ཕྱི་ཚེས་ ༤ ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་གིས་དང་བླངས་ཐོག ཁོ་མོ་སྐབས་བཅུ་བཞི་བའི་བཀའ་བློན་ཁྲི་པའི་འོས་གཞིར་བཞེངས་རྒྱུ་ཡིན་པའི་གསལ་བསྒྲགས་བསྐྱངས་ཡོད་སྟབས། ཕྱི་ཚེས་ ༧ ཉིན་འདི་གའི་གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ཀྱིས་བཀའ་བློན་ཁྲི་པའི་ལས་འགན་དང་འབྲེལ་བའི་སྐོར་ལ་དྲི་བ་ ༡༦ བཏང་ཡོད།
དྲི་བ། ཐེངས་འདིར་སྐུ་ཉིད་དང་བླངས་ཐོག བཀའ་བློན་ཁྲི་པའི་འོས་གཞིར་བཞེངས་རྒྱུའི་གདེང་སྤོབས་ཇི་ལྟར་བྱུང་བ་དང་། རང་ཉིད་ལ་བཀའ་བློན་ཁྲི་པའི་ཁྱད་ཡོན་གང་དག་ཚང་བའི་ཡིད་ཆེས་བྱེད་ཀྱི་ཡོད་དམ།
ལན། བཀའ་བློན་ཁྲི་པ་དེ་༧གོང་ས་མཆོག་གི་ཐད་ཀའི་ཕྱག་འོག་གི་འགན་རྐང་ལན་ཐུབ་མཁན་ཞིག་དང་། བོད་ཕྱི་ནང་གཉིས་ཀྱི་ངོ་ཚབ་མཚོན་ཐུབ་མཁན་ཞིག་དགོས་པ་རེད། ལས་ཀའི་ཐོག་ནས་ང་རང་གིས་འཇོན་ས་མ་རེད་སྙམ་པ་ཞིག་བྱུང་མ་སོང་། འོན་ཀྱང་། ཆེ་མཐོང་དང་བོད་ཕྱི་ནང་གཉིས་ཀྱི་མི་དམངས་ཚོའི་ཡིད་ཆེས་ཐད་ནས་སྤོབས་པས་མ་ལྕོགས་པར་རྒྱུན་རིང་ལུས་པ་རེད། བར་སྐབས་ཤིག་ལ་ངྷ་རམ་ས་ལ་ནས་ཆོལ་ཁ་གསུམ་གྱི་སྐུ་ཚབ་ཡིན་ཟེར་མཁན་ཁ་ཤས་ཕེབས་ཏེ། ཚོར་བ་ཤུགས་ཆེན་པོའི་ཐོག་ནས་ཁྱེད་ངེས་པར་དུ་ལངས་དགོས། ང་ཚོས་ཤུགས་རྒྱག་གི་ཡིན་ཟེར། སྐབས་དེར་ང་ལ་ཚོར་བ་གསར་པ་ཞིག་སྐྱེ་རུ་བཅུག་ཅིང་། དེའི་རྗེས་ཁྱེད་ཚོའི་དུས་བབ་དྲ་རྒྱའི་སྟེང་འོས་ཤོག་ཅིག་བླུགས་ཡོད་པའི་ནང་། ང་ལ་བོད་ཕྱི་ནང་གཉིས་ནས་འོས་གང་འཚམ་ཐོབ་ཡོད་པ་ཞིག་གོ་སོང་། དེས་ང་ལ་སྙིང་སྟོབས་དང་སེམས་ཤུགས་འཕར་བ་ཞིག་བྱུང་སོང་། འོས་ཤོག་ཙམ་མ་རེད། ཁྱེད་ཚོའི་དྲ་རྒྱ་དེ་ཡག་པོ་འདུག བོད་ཕྱི་ནང་བར་འབྲེལ་མཐུད་དང་རྩ་དོན་ལ་ནུས་པ་ཆེན་པོ་ཞིག་འཐོན་གྱི་འདུག་ཟེར། སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དྲི་བ། ༧གོང་ས་མཆོག་གི་བཀའ་སློབ་སྔ་ཕྱིའི་ནང་བཀའ་བློན་ཁྲི་པར་བྱུང་ན་བུད་མེད་ཅིག་ཡག་པོ་འདུག་གསུངས་ཡོད། ཁྱེད་རང་གི་ངོས་ནས་བཀའ་བློན་ཁྲི་པར་བུད་མེད་ཅིག་སླེབས་དགོས་པའི་རྒྱུ་མཚན་གང་དག་མཐོང་གི་ཡོད་དམ།
ལན། ༧གོང་ས་མཆོག་གི་དགོངས་པ་དེ་དམངས་གཙོ་ཚད་ལྡན་ཞིག་ལ་ཚད་བཞག་པ་རེད། དེ་ཡང་བུད་མེད་ལ་ཐོབ་ཐང་འདྲ་མཉམ་ཡོང་ཆེད་ཡིན་རྒྱུ་རེད་དྲན་ཡོད། ང་བུད་མེད་ཡིན་པའི་རྒྱུ་མཚན་གྱིས་ལངས་མ་ཐུབ་ན་འགྲིག་གི་ཡོད་པ་མ་རེད་དེ། ང་བུད་མེད་ཡིན་པའི་རྒྱུ་མཚན་གྱིས་ཐོབ་དགོས་པའི་བསམ་ཚུལ་མེད། རྒྱལ་ཁབ་མང་པོ་ཞིག་ཏུ་བུད་མེད་ཀྱི་མགོ་ཁྲིད་སླེབས་པ་ཡིན་ན་དམངས་གཙོ་ཚད་ལྡན་ཆགས་ཀྱི་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། གལ་སྲིད་ད་ཐེངས་ང་བཀའ་བློན་ཁྲི་པར་བདམས་པ་ཡིན་ན་འགྱུར་བ་ཆེན་པོ་ཞིག་རེད་བསམ་ཡོད། འགྱུར་བ་གང་རེད་ཟེར་ན། བཙན་བྱོལ་ནང་འཚར་ལོངས་བྱུང་བ་ཞིག་དང་། དེ་ཡང་བུད་མེད་ཅིག་བྱུང་བ་ཐོག་མ་ཆགས་ཀྱི་ཡོད། ཁྱད་པར་ཞིག་ཏན་ཏན་འགྲོ་གི་རེད། བུད་མེད་ཚོར་སེམས་ཆུང་བ་ཡོད་ལ། དཀའ་ངལ་དང་ཛ་དྲག་ལ་ཐུག་སྐབས་ཚོར་བ་སྐྱེན་པ་དང་། གདོང་ལེན་གྱི་ནུས་པ་ཕོ་ལས་ཆེ་བ་ཡོད་པ་ཚན་རིག་པ་ཚོས་བཤད་ཀྱི་ཡོད། འཛམ་གླིང་ཐོག་བུད་མེད་མགོ་ཁྲིད་དུ་བདམས་ཡོད་པའི་བརྒྱ་ཆ་ ༩༩ སྤུས་དག་པོ་དང་། མི་དམངས་ལ་ཕན་ཐོགས་པོ་ཤ་སྟག་ཆགས་བསྡད་ཡོད།
དྲི་བ། གལ་སྲིད་སྐུ་ཉིད་ལ་འོས་བསྡུ་ཆེན་མོར་རྒྱལ་ཁ་ཐོབ་པ་ཡིན་ན། བཀའ་བློན་ཁྲི་པར་ལས་འགན་མང་པོ་ཞིག་ཡོད་པའི་ནང་ནས་སྔོན་ལ་བསྒྲུབ་དགོས་པ་ཨང་དང་པོ། གཉིས་པ། གསུམ་པ་སོགས་གང་དག་ཡིན་ནམ།
ལན། ཨང་དང་པོ་མིའི་ནུས་པ་སྲ་ཐག་ཐག་བཟོ་རྒྱུ་དེ་རེད། དེ་ནས་ངྷ་རམ་ས་ལར་མཚོན་ན་ཉམ་ཐག་མང་ཆེ་བར་སྒེར་ལ་འཛུལ་ས་ཙམ་ཡང་ཡོད་པ་མ་རེད། གཞིས་ཆགས་ཁག་ཏུ་དཀའ་ངལ་ཅི་ཙམ་ཆེ་ཡང་ཁང་པ་རེ་ཡོད། ང་རང་གིས་བོད་པ་རེ་རེར་འཛུལ་སའི་ཨི་ཁུང་རེ་གལ་ཆེན་པོར་མཐོང་གི་ཡོད། དེ་ནས་བོད་པའི་བདེན་མཐའ་མྱུར་དུ་གསལ་ཐབས་ཀྱི་ལས་འཆར་རིགས་ཁ་ཤས་ཡོད། དེ་ཡང་དབུ་མའི་ལམ་གྱི་སྲིད་བྱུས་འདིའི་ཐོག་ནས་འཐབ་རྩོད་ཀྱི་ངོ་བོ་ཤུགས་ཆེ་རུ་གཏོང་རྒྱུ་ཡིན། གཉིས་པ། དཔལ་འབྱོར་གྱི་གོ་སྐབས་བཟང་དུ་གཏོང་དགོས། དཔེར་ན། བོད་མི་སིལ་ཚོང་བ་ཚོ་ཕུགས་བརྟན་ཡོང་ཐབས་དང་། གཞན་པ་ཞིག་ལ། ལོ་སྔོན་མར་འཛིན་གྲྭ་བཅུ་བ་དང་བཅུ་གཉིས་ཐོན་མཁན་ ༡༠༠༧ ཙམ་འདུག