བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་སུ་བཅར་འདྲི་ཞིག་གི་སྐབས་སུ། ཁོང་གིས་རང་ཐག་རང་གཅོད་ཀྱི་གནས་དོན་འདི་མི་རེ་གཉིས་ཀྱི་བསམ་ཚུལ་དང་ཆབ་སྲིད་ལངས་ཕྱོགས་ཀྱི་བསམ་ཚུལ་ཞིག་མིན། རང་ཐག་རང་གཅོད་ནི་རྒྱལ་སྤྱིའི་ཁྲིམས་སྲོལ་གྱི་ལྟ་བ་ཞིག་དང༌། རང་བཞིན་གྱི་བོད་མི་རིགས་ལ་ཁྱབ་པའི་གནས་དོན་ཞིག་ཡིན། དེ་འདྲ་སོང་ཙང་བོད་ཀྱི་རྩ་དོན་སྒྲུབ་ཆེད་རང་ཐག་རང་གཅོད་ཀྱི་གནས་དོན་འདི་འབྲེལ་བ་ཡོད་པ་ཞིག་བཟོ་ཐུབ་ན་དགེ་ལས་སྐྱོན་དུ་མ་མཐོང༌ཞེས་གསུངས་ཡོད།
དྲི་བ། བོད་པའི་སྤྱི་ཚོགས་ཁྲོད་སྐུ་ཉིད་སྐབས་བཅུ་བཞི་པའི་བཀའ་བློན་ཁྲི་པའི་འོས་གཞིར་ལངས་རྒྱུར་རེ་བ་བྱེད་ཀྱི་འདུག སྐུ་ཉིད་ལ་དེའི་ཐད་གྲ་སྒྲིག་ཨང་གསར་ཡོད་དམ།
ལན། ང་ཚོའི་ཆོལ་གསུམ་ཚོགས་པ་ཁག་དང༌། ཆབ་སྲིད་ཀྱི་ཚོགས་པ། མི་སྒེར་པ་ཁག་བཅས་ནས་གུས་རང་བཀའ་བློན་ཁྲི་པའི་སྔོན་འགྲོ་འོས་གཞིའི་མི་འགྲོ་ཁོངས་བཏོན་གནང་བར་མང་ཚོགས་ནས་གུས་པར་ཐུགས་རེ་གནང་གི་ཡོད་པར་ངོས་འཛིན་ཞུ་གིན་ཡོད། དམངས་གཙོའི་ལམ་སྲོལ་ཐོག་ནས་སྔོན་འགྲོའི་འོས་བསྡུ་སྐབས་ས་གནས་ས་ཐོག་ནས་བཀའ་བློན་ཁྲི་པའི་འོས་མི་མང་པོ་འཐོན་ཡོང་རྒྱུ་སོང༌། དེའི་ཐོག་ནས་མང་ཚོགས་ཀྱི་དོན་དམ་པའི་རྒྱབ་སྐྱོར་ཡོད་མེད་གསལ་པོ་མཚོན་ཐུབ་ཀྱི་རེད། དེ་ལ་རིན་ཐང་རྩིས་ཏེ་ངོས་འཛིན་ཞུ་རྒྱུ་ཡིན།
དྲི་བ། སྐུ་ཉིད་ནི་བཀའ་བློན་ཁྲི་པའི་སྲིད་སྟེགས་ལ་བཞུགས་མྱོང་མཁན་གྱི་བཀའ་བློན་ཁྲི་ཟུར་ཅིག་རེད། དེ་བས་ད་ཐེངས་སླར་ཡང་བཀའ་ཁྲིར་ཕེབས་ཡོང་སྟེ་སྔར་དང་མི་འདྲ་བའི་ནུས་པ་ཞིག་འབུལ་ཐུབ་རྒྱུ་རེད་དམ།
