞིན་རྒྱ་ནག་གཞུང་དང་གདོང་དང་གདོང་གཏུགས་ཏེ་ ཐེངས་བཅུ་ཙམ་ཕན་ཚུན་བསམ་ཚུལ་ཤོད་རེས་བྱེད་པ་དེ་འདྲ་བྱུང་ཡོད་མ་རེད་ལ། རྒྱལ་སྤྱིའི་སྡིངས་ཆའི་སྟེང་བཙན་བྱོལ་བོད་གཞུང་ངམ་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་དང་གླེང་སློང་བྱེད་པའི་སྐོར་དེ་དག་ཀྱང་དེ་ཙམ་གྲགས་ཆ་ཆེ་བ་བྱུང་ཡོད་མ་རེད་སྙམ་གྱི་ཡོད། དེ་འདྲ་སོང་ཙང་བཀའ་ཁྲི་དེའི་སྐབས་སུ་རྒྱ་ནག་གཞུང་དང་ཐད་ཀར་གདོང་གཏུགས་ཀྱི་སྐད་ཆ་བཤད་པའི་སྒོ་ཕྱེ་ཐུབ་པ་བྱུང་ཡོད་པ་དེ་བོད་རྒྱ་ཞི་མོལ་གྱི་གྲུབ་འབྲས་མིན་ཀྱང་། གོམ་པ་ཞིག་སྤོ་རྒྱུའི་སྒོ་ཕྱེ་ཡོད་རེད་ཅེས་བཤད་ན་མ་འགྲིག་པ་གང་ཡོད་རེད། དེ་ཏན་ཏན་ཁས་ལེན་གནང་དགོས་ཀྱི་འདུག
ལུང་རིགས་ལགས།
༡༽ དོན་ཚན་དང་པོ་དེར་རྩོད་པ་བྱེད་ཀི་མིན། དུས་ཚོད་ཀྱིས་ཁ་གྲགས་ཡོང་གི་རེད།
༢༽ མི་དམངས་ཀྱི་མངོན་འདོད་གསལ་པོ་ཞེ་དྲག་རེད། བོད་ལ་བྱུང་ན་རང་བཙན་དང་། དེ་མ་བྱུང་ནའང་རང་སྐྱོང་དང་བཅས་གཞིས་བྱེས་མཉམ་འཛོམས་བྱ་རྒྱུ་དེ་གཙོ་བོ་རེད། བཙན་བྱོལ་གྱི་སྤྱི་ཚོགས་སྲ་བརྟན་དང་བོད་ནང་གི་མནར་གཅོད་དེ་ཚོ་མཚམས་འཇོག་ཐུབ་ཐབས་བྱ་རྒྱུ་གཉིས་པ་རེད། དེ་མིན་གྱི་ཆ་ངེ་ཆུང་ངེ་ཚོ་ནི་བཤད་མི་དགོས་པ་བྱས། མི་དམངས་ཀྱི་འགན་ཁུར་འདུ་ཤེས་དེ་ལ་ཐེ་ཚོམ་ཏོག་ཙམ་འདུག ཡུལ་ལུང་གི་ཕྱོགས་འཐེན་དབང་དུ་ཤོར་མ་ཡོང་ངམ་སྙམ་པའི་སེམས་ཁྲལ་ཏོག་ཙམ་འདུག
༣༽ འོས་མི་ཚོར་ཁས་ལེན་དམ་བཅའ་བྱེད་དུ་འཇུག་པ་འདི་དམངས་གཙོའི་ལམ་ལུགས་ནང་ངེས་པར་དགོས་པ་ཞིག་རེད་དེ། གཅིག་ནས་རང་རེར་སྲིད་དོན་ཚོགས་པ་མེད་པས་དེ་ཡོང་དཀའ་བ་ཞིག་རེད། སྲིད་ཇུས་དང་ཁྲིམས་ཡིག་གལ་ཆེ་བ་ཚང་མ་གྲོས་ཚོགས་བརྒྱུད་དགོས་རེད། གྲོས་ཚོགས་ནང་བཀའ་ཁྲིའི་རྒྱབ་རྟེན་ཚོགས་པ་མེད་དུས། ལམ་ལ་འགྲོ་དཀའ་བ་ཟམ་གདོང་རིན་པོ་ཆེའི་སྐབས་ལའང་བྱུང་སོང་ང་། དེ་གཅིག་རེད། གཉིས་པ། མང་ཚོགས་ཀྱི་འདོད་པ་ལ་བརྩི་དགོས་ཟེར་བ་དེའི་ཆ་ནས་བཤད་