དེ་བཞིན་མཐོ་སློབ་ཐོན་མཁན་མང་པོ་ཞིག་ཡོད། གཞུང་གིས་ལོ་དེར་ས་མིག་ ༥༨ ཙམ་ལས་འདོན་ཐུབ་ཡོད་པ་མ་རེད། འདི་སྤྱི་ཚོགས་ཀྱི་དཀའ་ངལ་ཆེ་ཤོས་ཤིག་རེད། ལས་ཀའི་གོ་སྐབས་མང་པོ་བཙལ་ཏེ་སློབ་ཐོན་པ་དང་ལས་ཀ་སྙོམ་སྒྲིག་ཡོང་ཐབས་ལ་འབད་བརྩོན་བྱ་རྒྱུ་ཡིན། གསུམ་པ། བཙན་བྱོལ་བོད་མིའི་ཤེས་ཡོན་གྱི་གནས་སྟངས་དེ་གལ་ཆེན་ཆགས་ཡོད། བོད་གཞུང་སློབ་གྲྭ་ཁག་ལས་ཤུགས་ཆེ་ཤོས་བོད་ཁྱིམ་རེད། གཉིས་པ་རྒྱ་གར་དབུས་གཞུང་གིས་བཙུགས་པའི་གཏན་སློབ་ཁག་རེད། འོན་ཀྱང་འདི་གཉིས་བར་ཁྱད་པར་ཆེན་པོ་ཤོར་གྱི་ཡོད། དེ་ལ་རྒྱ་གར་གཞུང་དང་ཐད་ཀར་བཀའ་མོལ་གནང་སྟེ། འདྲ་མཉམ་ངང་འཕེལ་རྒྱས་གཏོང་ཐབས་བྱ་རྒྱུ་ཡིན།
དྲི་བ། ད་ཆར་བཀའ་ཁྲིའི་འོས་གཞིར་སླེབས་མཁན་བློ་བཟང་སེང་གེ་དང་། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གཉིས་ཀྱི་སྟེང་ལ་གཟིགས་ཚུལ་གང་འདྲ་ཡོད་པ་དང་། རང་ཉིད་ཁོང་གཉིས་ལས་རྒྱལ་ཐུབ་རྒྱུར་གདེང་ཚོད་ཅི་ཙམ་ཡོད་དམ།
ལན། བློ་བཟང་སེང་གེ་དང་བསྟན་འཛིན་རྣམ་རྒྱལ་གཉིས་ཀ་ཡག་པོ་རེད། ཁོང་གཉིས་ཀྱི་ཐོག་ལ་ཞུ་རྒྱུ་གང་ཡང་མེད། ང་བཀའ་ཁྲིའི་འོས་གཞིར་ལངས་པ་འདི། ང་ལ་ཞབས་ཞུ་བསྒྲུབ་འདོད་ཡོད་ཟེར་ནས་ལངས་གི་ཡོད་མ་གཏོགས། གཞན་ཞིག་ལ་ཁ་གཏད་བཅགས་ཏེ་ལངས་གི་མེད། ཁོང་གཉིས་ཀྱི་ཁ་གཏད་ནས་ང་ལ་འོས་ཐོབ་རྒྱུར་རེ་བ་ཆུང་ཆུང་རེད། འོན་ཀྱང་ལངས་འདོད་ཡོད་བཞིན་དུ་མདུན་ལ་འབུད་མ་ཕོད་ན། ང་མི་ཚེ་གང་བོར་འགྱོད་པ་སྐྱེ་ས་རེད། མི་དམངས་ཀྱི་ཐོག་ནས་ཏན་ཏན་དགོངས་པ་བཞེས་གི་རེད། བཀའ་བློན་ཁྲི་པ་དེ་ཕོ་དང་མོ་སུ་ཡིན་གྱི་སྐད་ཆ་མ་རེད། མི་དམངས་ཀྱིས་ཐག་གཅོད་ག་འདྲ་ཞིག་གནང་ཡང་ངས་དེ་ལ་བརྩི་བཀུར་ཞུ་རྒྱུ་ཡིན།
དྲི་བ། བཙན་བྱོལ་བོད་མིའི་ལས་འགན་གཙོ་བོ་རྩ་དོན་འཐབ་རྩོད་དེ་རེད། གལ་སྲིད་སྐུ་ཉིད་བཀའ་ཁྲིར་བཞུགས་པ་ཡིན་ན། བོད་རྒྱའི་འབྲེལ་ལམ་ཐད་ཕྱག་ལས་གང་འདྲ་གནང་འཆར་ཡོད་དམ།
ལན། རྩ་བའི་བོད་རྒྱའི་འབྲེལ་ལམ་མུ་མཐུད་གནས་ཡོད་པ་ཞིག་རེད། འཚེ་མེད་ཞི་བ་དང་གྲོས་མོལ་གྱི་ཐོག་ནས་དཀའ་རྙོག་སེལ་ཐབས་ལ་འབད་བརྩོན་ཞུ་རྒྱུ་ཡིན། གལ་སྲིད་བོད་རྒྱའི་འབྲེལ་ལམ་ལ་འགྱུར་བ་ཆེན་པོ་ཞིག་ཕྱིན་པ་ཡིན་ན། རང་བཞིན་གྱིས་གྲོས་ཚོགས་ནང་བཀའ་བསྡུར་ཡོང་གི་རེད། བཀའ་བསྡུར་སྐབས་ཆབ་སྲིད་ཀྱི་དགོས་མཁོ་དང་རྒྱལ་ཁབ་ཀྱི་ཁེ་ཕན། འཛམ་གླིང་སྤྱིའི་ཆབ་སྲིད་ཀྱི་གནས་སྟངས་ལ་གཞི་བཅོལ་ཏེ་སྲིད་བྱུས་ཤིག་འཛིན་གི་རེད། ད་ལྟའི་ཆར་འགྱུར་བ་འདྲ་གཏོང་དགོས་པའི་བསམ་ཚུལ་མེད། སྤྱིར་ང་ཚོའི་མ་རྩ་དེ་ཅི་ཙམ་བརྟན་པོ་དང་མཁྲེགས་པོ་བྱ་ཐུབ་པ་ཡིན་ན། བོད་རྒྱའི་དཀའ་རྙོག་དུས་ཡུན་ཐུང་ཐུང་ནང་སེལ་མ་ཐུབ་ཀྱང་། མི་རབས་རྗེས་མ་ཚོར་འཐབ་རྩོད་ཀྱི་གཞི་རྩ་ཞིག་ལྷག་གི་རེད།
དྲི་བ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་ཆོས་སྲིད་ཟུང་འབྲེལ་བཀོད་ཡོད་ལ། ལག་ལེན་དངོས་ཀྱི་ཐོག་ནས་ཆོས་ལུགས་རིས་མེད་ལྟ་བུ་ཆགས་ཀྱི་ཡོད། ཆོས་སྲིད་ཟུང་འབྲེལ་གཞུང་གི་མགོ་ཁྲིད་མཁན་ཞིག་ཡིན་ན། ཆབ་སྲིད་ཙམ་དུ་མ་ཟད་ཆོས་ཀྱི་ཐོག་ལའང་མཁྱེན་ཡོན་ཡོད་དགོས་པ་ཞིག་ཏུ་མཐོང་གི་ཡོད་དམ།
ལན། ཁྱེད་ཀྱི་དྲི་བ་འདི་ཧ་ཅང་གལ་ཆེན་པོ་དང་དོན་ལ་གནས་པ་ཞིག་རེད། ཟམ་གདོང་རིན་པོ་ཆེ་ལྟ་བུའི་ཆོས་དང་སྲིད་གཉིས་ཀའི་ཐོག་ཕུན་སུམ་ཚོགས་པ་ཞིག་བྱུང་ན་ཡག་ཤོས་རེད། ང་ལ་མཚོན་ན་ཆབ་སྲིད་ཀྱི་ཐོག་ནས་ཆ་ཚང་བ་ཞིག་ཡོད་སྙམ་པའི་སྤོབས་པ་ཡོད། འོན་ཀྱང་ཆོས་ཕྱོགས་ནས་སྤོབས་པ་གང་ཡང་མེད། ཆོས་ཀྱི་ཤེས་ཚད་མེད་པ་འདིས་བཀའ་བློན་ཁྲི་པའི་ལས་ཀར་གནོད་སྐྱོན་ཆེན་པོ་ཐེབས་གི་རེད་སྙམ་པའི་ཞེད་སྣང་མེད། ཆོས་སྲིད་ཟུང་འབྲེལ་གཞུང་གི་དབུ་ཁྲིད་དེ་ལ་ཆོས་ལ་ཡིད་ཆེས་དང་། ཆོས་ཀྱི་རིན་ཐང་ལ་ངོས་འཛིན་ཡག་པོ་ཡོད་མཁན་ཞིག་དགོས་པ་རེད། དཔེར་ན། བུད་མེད་ཀྱི་ཐོབ་ཐང་སྐོར་ལ་སྐད་ཆ་བཤད་མཁན་དང་། ལས་འགུལ་གྱི་སྣེ་ཁྲིད་པ་དག་ལ་བལྟས་ན། བུད་མེད་ཀྱི་དབུ་ཁྲིད་ཅིག་ཕེབས་ཏེ། བུད་མེད་ཀྱི་ཐོབ་ཐང་ཡར་རྒྱས་སུ་ཕྱིན་པ་ཞིག་ཀྱང་མ་རེད། ཨེན་ངྷི་ར་གྷན་ངྷི་བུད་མེད་རེད། མོ་རྒྱ་གར་སྲིད་བློན་ལ་བཞུགས་ཡོད་ཀྱང་། བུད་མེད་ཀྱི་ཐོབ་ཐང་སྐོར་ལ། མོ་རང་གི་བུ་རཱ་ཇི་གྷན་ངྷི་སྲིད་བློན་དུ་ཕེབས་སྐབས་ནུས་པ་ཆེན་པོ་ཐོན་ཡོད།