ལན། དེ་སྔོན་བཀའ་ཤག་ཏུ་ཞབས་ཞུ་སྐབས་བཀའ་བློན་ཡོངས་ནས་ཐུགས་འགན་མཉམ་བཞེས་དང༌། ཐག་གཅོད་ཇི་འདྲ་ཞིག་གནང་རུང་བཀའ་བློན་ཚང་མའི་དགོངས་པ་མཐུན་དགོས་པ་ཡིན། ད་ཆ་བཀའ་བློན་ཁྲི་པ་མང་ཚོགས་ཀྱི་འོས་འདེམས་གནང་བ་ཡིན་སྟབས་འགན་དབང་ཆ་ཚང་བཀའ་བློན་ཁྲི་པར་ཡོད། དེ་འདྲ་སོང་ཙང་ལས་དོན་ཐག་གཅོད་མྱུར་བ་དང་ཚགས་ཚུད་ཡོང་ངེས་རེད། ཡིན་ནའང་མི་འདྲ་བའི་ནུས་པ་ཞིག་འབུལ་ཐུབ་མིན་ཞུ་མི་ཐུབ།
དྲི་བ། ད་ལྟའི་བཀའ་ཁྲི་ལས་ཐོགས་ཟམ་གདོང་རིན་པོ་ཆེ་མཆོག་གི་སྐབས་གཉིས་རིང་གི་ཕྱག་ལས་དག་གི་ཐད་འདོད་བློ་ཁེངས་དང་མ་ཁེངས་པ་དེ་འདྲ་ཡོད་དམ།
ལན། གུས་ཙམ་མ་ཡིན་པར་སྐབས་བཅུ་བཞི་པའི་བཀའ་བློན་ཁྲི་པའི་འོས་གཞིར་ཕེབས་མཁན་ཚང་མས་ད་ལྟའི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཕྱག་ལས་འགན་འཁུར་གང་བཞེས་པ་རྣམས་ལ་འགྲིག་དང་མ་འགྲིག་པའི་གནས་ཚུལ་མང་ཚོགས་ལ་འགྲེལ་བཤད་ཞུས་ན་འོས་བབ་ཞིག་མ་མཐོང༌། བཀའ་བློན་ཁྲི་པས་ལས་དོན་སྒྲུབ་དང་མ་བསྒྲུབ་རིམ་པས་ཉམས་ཞིབ་བྱེད་མཁན་དང༌། གསར་འཕྲིན་ཁགརྒྱབ་རབས་ལོ་རྒྱུས་ཐོག་ནས་རང་བཞིན་གྱི་ཁ་གསལ་ཡོང་གི་རེད།
དྲི་བ། གལ་སྲིད་སྐུ་ཉིད་བཀའ་བློན་ཁྲི་པར་ཕེབས་པ་ཡིན་ན་སྐུ་ཉིད་ཀྱི་བཀའ་བློན་ལས་རོགས་རྣམ་པ་ད་ལྟ་ནས་དམིགས་འབེན་ཡོད་དམ།ཡོད་ན་སུ་དག་ཡིན།
ལན། ད་ལྟའི་ཆར་བཀའ་བློན་ཁྲི་པའི་ལས་རོགས་སུ་ཕེབས་འདི་ཡིན་གསལ་པོ་གང་ཡང་ཞུ་རྒྱུ་མེད། འོན་ཀྱང་བོད་པའི་སྤྱི་ཚོགས་ནང་དང༌། ལྷག་པར་བཙན་བྱོལ་བོད་གཞུང་གི་སྒྲིག་འཛུགས་ནང་བཞུགས་མྱོང་མཁན་གྱི་ཤེས་འབྱོན་གཉིས་ལྡན་དང༌། ལྷག་བསམ་ཡོད་པའི་སྤྱི་ཚོགས་ཞབས་འདེགས་ཞུ་ཐུབ་མཁན་མང་པོ་ཡོད།