ན། འོས་ཤོག་རག་ཆེད་མང་ཚོགས་གཅིག་པུའི་ངོ་ལ་བལྟས་ཏེ། བོད་མི་གང་མང་ཕྱི་རྒྱལ་ལ་གཏང་གི་ཡིན་ཞེས་བཤད་ན། ཤོད་མཁན་དེ་ལ་ཏན་ཏན་འོས་ཤོག་མང་པོ་རག་གི་རེད། བཤད་པ་བཞིན་འབད་རྩོན་བྱས་ན་མང་པོ་ཞིག་གཏོང་ཐུབ་ཀི་རེད། འོན་ཀྱང་དེས་བོད་སྤྱི་ལ་ཕན་ས་རེད་གནོད་ས་རེད། བཀྲས་མཐོང་བསྟན་རྣམ་གྱི་སྐབས་བོད་མི་ཆིག་སྟོང་ཨ་རི་ལ་བཏང་ནས་ལྡོག་ཕྱོགས་ཀྱི་གྲུབ་འབྲས་ག་རེ་ཐོན་སོང་། བྱས་ཙང་དེ་ལ་ཉེན་ཁའི་ཕྱོགས་ཀྱང་ཡོད་རེད།
༤༽ འདིའི་སྐོར་དྲྭ་རོགས་གནམ་ལྕགས་ཀྱི་ལན་དུ་ཕྱོགས་གཅིག་ཞུས་ཟིན། ངས་ཉེ་དུས་ཟམ་གདོང་རིན་པོ་ཆེའི་བཀའ་ཁྲི་གནང་སྐབས་ཀྱི་སྲིད་ཇུས་ཁག་ལ་སྤྱི་ཡོངས་ནས་བསམ་བློ་ཞིག་བཏང་བ་ཡིན། ཟམ་གདོང་རིན་པོ་ཆེས་འགོ་བཙུགས་པ་དེ་ཚོ་རྒྱང་རིང་པོ་ཞིག་ལ་བསམ་བློ་བཏང་ནས་གནང་བ་ཞིག་རེད་འདུག གཅིག་ནས་དེ་ཚོ་མཇུག་མ་བསྐྱལ་ན་ཕངས་དགོས་པ་འདྲ་ཞིག་རེད། གཉིས་ནས་མཇུག་མ་བསྐྱལ་བསམས་ནའང་། གནས་ལུགས་ཀྱི་རྒྱུ་མཚན་དུ་མ་རྒྱབ་རྟེན་དུ་བྱས་ཏེ་ཁྲིམས་དང་སྲིད་ཇུས་ཀྱི་ངོ་བོར་གཏན་ལ་ཕབ་ཡོད་དུས། དེ་ལ་འགྱུར་བ་གཏོང་བ་ལ། རྒྱུ་མཚན་ལྡང་ངེས་ཤིག་དགོས་པ་རེད།
རེད། བཀའ་ཁྲི་ལ་སུ་སླེབས་ནའང་། ལས་ཀ་གསར་པ་ཁ་ཤས་མ་བྱས་རང་བྱས་རེད། ཡིན་ནའང་གཏིང་ཟབ་ས་ནས་བསམས་བློ་བཏང་ན། ག་རེ་བྱེད་རྒྱུ་འདུག ཇི་ལྟར་བྱེད་ཐུབ་ས་རེད། འདི་གནད་འགག་རེད་སྙམ།
དྲྭ་རོགས་གནམ་ལྕགས་ལགས། ཟམ་གདོང་རིན་པོ་ཆེས་གཏན་ལ་ཕབ་ཚར་བ་དེ་ཚོར་འགྱུར་བ་མངོན་གསལ་གཏོང་དཀའ་བ་རེད། དེ་ནི། ཟམ་གདོང་རིན་པོ་ཆེས་གཏན་ལ་ཕབ་པའམ་འགོ་ཁྲིད་དེ་བཟོས་པ་ཙམ་གྱིས་མ་རེད། དེ་ཚོའི་རྒྱབ་ལྗོངས་ཀྱི་རྒྱུ་མཚན་དེ་ཚོ་ལ་འཛིང་ཐབས་ཞེ་དྲག་ཡོད་མ་རེད། དཔེར་ན། དཔལ་འབྱོར་གྱི་གནས་སྟངས་ཡོངས་རྫོགས་གྲོས་ཚོགས་ལ་ཕྱི་གསལ་ནང་གསལ་བཟོས་པ་དང་། དགོས་མཁོ་ལས་ལྷག་པ་རོགས་ཚོགས་ལ་སློང་མི་ཆོག་ཟེར་བ་དེ་ཚོ་ལ་འགྱུར་བ་མངོན་གསལ་གཏོང་ཐབས་ཡོད་མ་རེད། མི་མངོན་པའི་ཚུལ་གྱིས་འགྱུར་བ་བཏང་ནའང་དཀའ་ངལ་ཕྲན་བུ་ཡོད་རེད། དེ་བཞིན་སྐྱེ་ལྡན་སོ་ནམ་དང་ཤེས་ཡོན་སྲིད་བྱུས་ཟེར་བ་དེ་ཚོར་མོས་མཁན་ཡོད་ལ་མ་མོས་མཁན་ཡང་ཡོད། དེར་བརྟེན་དེ་ཚོར་མངོན་གསལ་གྱི་འགྱུར་བ་ཁག་ཙམ་རེད། འོན་ཀྱང་ངས་བཀའ་བློན་ཁྲི་པ་གསར་པ་དེ་ལ་འཇོན་ཐང་ངོམས་ས་རྩ་བ་ནས་ཡོད་མ་རེད་ཟེར་གྱི་མེད། གང་དང་གང་དུ་འདུག བཀའ་ཁྲིའི་འོས་གཞིས་བསམ་བློ་གཏོང་དགོས་ལ། ང་ཚོས་ཀྱང་བསམ་བློ་གཏོང་དགོས་ཟེར་གྱི་ཡོད།
ཁང་གསར་རྡོ་རྗེ་ལགས་ཀྱིས་སྐད་ཆ་བདེན་པ་མང་པོ་གསུངས་འདུག་སྙམ།
༼ ཁ་ལ་དཔག་པའི་སོ་ཞིག་སྐྱེ་གི་རེད། ༽
ཁང་གསར་རྡོ་རྗེ་ལགས་ཀྱི་འཆར་སྣང་གི་ཆུ་ཐིགས་རེ་རེ་བཞིན་ས་ལ་ཟགས་མ་བཅུར་པར་མིད་པའི་ནང་དུ་བཅུག་པ་ཡིན། སྐོམ་ཆེན་པོ་ཞིག་མ་སོད་ཀྱང་། ཕན་ཐོགས་དངོས་གནས་བྱུང་།
༡། བཅའ་ཁྲིམས་བསྐྱར་བཅོས་ཀྱི་དགོས་པ་ནི་ཉིད་ཀྱིས་བཤད་པ་ལྟར་རེད། ཡིན་ཡང་། དེ་ལ་བེད་སྤྱོད་ཡོད་མེད་ད་ལྟ་བཤད་ཁག་པོ་རེད།
བོད་པ་ཚོ་ཁྱད་མཚར་བོ་ཡོད། སྔོན་འགྲོའི་འོས་བསྡུའི་སྐབས་ནས་འོས་ཤོག་གི་གྲངས་འབོར་ལ་བར་ཐག་ངེས་ཅན་ཞིག་ཤོར་བ་ཡིན་ན་དངོས་གཞིའི་ནང་མི་ཞུགས་མཁན་ཡོང་གི་རེད། དེ་བཞིན་དུ་སྔོན་འགྲོ་བར་དུ་ཡོང་གི་ཡིན་ཟེར་མཁན་རེ་ཟུང་འདུག
དེ་བས་བཅའ་ཁྲིམས་བསྐྱར་བཅོས་དེ་མུ་མཐུད་ནས་གལ་ཆེན་པོ་ཆགས་བསྡད་འདུག
༢། གཙོ་བོ་མི་དམངས་ཀྱི་མངོན་འདོད་གསལ་བོ་ཆགས་དགོས་པ་རེད། མི་དམངས་ལ་རེ་བ་དང་འཆར་སྣང་དགོས་པ་རེད། མི་དམངས་ལ་འགན་ཁུར་གྱི་འདུ་ཤེས་དགོས་པ་རེད། དེ་ཡོད་པའི་ཚུན་ནས་བཀའ་ཁྲི་དེ་ཡང་ཁ་ལ་དཔག་པའི་སོ་འདྲ་ཞིག་ཡོང་གི་རེད།
༣། རྒྱལ་བ་རིན་པོ་ཆེ་དང་ཟམ་གདོང་རིན་པོ་ཆེ་རྣམ་གཉིས་ཀྱིས་ལྷ་ཆོས་དགེ་བ་བཅུ་རྩ་འཛིན་གྱིས་མི་རིགས་འདིའི་དབུ་ཁྲིད་པ་རེད། བོད་མི་རིགས་ཀྱིས་ལུས་ངག་ཡིད་གསུམ་གྱིས་ཡིད་ཆེས་བློ་གཏད་བཅོལ་བ་རེད། དབུ་ཁྲིད་རྩོད་མེད་ལྟ་བུ་ཞིག་གི་ངོ་བོར་ཡོད་པ་རེད།