དྲི་བ། ༧གོང་ས་མཆོག་དང་བོད་གཞུང་གི་སྲིད་བྱུས་དབུ་མའི་ལམ་ཡིན་ཡང་། གཞོན་ནུས་གཙོས་པའི་ཚོགས་སྒེར་གང་འཚམ་ཞིག་གིས་རང་བཙན་རྩོད་ཀྱི་ཡོད་སྟབས། ཆབ་སྲིད་ཀྱི་ལངས་ཕྱོགས་འདི་གཉིས་འབྲེལ་ལམ་ཐད་ཕྱག་ལས་ག་འདྲ་གནང་འཆར་ཡོད་དམ།
ལན། ང་ལ་དབུ་མའི་ལམ་དང་རང་བཙན་ཟེར་ནས་དབྱེ་བ་ཆེན་པོ་ཞིག་བཀར་རྒྱུའི་འདོད་པ་མེད། དེ་བཞིན། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་བར་དུ་ཡང་དབྱེ་བ་ཆེན་པོ་འབྱེད་འདོད་མེད། འདི་ལྟར་བྱས་ན་ཕན་ཚུན་གོ་བརྡ་སྤྲོད་རྒྱུ་ཁག་ནས་ཁག་ཏུ་འགྲོ་གི་རེད། ལངས་ཕྱོགས་ཁ་ཁ་ཡིན་རུང་བར་ཐག་ཉེ་བོའི་ཐོག་ནས་ལས་ཀ་བྱ་དགོས་པ་རེད། བོད་རྒྱ་གཉིས་ཐ་དད་ཡིན་པ་དང་ད་ལྟ་བཙན་དབང་འོག་གནས་ཡོད་པའི་ཐད་ངོས་འཛིན་གཅིག་པ་རེད། ད་ལྟའི་སྐབས་སུ་ཆིག་སྒྲིལ་གྱི་ནུས་པ་དེ་ཇི་ལྟར་བེད་སྤྱོད་གཏོང་རྒྱུའི་ཐད་ལ་བསམ་བློ་གཏོང་རྒྱུ་གལ་ཆེན་ཡིན། བཅའ་ཁྲིམས་ཀྱི་ནང་དོན་དང་༧གོང་ས་མཆོག་གི་དགོངས་དོན་ལ། གང་མང་མང་མཉམ་དུ་འཁྲིད་ཐུབ་རྒྱུ་དེ་རེད། རང་བཙན་བཤད་མཁན་ཚོས་ཀྱང་དངོས་ཡོད་གནས་སྟངས་དང་། གཞུང་གི་སྲིད་བྱུས་ལ་ཡག་པོ་གཟིགས་ཏེ་གུ་ཡངས་པོ་བྱ་དགོས་པ་རེད།
དྲི་བ། ༧གོང་ས་མཆོག་གི་བཀའ་དགོངས་ཐོག་རྒྱག་ཅིག་མཆོངས་གཅིག་གིས་བསྐྱོད་རྒྱུ་གལ་ཆེན་དུ་མཐོང་གི་ཡོད་དམ། ཡང་ན་བླངས་དོར་དང་དཔྱད་ཞིབ་ཡོད་པའི་ཐོག་ནས་གོམ་པ་རྒྱག་དགོས་པ་ཞིག་ཏུ་མཐོང་གི་ཡོད།
ལན། ༧གོང་ས་མཆོག་གིས་དུས་ནས་དུས་སུ་བཀའ་སློབ་ལམ་སྟོན་མང་པོ་ཞིག་ཕེབས་ཡོད། བཀའ་སློབ་དེ་དག་ལ་ཕྱིར་དྲན་བྱས་ན། ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་ཆེན་པོ་ཡོད་པ་རྐྱང་རྐྱང་ཆགས་ཡོད། རེ་ཟུང་སྐབས་ཐོག་དེ་ལ་དོན་དག་གསལ་བོ་རྟོགས་མ་ཐུབ་པའི་དབང་གིས་རྗེས་མ། ཨ་ཁ་བསམ་པ་ཡོང་གི་ཡོད། ང་ལ་མཚོན་ན་ད་བར་ཁོང་གི་དཀའ་དགོངས་ཐོག་འགྲོ་མཁན་ཞིག་ཡིན། བཀའ་ཁྲིར་བཞེངས་རྒྱུའི་བློ་ཁོག་དེ་ཡང་ད་ལྟའི་སྐབས་སུ་༧གོང་ས་མཆོག་སྐུ་འཚོ་བཞུགས་གནང་ཡོད་པ་འདིའི་ཐོག་ནས་བྱུང་བ་རེད། ༧གོང་ས་མཆོག་གི་བཀའ་དགོངས་ཐོག་འགྲོ་དང་མི་འགྲོ་དེ་ཡང་རྦད་དེ་ངོ་ལོག་ལྟ་ལོག་གི་གནས་ཚུལ་ཞིག་མ་རེད། མི་སུ་འདྲི་ཞིག་ཡིན་རུང་རྒྱུ་མཚན་གནས་ལུགས་བགྲང་རྒྱུ་ཡོད་ན། ༧གོང་ས་མཆོག་གིས་ག་དུས་ཡིན་རུང་གུ་བཤངས་གནང་གི་ཡོད།
དྲི་བ། རྒྱལ་ཁབ་གང་འདྲ་ཞིག་ཡིན་རུང་སྲིད་འཛིན་གྱི་ནུས་པ་ཐོན་མིན་ལག་རོགས་བཀའ་བློན་ཚོར་རག་ལས་ཡོད་སྟབས། གལ་སྲིད་སྐུ་ཉིད་བཀའ་ཁྲིར་བཞུགས་ཚེ་ལྷན་ཁང་ཁག་གི་བཀའ་བློན་ཇི་ལྟར་བསྐོ་བཞག་བྱ་འཆར་ཡོད་དམ།
ལན། གལ་སྲིད་ང་ལ་འོས་ཐོབ་པ་ཡིན་ན། བཀའ་བློན་ཁྲི་པའི་ལས་འགན་འཁྲི་བའི་བཀའ་ཤག་ཅིག་ཆགས་གི་རེད་མ་གཏོགས། ང་རྒྱ་རི་སྒྲོལ་མའི་ལས་ཀ་བྱ་སའི་བཀའ་ཤག་ཅིག་ཆགས་གི་མ་རེད། མཉམ་རུབ་ཀྱི་ཐོག་ལས་ལས་ཀ་བྱེད་པའི་བཀའ་ཤག་ཅིག་དང་། བཀའ་བསྡུར་གྱི་ཐོག་ནས་ཐག་གཅོད་གནང་བའི་བཀའ་ཤག་ཅིག་ཡོང་གི་རེད། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་ལ་མཚོན་ན་གནས་སྟངས་གཞན་ཞིག་རེད། ང་རང་གི་རེ་བར་བཀའ་བློན་དག་བསམ་བློ་མཐུན་དང་མ་མཐུན། ལོ་རྒན་གཞོན་གྱི་ས་མཚམས་མེད་པར་ནུས་པ་དང་མཁྱེན་ཡོན་གཙིགས་སུ་འཛིན་དགོས་པ་རེད་བསམ་ཡོད། སྤྱི་ཚོགས་ནང་ཉམས་མྱོང་ཕུན་སུམ་ཚོགས་པོ་ཅན་མང་པོ་ཡོད་ལ། མ་འོངས་པར་བསམ་བློ་བཏང་སྟེ་གོ་སྐབས་སྤྲོད་དགོས་པ་དེ་ཡང་གལ་ཆེན་པོ་རེད་དྲན་ཡོད།
དྲི་བ། ཤེས་ཡོན་སྲིད་བྱུས་གསར་པ་དང་སྲོལ་རྒྱུན་སོ་ནམ་འདེབས་ལས། དཔལ་འབྱོར་སྒེར་བདག་ཅན་བཅས་ནི། བཀའ་ཤག་སྐབས་སྔ་མའི་སྲིད་བྱུས་གལ་ཆེན་ཁག་རེད། སྐུ་ཉིད་ཀྱིས་འདི་དག་ཐོག་ཕྱག་ལས་ག་འདྲ་གནང་འཆར་ཡོད་དམ།
ལན དང་པོ་དཔལ་འབྱོར་སྒེར་བདག་ཅན་དུ་བསྒྱུར་བ་དེ་དུས་བཀག་ངེས་ཅན་ནང་འགྲུབ་འགྲོ་བ་ཞིག་རེད། གཉིས་པ་ཤེས་ཡོན་སྲིད་བྱུས་དེ་ང་ཚོ་བཙན་བྱོལ་གྱི་གནས་བབ་ཐོག་ནས་བཤད་ན་ཧ་ཅང་གལ་ཆེན་པོ་ཞིག་རེད། གལ་སྲིད་ང་ལ་བཀའ་ཁྲི་ཐོབ་ན་ལོ་གཅིག་གི་ནང་ཚུད་ལ། ཤེས་ཡོན་སྲིད་བྱུས་ལག་བསྟར་བྱེད་ཕྱོགས་ཁ་ཡོད་ལག་ཡོད་ཀྱིས་ནུས་པ་ཆེ་རུ་གཏོང་ཐབས་ཀྱི་ལས་འཆར་ཡིག་ཆ་ཞིག་གྲོས་ཚོགས་ནང་འཁྱེར་དགོས་བསམ་ཡོད། གསུམ་པ་ང་ཚོའི་སྲོལ་རྒྱུན་སོ་ནམ་ཞིང་ལས་འདིར་རྒྱ་གར་གཞུང་དམངས་ཚོས་ཞེ་དྲག་དགའ་བོ་བྱེད་ཀྱི་འདུག འོན་ཀྱང་། ལག་བསྟར་བྱེད་ཕྱོགས་གསར་པ་ཁ་ཤས་འདུག རྒྱ་གར་གྱི་ས་གནས་མངའ་སྡེ་གཞུང་གིས་ལས་དོན་འདི་འདྲའི་རིགས་ལ་མཐུན་འགྱུར་སྦྱོར་གྱི་ཡོད་མཁན་རེ་ཟུང་འདུག དེ་དག་ང་ཚོས་ངེས་པར་དུ་ལེན་ཐུབ་པ་བྱ་དགོས་ཀྱི་འདུག སྲོལ་རྒྱུན་ཞིང་ལས་གྱི་ཁྲོམ་རའི་དཀའ་ངལ་དེ་ཡང་ངེས་པར་དུ་སེལ་ཐབས་བྱ་དགོས། གལ་སྲིད་གྲུབ་འབྲས་མ་ཐོན་ན་འགྱུར་བ་གཏོང་རྒྱུའི་སྙིང་སྟོབས་ཀྱང་ཡོད་དགོས་པ་རེད།
དྲི་བ། བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་དཀའ་ངལ་གཙོ་བོ་གཞིས་ཆགས་ཁག་སྲ་བརྟན་མེད་པ་དང་། གཞོན་སྐྱེས་མང་པོ་ཞིག་ལས་མེད་དུ་ལྷག་ཡོད་པའི་དཀའ་ངལ་འདི་སེལ་ཐབས་འདྲ་མཐོང་གི་ཡོད་དམ།
ལན། གཞིས་ཆགས་སྲ་བརྟན་ཐད་མང་པོ་ཞིག་གིས་སེམས་འཚབ་བྱེད་ཀྱི་ཡོད་ཀྱང་། ང་རང་གིས་འདིའི་ཐད་དཀའ་ངལ་ཆེན་པོ་མཐོང་གི་མེད། སྔར་དང་བསྡུར་ན་འགྱུར་བ་ཕྱིན་ཡོད་ཀྱང་། དེ་དག་དུས་ལ་བབ་པའི་འགྱུར་བ་རེད། གཞིས་ཆགས་ཁག་ནས་ཕྱི་རྒྱལ་དུ་འགྲོ་མཁན་ཚོས་དཀའ་ལས་བརྒྱབ་སྟེ། དངུལ་གཏོང་ས་གཞིས་ཆགས་ནང་རེད། གཞིས་ཆགས་ནང་སྡོད་མཁན་རྒན་མགོ་དང་ཕྲུ་གུ་ཡིན་པ་བདེན་པ་རེད། ད་ལྟའི་གནས་སྐབས་སུ་གཞིས་ཆགས་ནང་ཐོབ་ཐང་གསར་སྤྲོད་ཐུབ་པ་ཞིག་མཐོང་མ་སོང་། འོན་ཀྱང་གང་ཡོད་པ་དེ་གཙང་མ་ཞིག་བཟོ་རྒྱུ་གལ་ཆེན་པོ་རེད། དཔེར་ན། གཞིས་ཆགས་ཁག་མང་པོ་ཞིག་གི་ཡིག་ཆ་བོར་བརླག་དང་། ས་ཆ་མང་པོ་ཡུལ་མི་ལ་ཤོར་བཞིན་འདུག ལྷོ་ཕྱོགས་གཞིས་ཆགས་ཁག་ཏུ་ RTC ཟེར་བ་ཞིག་འདུག ཡིག་ཆ་དེ་མེད་ན་ལས་ཀ་མང་པོ་ཞིག་འགག་འདུག གནད་དོན་འདི་དག་ཚགས་ཚུད་དུ་གཏོང་རྒྱུ་དང་། གཞོན་སྐྱེས་ཚོར་ལས་ཀའི་གོ་སྐབས་དང་དཔལ་འབྱོར་གྱི་ཡོང་ཁུངས་འཚོལ་རྒྱུ་གལ་ཆེ་ཤོས་སུ་མཐོང་གི་ཡོད།
དྲི་བ། བཙལ་བྱོལ་བོད་མིའི་དཔལ་འབྱོར་གྱི་བརྒྱ་ཆ་ལྔ་བཅུ་ལྷག་ཕྱི་རྒྱལ་གྱི་རོགས་ཚོགས་དང་༧གོང་ས་མཆོག་ལ་བརྟེན་ཡོད། མ་འོངས་པར་རང་ཁ་རང་གསོ་དང་དཔལ་འབྱོར་སྲ་བརྟན་བཟོ་རྒྱུར་ཐབས་ལམ་འདྲ་མཐོང་གི་ཡོད་དམ།
ལན། དཔལ་འབྱོར་བརྟན་པོ་བཟོ་དགོས་ན། ཐོག་མར་མིའི་ནུས་པ་བེད་སྤྱོད་ཡག་པོ་གཏོང་དགོས་ཀྱི་འདུག མིའི་ནུས་པ་ཟེར་བ་དེ་ཡང་དབྱིན་སྐད་ནང་དུ་ Human Resource ཟེར་བ་དེ་རེད། ནུས་པ་འདིའི་སྤུས་ཚད་མཐོ་རུ་བཏང་སྟེ་བེད་སྤྱོད་ཡག་པོ་གཏོང་ཐུབ་པ་ཡིན་ན། རང་བཞིན་གྱིས་དཔལ་འབྱོར་གྱི་གནས་བབ་ཡག་ཏུ་འགྲོ་གི་རེད། ད་ཆར་དང་བླངས་དཔྱ་ཁྲལ་འབུལ་བཞིན་པ་འདི་ཡང་། སོ་སོའི་ཡོང་འབབ་ལ་གཞིགས་ཏེ་འབུལ་མཁན་ཉུང་ཉུང་རེད། སྤྱིར་བཙན་བྱོལ་གཞུང་གི་དཔལ་འབྱོར་གལ་ཆེན་པོ་ཡིན་ཡང་། དེ་བས་གལ་ཆེ་བ་ནི་བོད་མི་སྤྱི་བྱིངས་ཀྱི་དཔལ་འབྱོར་གནས་བབ་དེ་རེད། འདི་གཉིས་ཆ་སྙོམས་ཡོང་དགོས་པ་རེད། དཔལ་འབྱོར་སྒྲུབ་སྟངས་ཞིབ་ཚགས་ཀྱིས་ཞུ་རྒྱུ་མིན། ཡིག་ཐོག་ལ་ཕབ་བཞིན་པ་ཡིན། ཕྱི་ཟླ་ ༡༠ རྗེས་སུ་ས་གནས་ཁག་ལ་སྐད་ཆ་བཤད་དུ་འགྲོ་ཐུབ་ན་བསམ་ཡོད། སྐབས་དེར་ལོ་ལྔའི་རིང་ལ་ག་རེ་བྱ་འདོད་ཡོད་མེད་ཀྱི་ལས་འཆར་འགྲེལ་བཤད་རྒྱག་རྒྱུ་ཡིན།
དྲི་བ། བཀའ་ཤག་སྐབས་སྔོན་མའི་རིང་བོད་པ་ཕྱི་རྒྱལ་དུ་འགྲོ་མཁན་ཚོའི་ཐོག་ལ་སྐད་ཆ་སྣ་ཚོགས་ཤིག་བྱུང་བ་རེད། གལ་སྲིད་ཁྱེད་རང་བཀའ་ཁྲིར་ཐོབ་པ་ཡིན་ན། བོད་པ་སྤྱི་རྒྱལ་དུ་གཏོང་མིན་ཐད་སྲིད་བྱུས་གང་འདྲ་འཛིན་འདོད་ཡོད་དམ།
ལན། བཙན་བྱོལ་དུ་གྱར་བའི་མི་ཆིག་འབུམ་བཞི་ཁྲི་ལྷག་ཡོད་པ་འདི་དག་ཚང་མ་ཕྱི་རྒྱལ་དུ་ཡོད་པ་རེད། འདི་ལ་ཁྱད་པར་ཆེན་པོ་འགྲོ་གི་མེད། འོན་ཀྱང་གཞིས་ཆགས་སྟོང་པ་ཆགས་ཀྱི་འདུག ཕྱི་རྒྱལ་དུ་འགྲོ་ཉན་གི་མི་འདུག་ཟེར་ན་དེ་ངས་རྒྱུ་མཚན་ཡང་དག་ཏུ་མཐོང་གི་མེད། གལ་སྲིད་ཕྱི་རྒྱལ་དུ་ཕྱིན་ན་མི་རིགས་གཙང་མ་འདུག་དཀའ་བ་དང་རྩ་དོན་འཐབ་རྩོད་ཀྱི་ནུས་པ་ཆུང་དུ་འགྲོ་ན། གཞུང་གིས་མ་འགྲོ་རོགས་ཟེར་ནས་འབོད་སྐུལ་ཞུ་རྒྱུ་དེ་རེད། འདས་པའི་ལོ་ལྔ་བཅུར་ཕྱིར་མིག་བལྟས་ན། རྒྱ་བལ་འབྲུག་གསུམ་ཕུད་པའི་ཕྱི་རྒྱལ་ཁག་གི་བོད་མི་ཚོས་བོད་བསྟན་སྲིད་ཐོག་བྱས་རྗེས་ཆེན་པོ་བཞག་ཡོད། གལ་སྲིད་ང་བཀའ་ཁྲིར་ཐོབ་པ་ཡིན་ན། གཞུང་གིས་ཐབས་ལམ་བཙལ་དགོས་པ་རེད་དྲན་ཡོད། འོན་ཀྱང་ཕེབས་སྟངས་ཐད་སྲིད་བྱུས་ཤིག་ཏན་ཏན་དགོས་པ་རེད། ཡང་གཞིས་ཆགས་རང་ལ་གཏོང་བ་མ་ཡིན་པར། རྒྱ་གར་ནང་བལ་གོས་བཙོང་པའི་དུས་ཚིགས་ལྟར། དངུལ་འཚོལ་སྒྲུབ་ཆེད་ཐབས་ལམ་རག་གི་རེད་དྲན་ཡོད།
དྲི་བ། རྒྱ་གར་ནང་གི་བོད་པ་ཚོའི་སྐྱབས་བཅོལ་གྱི་གནས་བབ་སྤྱི་དང་། བྱེ་བྲག་ RC བཅས་ཀྱི་ཐད་དཀའ་ངལ་འཕྲད་ཀྱི་ཡོད་སྟབས། རྒྱ་གར་གཞུང་དང་བོད་པ་སྐྱབས་བཅོལ་བའི་བར་གྱི་འབྲེལ་ལམ་ཡར་རྒྱས་གཏོང་ཐབས་འདྲ་ཡོད་དམ།