དྲི་བ། སྐུ་ཉིད་ཀྱི་ཆབ་སྲིད་ལངས་ཕྱོགས་ནི་བོད་མི་ཚོར་རང་ཐག་རང་གཅོད་དགོས་པ་དེ་ཡིན་པ་ཡོངས་གྲགས་ལྟ་བུ་རེད། བཙན་བྱོལ་བོད་གཞུང་གི་ད་ལྟའི་ཆབ་སྲིད་ལངས་ཕྱོགས་ནི་དབུ་མའི་ལམ་རེད། ས་གནས་མི་རིགས་རང་སྐྱོང་གི་དགོས་འདུན་རེད། ལངས་ཕྱོགས་འདི་གཉིས་ཀྱིས་ཕན་ཚུན་ལ་ཤུགས་རྐྱེན་ཐེབས་ཀྱི་རེད་འདོད་དམ།
ལན། ངས་རང་ཐག་རང་གཅོད་སྐོར་རྒྱལ་སྤྱིའི་ཁྲིམས་དང་འབྲེལ་བ་ཡོད་པའི་འགྲེལ་བཤད་མང་པོ་བྱེད་ཀྱི་ཡོད་པ་དེ་དངོས་འབྲེལ་རེད། ཡིན་ནའང་གནས་དོན་འདི་ཆབ་སྲིད་ཀྱི་ལངས་ཕྱོགས་མཐའ་ཅིག་ཏུ་མ་རེད། རྒྱལ་སྤྱིའི་ཁྲིམས་ཀྱི་ལྟ་བ་འདི་བོད་མིའི་རྩ་དོན་ལ་ཕན་པའི་འགྲེལ་བཤད་ཞུས་པ་ཞིག་རེད། དབུ་མའི་ལམ་གྱི་སྲིད་བྱུས་དེའང་གྲུབ་པའི་ཆ་རྐྱེན་གཙོ་བོ་ཅིག་བོད་མི་རྣམས་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པ་གཞིར་བཞག་གི་གནས་དོན་ཞིག་རེད། མདོ་དོན། རང་ཐག་རང་གཅོད་ཀྱི་གནས་དོན་འདི་མི་རེ་གཉིས་ཀྱི་བསམ་ཚུལ་དང་ཆབ་སྲིད་ལངས་ཕྱོགས་ཀྱི་བསམ་ཚུལ་ཞིག་མིན། རང་ཐག་རང་གཅོད་ནི་རྒྱལ་སྤྱིའི་ཁྲིམས་སྲོལ་གྱི་ལྟ་བ་ཞིག་དང༌། རང་བཞིན་གྱི་བོད་མི་རིགས་ལ་ཁྱབ་པའི་གནས་དོན་ཞིག་ཡིན། དེ་འདྲ་སོང་ཙང་བོད་ཀྱི་རྩ་དོན་སྒྲུབ་ཆེད་རང་ཐག་རང་གཅོད་ཀྱི་གནས་དོན་འདི་འབྲེལ་བ་ཡོད་པ་ཞིག་བཟོ་ཐུབ་ན་དགེ་ལས་སྐྱོན་དུ་མ་མཐོང༌།
དྲི་བ།བོད་རྒྱ་འབྲེལ་མོལ་ནི་ད་ལྟ་འགག་བསྡད་ཡོད་པ་རེད། བཙན་བྱོལ་བོད་གཞུང་གི་དགོས་འདུན་ནི་བོད་རིགས་ཡོངས་འཛིན་སྐྱོང་གཅིག་གི་འོག་འདུ་བའི་རིག་གཞུང་གི་ཚད་མཐོའི་རང་སྲིད་རང་སྐྱོང་ཞིག་དགོས་པ་དེ་རེད། སྐུ་ཉིད་ཀྱི་དགོངས་ཚུལ་ག་རེ་ཡིན་ནམ།
ལན། བོད་རིགས་ཡོངས་འཛིན་སྐྱོང་གཅིག་གི་འོག་ཏུ་ཡོད་པའི་ཆེས་མཐོའི་རང་སྲིད་རང་སྐྱོང་ཞིག་གྲུབ་ཐུབ་ན། དེ་ནི་བོད་མིའི་རྩ་དོན་དང་བོད་མི་མང་གི་བདེ་བ་བདེ་དོན་ལ་ཧ་ཅང་ཕན་ཐོགས་ཆེན་པོ་ཡོང་གི་ཡོད་པར་ངོས་འཛིན་ཞུ་གི་ཡོད།