ད་ནི་མི་ཆོས་གཙང་མ་བཅུ་དྲུག་རྩ་འཛིན་བྱེད་མཁན་གྱི་དབུ་ཁྲིད་ཅིག་བཙལ་དགོས་པ་འདྲ། བོད་པ་ཚོ་ཡང་སྔར་གྱི་དགོས་འདུན་དེ་དག་ལས་ཅུང་མར་བབ་སྟེ། སོ་སོ་དབུ་ཁྲིད་དེའི་མདུན་དུ་ལངས་ཏེ་ཁོ་ལ་ཁས་ལེན་མནའ་སྐྱལ་བྱེད་དུ་འཇུག་དགོས་པ་རེད། ཕན་ཚུན་བར་གན་རྒྱ་ལྟ་བུ་ཞིག་གི་འོག་ནས་དབུ་ཁྲིད་ལ་འཇོག་དགོས་པ་རེད།
༤། མ་འོངས་པའི་བཀའ་བློན་ཁྲི་པ་དེས་བོད་ཀྱི་གསོལ་མགྲོན་ཁང་སོགས་དེ་སྔོན་བཙོང་ཟིན་པ་དག་ཕྱིར་ཉོ་མི་ཐུབ་པ་བདེན་པར་འདོད། རྒྱ་ནག་ལ་འགུལ་ལྕོག་ཅིག་མེད་ན་བོད་རྒྱ་ཞི་མོལ་ལ་གོམ་པ་སྤོ་ས་མི་འདུག་ལབ་ན་ཡང་བདེན་པར་འདོད།
ཡིན་ཡང་། གཞན་པ་དེ་ཚོར་ཡང་ཐབས་ཤེས་མི་འདུག་ཟེར་ན་ད་བཀའ་བློན་དེ་ཚོ་ཡང་སེ་བརྗེ་བོ་བརྒྱབ་མ་བརྒྱབ་ཀྱང་མི་འདུག་ག གཟུགས་པོས་མི་ལྕོགས་པའི་བར་དུ་བཞུགས་ན་འགྲིག་ག
བཀའ་སྤྱིའི་འོས་བསྡུའི་ཚ་ཚ་འུར་འུར་གྱི་ཟིང་ཆའི་ཁྲོད་ནས་ཁང་གསར་བས་མི་མང་ལ་སློབ་ཁྲིད་ཅིག་གནང་བར་ཡོངས་སུ་ཉན་ཟིན། ཡིན་ནའང་མ་འོངས་པའི་བཀའ་ཁྲིས་འདས་པའི་ལས་གཞི་ཁག་ཅིག་ལ་འགྱུར་བ་གཏོང་མི་ཐུབ་པར་ཐག་བཅད་པ་དེར་དོགས་པ་ཡོད། དོགས་པ་བསླངས་སྟངས་ནི། མི་ཚང་མ་ཟམ་གདོང་རིན་པོ་ཆེ་ལྟ་བུ་རྐྱང་གཏན་མ་ཡིན་པར། དེ་ལས་ནུས་ཤུགས་ཆེ་ཆུང་གཉིས་ཆ་ཡོང་ཆོག་པས་སོ།།
ངས་བལྟས་ན། ད་རེར་འགྱུར་བ་ཞིག་ཏན་ཏན་ཡོད་པར་མཐོང་། དེ་ནི་རང་ཉིད་ཀྱིས་གདམས་བྱའི་བཀའ་ཁྲི་མཆོག་ལ་ཤེས་འཇོན་ལྷག་བསམ་ཆ་ཚང་ལྡན་པས་སོ།།
ངས་རང་གི་ཁོག་རྩིས་ཀྱིས་བགྲང་གིན་པའི་བཀའ་ཁྲི་འདིས་བཙན་བྱོལ་སྤྱི་ཚོགས་ལ་སྔར་བྱས་རྗེས་བཞག་མྱོང་ལ། རྐུབ་སྟེགས་འདིར་བཞུགས་རྗེས་དེ་བས་ཀྱང་འཇོག་པའི་ཡིད་ཆེས་བྱེད་ཀྱི་ཡོད། དེའི་སྟབས་ཀྱིས་འགྱུར་བ་སོགས་གང་ཡང་མེད་པའི་སེམས་ཤུགས་ཀྱང་ཆག་གི་མེད། ཡིན་ནའང་ལམ་སྟོན་ཡག་པོ་ཞིག་གནང་འདུག ཐུགས་རྗེ་ཆེ།
དྲ་གྲོགས་ཁང་གསར་ལགས་ཀྱི་བསམ་ཚུལ་འདི་དག་ལ་ཕྱོགས་ཡོངས་ནས་མོས་མཐུན་ཡོད། ངོ་མ་འདི་འདྲ་ཞིག་རེད།