ལན། རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་འཁྱེར་ RC འགག་བསྡད་པའི་རིགས་ལ། བཀའ་ཤག་གིས་ཐབས་ཤེས་གནང་གི་ཡོད་པ་དངོས་ཡོད་རེད། འོན་ཀྱང་ RC མ་རག་པའི་རྐྱེན་གྱིས་ཉིན་རེ་འཚོ་བའི་ནང་དཀའ་ངལ་འཕྲད་ཀྱི་ཡོད་པ་དག་གི་དཀའ་ངལ་དེ་སྔོན་ལ་སེལ་དགོས་པ་རེད། ངྷ་རམ་ས་ལ་ལྟ་བུར་མཚོན་ན་ RC མེད་ན་དབུགས་རྫ་དང་Ration Card ཙམ་ཡང་རག་གི་ཡོད་པ་མ་རེད། འདི་ལ་རྒྱ་གར་གཞུང་གི་སྲིད་བྱུས་འགྱུར་བ་གཏོང་མ་ཐུབ་ཀྱང་། འཕྲད་སེལ་གྱི་ཐོག་ནས་མི་དམངས་ཀྱི་དཀའ་ངལ་ཐག་གཅོད་བྱ་ཐུབ་གི་རེད་དྲན་ཡོད། ང་རང་རྒྱ་གར་ནང་འཚར་ལོངས་བྱུང་བ་ཞིག་ཡིན་པ་དང་། འདས་པའི་ལོ་མང་རིང་གཞུང་གི་ལས་ཀ་བྱས་པའི་བརྒྱུད་རིམ་ཁྲོད། རྒྱ་གར་དབུས་དང་ས་གནས་རིམ་པར་འབྲེལ་བ་དང་རྒྱུས་མངའ་གང་འཚམ་ཡོད་པ་རེད། རྒྱ་གར་དང་བོད་མིའི་འབྲེལ་ལམ་ཐད་ངས་མི་གཞན་ལས་ལྷག་པའི་ནུས་པ་འཐོན་ཐུབ་པའི་གདེང་ཚོད་ཡོད།
དྲི་བ། བོད་པའི་རྩ་དོན་འཐབ་རྩོད་ཐད་གཞིས་བྱེས་གཉིས་ཀྱི་འབྲེལ་བ་དེ་ཤིན་ཏུ་གལ་ཆེན་ཆགས་ཀྱི་ཡོད་སྟབས། སྐུ་ཉིད་ལ་བོད་གཞིས་བྱེས་གཉིས་ཀྱི་འབྲེལ་ལམ་རྒྱུན་གནས་དང་ཡར་རྒྱས་གཏོང་ཐབས་སུ་དགོངས་འཆར་གང་འདྲ་ཡོད་དམ།
ལན། བོད་གཞིས་བྱེས་གཉིས་བར་གྱི་ཟམ་པ་ལྟ་བུ་དེ། བོད་ནས་གསར་དུ་ཕེབས་མཁན་ཚོ་ཆགས་ཀྱི་ཡོད། འདི་དག་ལ་ང་ཚོས་མཐུན་འགྱུར་རོགས་རམ་ཆ་ཚང་བ་ཞིག་གནང་ཐུབ་དགོས་པ་རེད། འདི་དག་བརྒྱུད་དེ་བོད་ནང་ལ་ཡང་ཁ་ཡོད་ལག་ཡོད་ཀྱིས་རོགས་རམ་རེ་གནང་ཐུབ་རྒྱུར་ཐབས་ཤེས་བྱ་དགོས། དེང་སྐབས་ཕྱི་རྒྱལ་ཁག་ནས་བོད་ནང་ལ་རོགས་བྱ་རྒྱུར་འདོད་ཆེན་པོ་ཡོད། བཙན་བྱོལ་གཞུང་གི་ངོས་ནས་ད་བར་གཟིགས་རྟོག་གནང་གི་ཡོད་ཀྱང་། འདི་ལས་ལྷག་ཅིག་གནང་ཐུབ་རྒྱུར་དགོངས་པ་བཞེས་དགོས་པ་རེད་དྲན་ཡོད། དམིགས་ཡུལ་ཞིག་དང་སེམས་ཤུགས་ཤིག་གིས་ཡོང་བ་བཤད་མ་དགོས་པ་རེད། ཁོང་ཅག་གི་རྒྱབ་ན་ཕ་མ་གཉེན་ཉེ་དང་ཕུ་ནུ་མིང་སྲིང་ཧ་ཅང་མང་པོ་ཞིག་གིས་རེ་ལྟོས་བྱས་ཡོད། ང་ཚོར་མིའི་ནུས་པ་ཡོད་ཟེར་བ་དེ་ཡང་ངས་གསར་འབྱོར་འདི་དག་གི་སྟེང་དུ་མཐོང་གི་ཡོད། ཆོས་བརྒྱུད་ཁག་གི་བླ་སྤྲུལ་རྣམ་པའི་གཙོས་པའི་བོད་རང་གི་སྐད་ཡིག་རིག་གཞུང་ལ་གཅེས་འཛིན་ཆེ་བའི་ཤེས་ལྡན་པ་ཕལ་མོ་ཆེ་བོད་ནས་ཕེབས་མཁན་རེད།
དྲི་བ། མཇུག་མཐའི་དྲི་བ་ནི། གལ་སྲིད་ཐེངས་འདིར་ཁྱེད་ལ་རྒྱལ་ཁ་མ་ཐོབ་ན་དགོངས་ཚུལ་ག་འདྲ་འཁོར་སྲིད་པ་དང་། གཞུག་ཕྱོགས་ཕྱག་ལས་ག་རེ་གནང་རྒྱུ་དང་ས་གནས་ག་པར་བཞུགས་རྩིས་ཡོད་དམ།
ལན། འདིའི་སྐོར་ལ་ངས་བསམ་བློ་ཞེ་དྲག་བཏང་མེད། སྔོན་མ་སྤྱི་འཐུས་སྐབས་གཉིས་པ་རྫོགས་རྗེས་ང་དང་འབྲེལ་བ་ཡོད་མཁན་ཚོ་བརྒྱུད་དེ་ཕྱི་རྒྱལ་དུ་འགྲོ་རྒྱུའི་གོ་སྐབས་མང་པོ་རག་སོང་། ཚོགས་པ་འདྲ་བཙུགས་ཏེ་ཟླ་རེར་ཧིན་སྒོར་ཆིག་འབུམ་ལྷག་རག་པའི་གོ་སྐབས་ཀྱང་རག་མྱོང་། དེ་འདྲའི་རིགས་ནང་དུ་ད་བར་འཛུལ་ཞུགས་བྱས་མ་མྱོང་ལ། ད་ཆར་གོ་སྐབས་ཤོར་འདུག་སྙམ་པའི་འགྱོད་པ་ཡང་མེད། ཐོག་མ་ནས་གོ་སྐབས་བྱུང་བ་ཡིན་ན་གཞུང་རང་ལ་ཞབས་ཞུ་བསྒྲུབ་འདོད་ཡོད། བཀའ་བློན་ཁྲི་པར་ལངས་རྒྱུ་ཡིན་མིན་གྱི་སྐད་ཆ་ཐོག་མ་བྱུང་སྐབས། ང་དང་བློ་ཐག་ཉེ་བོ་ཡོད་མཁན་ཚོར། ང་ལ་བཀའ་བློན་ཁྲི་པ་ཐོབ་ན་ཡག་པོ་རེད། གལ་སྲིད་མ་ཐོབ་ན། བཀའ་བློན་གཞན་ལ་བསྐོས་ཀྱང་འགྲོ་འདོད་མི་འདུག་ཟེར་ནས་བཤད་མྱོང་། སྐབས་དེར་མང་པོ་ཞིག་གིས་དེ་ལྟར་བཤད་རྒྱུ་ཡོད་པ་མ་རེད། གནས་སྟངས་ལ་བལྟ་དགོས་པ་རེད་ཟེར། དེར་བརྟེན། ད་ལྟའི་སྐབས་སུ་ང་ལ་བཀའ་བློན་ཁྲི་པ་མ་ཐོབ་པ་ཡིན་ན། མ་འོངས་པར་ས་གང་ནས་འདུག་རྒྱུ་དང་། ལས་ཀ་ག་རེ་བྱ་རྒྱུ་ཡིན་མིན་ཐོག་འཆར་གཞི་གསལ་བོ་མེད་ཞུ་རྒྱུ་ཡིན།
མགོ་ན་ཡ་རེད།
ཁྱེད་རང་གིས་གསུང་དོན་ལྟར་ན། ང་བཀའ་བློན་ཁྲི་བའི་འོས་གཞིར་ལངས་པ་ཡིན་ཞེས་གདེང་ཚོད་ལྡན་པའི་སྒོ་ནས་སྐད་ཆ་བཤད་ཀྱིན་འདུག དེ་ནི་དགའ་འོས་པ་ཞིག་རེད་བསམ་གྱི་ཡོད་མོད།
ཡིན་ན་ཡང་། ངས་ཁྱོན་ནས་ཧ་གོ་མ་སོང་། གང་ཡིན་ཟེར་ན། བཀའ་བློན་ཁྲི་བའི་འོས་གཞིར་ལངས་པའི་དགོས་མཚན་གཙོ་བོ་དེ་གང་འདྲ་ཞིག་བཤད་ཀྱི་འདུག་ཟེར་ན། ༸རྒྱལ་བ་རིན་པོ་ཆེ་གཙོ་བའི་བོད་མི་ས་ཡ་དྲུག་གི་ཞབས་མ་འདྲ་ཞིག་སྒྲུབ་འདོད་ཡོད་ཟེར་ལས་གཞན་དམིགས་བསལ་གང་ཡང་བཤད་ཀྱི་་མི་འདུག དེ་ཙམ་གྱི་བཀའ་བློན་ཁྲི་བའི་འོས་གཞིར་ལངས་ཀྱིན་ཡིན་ཟེར་ན་ཅུང་ཐལ་པའི་གནས་མ་ཡིན་ནམ། རྒྱུ་མཚན། སྔོན་ཆེད་ཁྱེད་ཀྱི་གཞུང་དོན་སྒྲུབ་སྟེ་ཕལ་ཆེེར་ལོ་ངོ་མང་པོ་ཞིག་ཕྱིན་ཟིན་པ་རེད། འདས་པའི་ལོ་ངོ་དེ་དག་གི་རིང་ལ་ཁྱེད་ཀྱི་དོན་གནད་གལ་ཅན་གྱི་བོད་དོན་སྒྲུབ་མེད་དམ། གལ་སྲིད་སྒྲུབ་ཡོད་ཟེར་ན། བོད་པའི་ཞབས་ཞུ་སྒྲུབ་འདོད་ཡོད་ཟེར་བ་ཙམ་གྱི་ག་ལ་ཆོག སྔོན་ཆེད་སྒྲུབ་མེད་པ་ད་ལྟ་སྒྲུབ་འདི་དང་འདི་ཞེས་མང་པོ་བགྲངས་ཀྱང་དོན་ལ་གནས་མ་ཐུབ་ན་ག་ལ་ཕན། འདས་པའི་སྤྱི་འཐུས་ཀྱི་ལོ་ངོ་དེ་དག་འཕྲོ་བརླགས་མ་རེད་དམ། ང་ཚོའི་བོད་པའི་གཏམ་དཔེ་འདི་འདྲ་ཞིག་ཡོད་ཚིག་ཤོར་ལ་འཛིན་མེད་དང་། རྟ་ཤོར་ལ་འཛིན་ཡོད་ཟེར་དཔེ་ལྟར། ཚིག་མཐོ་བོ་སྔོན་ལ་མ་བཤད།
དོན་བརྗིད་པོ་རྗེས་ནས་འོངས་ཞེས་པའི་དཔེར་བརྗོད་གནད་དུ་ཁེལ་བ་དེ་དག་ཡིད་ལ་བརྟན་པར་འཇུས་པ་ཡིན་ཕན་པ་ཧ་ཅང་ཆེན་པོ་ཡོད་བསམ་གྱིན་ཡོད། བདེན་གཙོ་བོ་རང་ཉིད་ལ་ཐུག་ཡོད།
བཀུར་འོས་ཚོགས་གཞོན་མཆོག་འདི་ལྟར་བཀའ་ཁྲིར་ལངས་པར་དགའ་བསུ་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སེམས་བསམ་པའི་གཏིང་ནས་དགའ་སྤྲོ་དང་རྗེས་སུ་ཡི་རང་ཡོད།
ལྷག་པར་ཕྱག་ལས་ཀྱི་ཐོག་ཏུ་གྲ་སྒྲིག་གང་འཚམ་གནང་བཞིན་པ་ནི་བསྔགས་འོས་སུ་མཐོང༌། གལ་གནད་ཅན་གཅིག་ནི། བཀའ་བློན་ཕྱག་རོགས་སུ་དང་སུ་ཕེབས་མིན་དེ་རེད།
མཆན་བུ་བ་སྐོར་ཞིག་གིས་དོན་མེད་དུ་སྐད་ཅོར་འགའ་རྒྱབ་འདུག དེ་ནི་གནང་སྟངས་ཡག་པོ་ཞིག་མ་རེད། གལ་སྲིད་ཁོང་མོའི་ལས་འཆར་གྱི་ཐོག་ལ་བསམ་ཚུལ་མི་མཐུན་པའམ་སྐྱོན་དང་མི་འགྲིག་པ་ཡོད་ན་དེ་འགྲིག་གི་མི་འདུག འདི་འགྲིག་གི་མི་འདུག་ཅེས་རེ་རེ་བཞིན་གསུང་དགོས་པ་ལས། རྒྱུ་མཚན་སྤུ་ཙམ་ཡང་སྟོན་རྒྱུ་མེད་པར་ཁྱོད་ཀྱིས་བཀའ་ཁྲི་ཡོང་གི་མ་རེད་ཟེར་བ་ནི་ན་ཚ་གཞན་ཞིག་ལ་ངོས་འཛིན་ཞུ་རྒྱུ་ལས། ལྷག་བསམ་དང་དྲང་བདེན་གྱི་སྐད་ཆ་ཞིག་ཏུ་མཐོང་མི་ཐུབ།
རྒྱ་གར་རྒྱ་ནག་ལ་ཞེད་པ་བདེན་དུ་ཆུག་ཀྱང༌། བོད་མི་བཙན་བྱོལ་བ་འབུམ་གཅིག་དང་ཕྱེད་ཀའི་འཚོ་བ་དང༌། འཐབ་རྩོད་ཀྱི་ནུས་པ། སྒྲིག་འཛུགས་ཁག་བཅས་རྒྱ་གར་གྱི་ས་ཐོག་རང་ནས་ཡར་རྒྱས་དང་ནུས་ཤུགས་ཅན་དུ་གཏོང་དགོས་ཀྱི་ཡོད་དུས་འབྲེལ་བ་འདི་ཡང་ཆུང་ཆུང་ཞིག་དང་ཕན་མེད་ཅིག་ཏུ་བསམ་མི་འོས།
སྤྱི་ཡོངས་ནས་བལྟས་ན་འདས་ཟིན་པའི་སྐུ་དྲག་དག་གི་ལོ་རྒྱུས་ནི་རྒྱ་གུང་ཁྲན་གྱིས་བཤད་པ་བཞིན་ནག་རྐྱང་ཞིག་ནི་རྩ་བ་ནས་མ་རེད་བསམ་གྱི་ཡོད།
ཕྱོགས་འཐེན་གྱི་སྐད་ཆའི་རིགས་ཀྱིས་ནམ་ཡང་དཀའ་ངལ་སེལ་ཐུབ་ཐབས་མེད་པས་སོ་སོས་སོ་སོ་བདག་པོ་རྒྱག་རྒྱུ་ནི་གནད་ཀྱི་དམ་པའོ༎
དྲི་བ་ཧ་ཅང་ཡག་པོ་བཏང་འདུག འདི་འདྲིའི་རིགས་ཀྱི་དྲི་བ་མང་ཙམ་གཏོང་རྒྱུ་ཧ་ཅང་གལ་ཆེན་ཆགས་འདུག རྒྱ་རིལ་སྒྲོལ་མར་བཀའ་བློན་ཁྲི་བ་མ་ཐོབ་ཚེ་བཀའ་བློན་གཞན་དང་སྤྱི་འཐུས་བྱེད་ཀྱི་མིན་པའི་བསམ་ཚུལ་ཡོད་པ་འདིས་དོན་དངོས་ཐོག་ཐོབ་དང་གོ་ས་སོགས་ཆབ་སྲིད་ཀྱི་དགོས་དབང་ཞིག་གི་ཆེད་དུ་ཡིན་པ་ལས་བོད་མི་མང་ལ་ལྷག་བསམ་དག་པས་ཞབས་ཞུ་སྒྲུབ་འདོད་མེད་པ་གསལ་བོ་རེད་འདུག སྐུ་དྲག་རང་ལུགས་ཀྱི་འདོད་ངམ་དང་ང་རྒྱལ་གྱིས་ཁེངས་པའི་མི་འདི་ཚོས་ཉམས་ཆུང་གི་བོད་མི་ཚོ་མཐོང་སྲིད་མིན་འདས་ཟིན་པའི་བོད་མིའི་སྐུ་དྲག་དག་གི་ལོ་རྒྱུས་ལ་ལྟོས་དང་གསལ་བོར་ཤེས་ངེས་རེད། རྒྱ་རིལ་སྒྲོལ་མར་འདས་ཟིན་ལོ་ཟླའི་ནང་གི་བྱས་རྗེས་འདི་ཡིན་ཞེས་གང་ཡང་མེད་པ་མ་ཟད་བོད་མིའི་ཆོས་དང་རིགས་གནས་ཕྱོགས་ཀྱི་ཤེས་རྟོག་ཡང་མེད་པར་བཀའ་བློན་ཁྲི་བར་ལངས་བཞིན་པ་འདི་ཡང་སྐུ་དྲག་རང་ལུགས་ཀྱི་ང་རྒྱལ་ཡིན་ལ་བླ་མ་དང་སྤྲུལ་སྐུ་ཚོར་སྟོབས་སྔགས་བྱེད་བཞིན་པ་འདི་སྐུ་དྲག་ཚོས་གཡོ་ཅུས་ཡིན། དྲི་ལེན་འདི་དག་ལས་རྒྱ་རིལ་སྒྲོལ་མ་རྒྱ་གར་མི་སེར་ཡིན་པས་རྒྱ་གར་དང་འབྲེལ་ལམ་ཆེ་ཚུལ་ལས་བོད་མིའི་ ཆོས། སྲིད། རིག་གནས། དཔལ་འབྱོར་བཅས་ཀྱི་ཕྱོགས་ལ་འཛིན་རིམ་བཅུ་བའི་སློབ་ཕྲུག་གི་ཤེས་ཚད་ཙམ་ཡང་མི་འདུག་པ་གསལ་པོར་ལྟན་འདུག
རྒྱ་རི་སྒྲོལ་མ་ལགས་ཀྱིས་ཕྱི་ཟླ་ ༡༠ པའི་རྗེས་ལ་གཞིས་ཆགས་ཁག་ལ་སྐོར་སྐྱོད་དུ་འགྲོ་འཆར་ཡོད་པ་གསུངས་པར་བལྟས་ན། ཞལ་འཁྲུགས་པ་ཡིན་ནམ། ལྐོག་གི་དགོངས་བཞེས་གཞན་ཞིག་ཡོད་མེད་ཆ་མ་རྟོགས། འོན་ཀྱང་མི་གསུམ་པ་ཞིག་གིས་བལྟས་ན། སྔོན་འགྲོའི་འོས་གཞི་མ་བླུག་སྔོན་ལ་འགྲོ་དགོས་པའི་གནད་དུ་མཐོང་ངེས་ཡིན། གསར་འགོད་པར་དེའི་སྐབས་སུ་རྣམ་རྟོག་དེ་སྐྱེས་མེད་པ་འདྲ། དེ་མིན་འཕྲལ་དུ་དེ་དང་འབྲེལ་བའི་དྲི་ཐུང་ཞིག་འབུལ་དགོས་པ་ཆགས་འདུག
གལ་ཏེ་རྒྱ་རི་སྒྲོལ་མ་ལགས་བཀའ་བློན་ཁྲི་པར་ཕེབས་པ་ཡིན་ན། ད་ལྟ་གཞུང་གི་ངོས་ལེན་མེད་པའི་མདོ་སྟོད་ཆུ་སྒང་གསར་པ་ཟེར་བ་ཁོ་ཚོར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཉེས་ཆད་ཕོག་ཀྱང་ཁས་ལེན་མ་བྱས་མཁན་ཕུ་པ་ཚེ་རིང་སྟོབས་རྒྱལ་དང༌། ཐུབ་བསྟན་ལེགས་བཤད། སོག་ཞབས་དྲུང༌། དབང་གྲགས་མགོན་པོ། ཀླུ་ཁྲི་འཆི་མེད་ཟེར་བ་སོགས་མི་ ༦ བོད་ཀྱི་ཡུལ་མི་ཐོབ་ཐང་འཕྲོག་པ་དང་ཕྱིར་འབུད་བྱེད་ཟིན་པ་དེར་རྣམས་གཞུང་གི་ངོས་ལེན་ཡོད་པའི་ཚོགས་པ་ཞིག་ཆག་འགྲོ། དེ་དུས་ཡང་ང་ཚང་བོད་མི་ནང་ལ་ཡང་རྙོག་གྲ་ཞིག་མགོ་འཛུགས་པ་མ་རེད་པས།
ཁྱོད་ཀྱིས་བཀའ་བློན་ཁྲི་པའི་ལས་འགན་འཁུར་ཐུབ་བམ། ཟེར་བའི་དྲི་བ་དེར་ཡག་པོ་འདུག།
ལྕམ་སྐུ་རྒྱ་རི་སྒྲོལ་མ་མཆོག་གི་དགོངས་གཞི་དང་། ལས་དོན་བྱེད་ཕྱོགས་མང་པོ་ཞིག་ལ་རྒྱུས་ལོན་བྱས་མྱོང་། ལྷག་པར་ཏུ་གུ་ཡངས་ཀྱི་ལྟ་བ་དང་། ཧུར་བརྩོན་གྱི་རང་བཞིན། གཅིག་གྱུར་གྱི་འདུ་ཤེས། མཐོ་ས་ལ་གཏུག་ཕོད་པ་དང་། དམའ་ས་ལ་བྱམས་ཆེ་བའི་སྤྱོད་ཚུལ་དག་ནི་ཆེས་བློ་ངོར་འགྲོ་ཤོས་ཡིན།
སྤྱི་ཚོགས་འུར་ཟིང་ཚ་བོ་འདིའི་ཁྲོད་ན་མི་ཐུན་མོང་གི་ལྟ་ཚུལ་གཅིག་པ་མིན་པ་དང་། བསམ་ཚུལ་ཁ་ཁ་ཡིན་པས་སྐྱོན་བརྗོད་བྱེད་མཁན་རེ་ཟུང་ཡོད་ངེས་ཀྱང་། སྐྱོན་བརྗོད་མེད་ན་གཟབ་ནན་མེད་པ་དང་། གཟབ་ནན་མེད་ན་ཡར་རྒྱས་མེད་པ་འདི་ལྕམ་སྐུ་མཆོག་གིས་བསླབ་བྱར་བསྒོམ་འོས།
བོད་ཀྱི་བཀའ་བློན་ཁྲི་བར་གཞེངས་བཞིན་པའི་ཕྱག་རོགས་ཚང་མའི་ལྷག་བསམ་དང་། སྙིང་སྟོབས། ཡིད་ཆེས་བཅས་ལ་བདག་གིས་གུས་བརྩི་ཞུ་བ་དང་། འོས་བསྡུའི་འགྲན་བསྡུར་ཁྱོད་ནས་སྐུ་ཉིད་ལ་རྒྱལ་ཁ་ཐོབ་པའི་རེ་བ་དང་སྨོན་ལམ་ཡང་ཞུ་རྒྱུ་ཡིན།
མི་སུ་འདྲ་ཞིག་ཡིན་རུང་༧གོང་ས་མཆོག་ལ་ཞབས་ཞུ་ཚད་ལྡན་ཞིག་ཞུ་ཐུབ་པ་ཁག་པོ་རེད་བསམ། ངས་ཀྱང་ཞབས་ཞུ་ཚད་ལྡན་ཞིག་ཞུ་ཐུབ་ཅེས་ཞུ་མི་ནུས། འོན་ཀྱང་རང་གི་གང་ནུས་ཀྱིས་འབད་དགོས་པ་དེ་གཡོལ་ཏུ་མེད་པ་ཞིག་རེད། མི་སུ་ཞིག་བཀའ་ཁྲི་ལ་ཕེབས་ཀྱང་༧ གོང་ས་མཆོག་གི་ལམ་སྟོན་དང་གྲོས་ཚོགས་ཀྱིས་ཐག་གཅོད་ལ་གུས་བཀུར་ཞུ་དགོས་པ་རེད། བཀྲས་མཐོང་རང་གིས་གསུངས་དང་སྔོན་བཀའ་ཁྲའི་ཕྱག་ལས་འཇུགས་སྐྱོང་མ་ཐུབ་པ་ལ་ལྟོས་ན་ཁོང་གིས་༧གོང་ས་མཆོག་དང་མི་དམངས་ལ་ཞབས་ཞུ་ཚད་ལྡན་ཞིག་ཞུ་ཐུབ་མེད་པ་དེ་ཕྱི་གསལ་ནང་གསལ་རེད། མ་འོང་པ་ཁོང་བཀའ་ཁྲི་ཐོབ་ན་ག་འདྲ་ཆག་འགྲོ།
གོང་གི་དྲི་བ་དྲིས་ལན་དེ་ཚོ་དངོས་གནས་ཡ་མཚན་ཆེ་ཁུ། དེ་འདྲ་ཞིག་མིན་ན་རྟེན་བུ་མེད་ཞིག་གིས་ཁ་ནས་ཁ་ཕོད་ག་ནས་སྒྲོགས་ག་ལ་ནུས། ཁྱེད་རྣམས་ཀྱིས་གཟིགས་དང་ད་སྔོན་ལོ་མང་འདི་འདྲའི་རིང་ལ་བྱུང་མྱོང་མེད་པའི་གནས་ཚུལ་བོད་སྤྱི་འཚོགས་ཆུང་ངུ་ཞིག་གི་ནང་ལ་དམངས་གཙོ་ལམ་ལུགས་ཚད་ལྡན་ཡོད་པའི་རྟགས་མཚན་གསལ་པོར་མངོན་ཐུབ་པ་དེ་དགེ་མཚན་ཆེ།།
རྒྱ་རི་སྒྲོལ་མ་མཆོག་གིས། ང་ལ་བཀའ་བློན་ཁྲི་པ་ཐོབ་ན་ཡག་པོ་རེད། གལ་སྲིད་མ་ཐོབ་ན། བཀའ་བློན་གཞན་ལ་བསྐོས་ཀྱང་འགྲོ་འདོད་མི་འདུག་ཟེར་ནས་བཤད་མྱོང་། ཞེས་བརྗོད་འདུག་ལ། ཡང་བཀའ་བློན་ཁྲི་པ་བྱེད་རྒྱུ་དེ་གཞུང་ལ་ཞབས་ཕྱི་ཞུ་འདོད་ཁོ་ན་ཡིན་སྐོར་བྲིས། དེ་གཉིས་ཅུང་མ་མཐུན་པ་འདུག ད་དུང་བཀའ་ཁྲི་མ་ཐོབ་ལས་ཀ་གང་བྱེད་ཀྱི་ཡིན་ཐག་ཆོད་མེད་སྐོར་འདུག
དངོས་གནས་ཞབས་ཕྱི་ཞུ་འདོད་ཁོ་ན་ཡིན་ན། བཀའ་ཁྲིར་མ་ཐོབ་རྗེས་བཀའ་བློན་གཞན་དུ་བསྐོས་ན་ཁུར་དགོས་པ་རེད། ཡང་ན་དེ་འདྲ་བའི་བོད་དོན་གྱི་ལས་གཞི་ཞིག་དགོས་པ་རེད།
དྲ་གྲོགས་ཁག་ཅིག་གིས་མདོ་སྟོད་ནང་ཁུལ་གྱི་རྙོག་གྲ་གཙང་མ་བཟོ་ཐུབ་མིན་འཁོད་འདུག དེ་ཁག་པོ་རེད། རྙོག་གྲ་དེ་བཟོ་མཁན་གཙོ་བོ་གཅིག་རྒྱ་རི་ཚང་རེད། དེ་བཞིན་འདི་མདོ་སྟོད་གཅིག་པུ་རྙོག་གྲ་ཞིག་མ་ཡིན་པར། ཕྱོགས་གཉིས་ཀྱི་རྒྱབ་རྩ་ན། དབུས་གཙང་དང་མདོ་སྨད་ཀྱང་ཡོད་པས། དངོས་གནས་གཙང་མ་བྱེད་འདོད་ན་ཞིབ་བཤེར་དགོས་པ་རེད་སྙམ། དྲ་གྲོགས་ཚོས་ཐུགས་བསམ་བཞེས་དང། ད་དུང་གཞུང་གི་ངོས་ལེན་མེད་པའི་མདོ་སྟོད་ཀྱི་ཚོགས་པ་དེར་མདོ་སྨད་དང་དབུས་གཙང་གི་གནད་ཡོད་མི་སྣ་ཚོའི་རྒྱབ་སྐྱོར་ཤུགས་ཆེན་ཡོད། དཀྲོག་གཏམ་བཤད་པ་མིན། ཚོགས་པ་ཁག་གི་སྤྱི་འཐུས་འོས་གཞི་བཀྲམ་སྟངས། ཡང་ཚོགས་པ་ཁག་ཅིག་མཉམ་འབྲེལ་བྱེད་སྟངས་ཀྱིས་མཚོན་ཐུབ།
གསར་འགོད་པས་དྲི་བ་ཡག་པོ་ཕུལ་འདུག་ཀྱང་ལན་ལ་ཞིབ་མོར་བསམ་ན་ལྕམ་རྒྱ་རི་སྒྲོན་མ་ལགས་ལ་རྣམ་དཔྱོད་དང་སྤོབས་པ་དེ་ཙམ་ཡོད་པ་མཐོང་མ་སོང་། རང་ཉིད་སྐྱེས་པ་ཞིག་ཡིན་ཡང་བུད་མེད་ཐོབ་ཐང་ལ་རྒྱབ་སྐྱོར་དང་འགན་ཁུར་ཞུ་མཁན་ཞིག་ཡིན་པས་གོང་གི་སྐད་ཆ་དེ་ཕྱོགས་ལྷུག་གི་དབང་དུ་བཏང་མེད།
དེང་སང་འཛམ་གླིང་ཧྲིལ་པོས་རྒྱ་ནག་ལ་སྐྲག་བཞིན་པར་དེ་དང་སྟུན་གང་ཐུབ་ཀྱི་རྒྱ་ནག་ནི་འཛམ་བུ་གླིང་གི་རྡུལ་ཕྲན་མཚོན་ཆ་ཕྱུག་ཤོས་རེད། སྐབས་རེ་རྒྱ་ནག་གི་རྫིོག་རྫིག་རེ་དང་དམག་སྦྱོང་རེ་བྱེད་དུས་རྒྱ་གར་ནི་ར་བསད་དུས་ལུག་འདར་བ་བཞིན་གང་ལྟར་རྒྱ་ནག་ལ་ཞེད་ཐག་ཆོད་ཀྱིན་ཡོད་ཕ་དངོས་ཡོད་གནས་ཚུལ་རེད། དེར་བརྟེན་རྒྱ་རི་སྒྲོལ་མ་ལགས་རྒྱ་གར་དང་འབྲེལ་བ་ཇི་ཙམ་བཟང་ན་ཡང་ཁོང་གི་རྒྱབ་རྟེན་རྒྱ་གར་དང་ཁོང་གཉིས་ཀ་ཞེད་དགོས་ས་ནི་རྒྱ་ནག་ཡིན་པ་ཐག་གི་ཆོད།
ཨ་ཨ་ཨ་དྲི་བ་ཟེར་ནོ་རེད། ད་ལྟའི་བར་དུས་བབས་གསར་འགོད་པས་དྲི་བ་མང་དག་ཅིག་མི་འདྲ་མིན་ལ་དྲིས་ཡོད་ཀྱང་། དྲི་བ་འདི་འདྲ་ཞིག་མཐོང་མྱོང་མེད། སྐུ་ཞབས་དོན་བཀྲ་ལགས། ངོ་མ་བཀའ་དྲིན་ཆེ། གསར་འགོད་པ་ཟེར་ནོ་རེད།
ལུང་རིགས་མེད་ཤུལ་ནས་མཆན་བུ་འབྲེལ་མེད་དག་ལའང་རང་དབང་ཐོབ་འདུག་གཱ འདིར་བཀའ་ཁྲིའི་སྐོར་ལ་བཅར་འདྲི་ཡག་པོ་ཞིག་བྱས་འདུག་པར་བགྲོ་གླེང་ངམ་བསམ་ཚུལ་ཡོད་ན་ལས། གཞན་དེ་ཚོ་རང་སོ་སོའི་ཟིན་བྲིས་ནས་བཞག་ན་ཅི་འདྲ་འདུག ད་དྲ་བདག་ཡང་མེད་པ་ག་ལ་ཡིན།
བཅར་འདྲི་ཡོངས་རྫོགས་ཞིབ་ཏུ་བཀླགས་པ་ཡིན། གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ཀྱིས་དྲི་བ་ཧ་ཅང་གནད་འགག་ཅན་འགའ་བཏང་འདུག འབྱུང་འགྱུར་བཀའ་ཤག་སྐབས་བཅུ་བཞི་བའི་བཀའ་བློན་ཁྲི་པའི་འགན་འཁྲི་དང་། བོད་རྒྱའི་གནད་དང་། བཙན་བྱོལ་བོད་མིའི་ཆབ་དཔལ་རིག་གསུམ་སོགས་དྲི་བ་དེ་དག་གི་ནང་མ་ཚུད་པ་ཞིག་མི་འདུག་དྲན་སོང་། འོན་ཀྱང་། རྒྱ་རི་སྒྲོལ་མར་འཐེན་ནས་སྐྱེ་རྒྱུ་མི་འདུག བཙིར་ནས་ཡོང་རྒྱུ་མི་འདུག
ཆབ་སྲིད་ཀྱི་ཟློས་གར་ལ་ལྟད་མོ་འདུག དངོས་ཉིད་བྱས་ན་དང་ཐོག་མདོ་སྟོད་ཆིག་སྒྲིལ་བཟོ་རྒྱུའི་འཆར་གཞི་ཞིག་བཞེས་རོགས་གནང་དེ་ནས་ང་ཚོ་ཁྱེད་ལ་རྒྱབ་སྐྱོར་ཅི་དགོས་ལྟ་རྒྱུ་ཡིན།
གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ཀྱིས་རྒྱ་རི་སྒྲོལ་མ་ཕྱིར་སློག་འདུག རྒྱ་མའི་མིག་ལ་བཞག་སྟེ་རྗིད་ཁོག་ཡོད་ཚད་བཀྱགས་འདུག
སྲས་མོ་ལགས།
ཁྱོད་རང་བཞེངས་དང་ལོས་ཆོག
འོན་ཀྱང་ལས་དག་པའི་སྐུ་སྲས་ཚོར
མ་དག་པ་གཟིགས་པའི་སྤྱན་མིག་ནི
སྔར་བྱས་ཀྱི་བསོད་ནམས་ཀྱིས་མ་གྲུབ་པས
རྐུབ་སྟེགས་མཐོན་པོ་དེ་རུ་ཁྱོད་རང་བཞུགས་ན
གང་ཡང་ལྟད་སོ་མེད་པའི་སྤྲང་འཁྱམས་ཚོ
མཐོང་ཨེ་ཡོང་ན་སྙམ་ནས་ང་རང་ཧ་ཅང་འཇིགས
འཇིགས་སྐྲག་དེའི་དབང་གིས
ངས་ཁྱོད་ལ་དགོངས་དག་ཞུ
ཁྱོད་རང་གཞུང་ཟས་ཀྱིས་ཟུར་ནས་གསོས་སྟབས
སྐུ་ཤ་རྒྱག་པ་དེ་ད་ནི་མི་ཐེག་པའི་ཚད་དུ་སླེབས་ཟིན་འདུག
དེས་ན་ཁྱོད་ཀྱིས་རང་གཟུགས་འདོམ་གང་དེ
ཐེག་དཀའ་ན་སྤྱི་དོན་ལ་ཐུགས་ཁུར་མཛད་ནས་གང་ཡོང
གོ་ཨེ་བྱུང
ཁྱོད་ཀྱིས་བཀའ་བློན་ཁྲི་པའི་ལས་འགན་འཁུར་ཐུབ་བམ།
མདོ་སྟོད་མི་མང་མཐུན་སྒྲིལ་གྱི་འགན་ཁུར་ཐུབ་བམ།
བཀུར་འོས་སྤྱི་འཐུས་ཚོགས་གཞོན་མཆོག་གིས་མ་འོང་པའི་ལས་འཆར་ཐོག་དྲི་ལན་གནང་ཕྱོགས་ལ་དགའ་སྤོབས་སྐྱེས་བ་དང་ཡི་རང་ཞུ་རྒྱུ་མ་ཟད་གོང་ས་མཆོག་གི་བཀའ་སློབ་སྔ་རྗེས་མངཔོ་ནང་གཞོན་སྐྱེས་ཞིག་དང་བྱུང་ན་བུད་མེད་ཞིག་བཀའ་ཁྲི་ལ་སླེབས་རྒྱུའི་ཐུགས་རེ་ཆེན་པོ་ཡོད་པ་གསལ་པོ་ཆགས་ཡོད་པ་དངདེ་རིང་ཚོགས་གཞོན་མཆོག་གིས་གཏམ་བཤད་ལ་བརྟེན་ནས་བཀའ་ཁྲི་འོས་མིར་ཕེབས་མཁན་གཞན་ལས་ལྷག་པའི་སྤོབས་པ་དང་གདེང་ཚོད་སེམས་ཤུགས་ཡོད་པ་རྟོགས་ཐུབ་པ་དང་
གོང་ས་མཆོག་གི་ཐུགས་རེ་བཅོལ་ཡུལ་ཡང་ཁྱེད་ལྟ་བུའི་བུད་མེད་ཞིག་ཡིན་པ་ནི་སྨོས་མ་དགོས་པས་དྲང་བདེན་དང་བསམ་ཤེས་ཅན་ཞིག་ཡིན་ན་གོང་ས་མཆོག་གི་དགོངས་དོན་དང་ལེན་ཐོག་བཀའ་བཞིན་བསྒྲུབས་པའི་མཆོད་པར་ཚོགས་གཞོན་མཆོག་འོས་འདེམས་བྱ་ངེས་ལགས། བཀྲ་ཤིས་བདེ་ལེགས་ཞུ།
ཆེས་མཆོག་ཏུ་བཀུར་བར་འོས་བའི་རྒྱ་རི་སྒྲོལ་མས་འདི་ལྟར་བཤད་པ་ནི་དོན་ལ་གནས་པའི་སྐད་ཆ་ངོ་མ་དེ་རེད། བཀའ་དྲིན་ཆེ་ཞུ།