དྲི་བ། ༢༠༠༨ ལོ་ནས་བཟུང་བོད་ནང་དུ་ཞི་རྒོལ་རིམ་པར་བྱུང་ཞིང༌། དེ་དག་ལ་བཙན་གནོན་ཡང་དུས་ཐོག་ཏུ་ཡོང་གི་ཡོད་པ་རེད། ལྷག་པར་དུ་ལོ་ཤས་རིང་འདིར་བོད་ནང་གི་ཤེས་ཡོན་པ་དག་གཙོས་པའི་ཆབ་སྲིད་བཙོན་པའི་གྲངས་ཀ་ཡང་ངེས་ཅན་ཞིག་ལ་འཕར་ཡོད་པ་རེད། འདི་དག་ལ་བཙན་བྱོལ་བོད་གཞུང་གི་ངོས་ནས་འགན་གང་འདྲ་ཞིག་འཁུར་རྒྱུ་ཡིན་ནམ།
ལན། བོད་ནང་གི་ཤེས་ཡོན་ཅན་གཙོས་པའི་ཆབ་སྲིད་བཙོན་པ་རྣམས་ཀྱི་ཆེད་བོད་གཞུང་ནས་རྒྱལ་སྤྱིའི་ཁྲིམས་སྲོལ་གྱི་ཐོག་ནས་བོད་མི་དེ་དག་གི་ཐོབ་ཐང་དང་ཁྲིམས་ལུགས་ལྡན་པའི་དྲང་བདེན་གྱི་རྒྱབ་སྐྱོར་འབོད་བསྐུལ་ཞུ་རྒྱུ་ཡིན།
དྲི་བ། དོན་དག་འདི་སྔར་ནས་གཙང་སེལ་ལྟ་བུ་ཡིན་ཡང༌། སྤྱི་ཚོགས་ནང་མུ་མཐུན་ནས་སྐུ་ཉིད་དང་ཧིན་སྒོར་འབུམ་དགུའི་སྐོར་གྱི་གླེང་རྙོག་དེ་གླེང་གིན་འདུག སྐུ་ཉིད་ཀྱིས་འདིའི་ཐད་གསལ་བཤད་གནང་འདོད་ཡོད་དམ།
ལན། གསལ་བཤད་ཡང་བསྐྱར་ཞུ་རྒྱུ་དགའ་པོ་ཡོད། གནས་དོན་འདི་ངོས་རང་དཔལ་འབྱོར་བཀའ་བློན་ཡིན་སྐབས་བོད་མི་མང་སྤྱི་འཐུས་གྲོས་ཚོགས་སུ་བཙན་བྱོལ་བོད་གཞུང་གི་སྔོན་རྩིས་འཆར་ཕུལ་སྐབས་འགྲོ་སོང་དང་ཡོང་འབབ་གཉིས་ཁ་མ་འགབ་པའི་ཁྱད་པར་ཙམ་ལས་དངོས་སུ་དངུལ་ཆད་པའི་གནས་ཚུལ་གང་ཡང་མིན། འཛམ་བུ་གླིང་གི་གཞུང་གང་འདྲ་ཞིག་ཡིན་རུང་སྔོན་རྩིས་ཀྱི་བྱུང་སོང་ཁ་མ་འགབ་པའི་གནས་ཚུལ་ཡོང་ངེས་པ་ཞིག་རེད།
དྲི་བ། སྐུ་ཉིད་བཀའ་བློན་ཁྲི་པར་ཕེབས་པ་ཡིན་ན་ཛ་དྲག་གི་སྒོ་ནས་ཐོག་མར་ལག་བསྟར་གནང་དགོས་པའི་སྲིད་བྱུས་གལ་ཆེན་པོ་གསུམ་གསུང་རོགས།
ལན། བཀའ་བློན་ཁྲི་པ་སུ་འོས་འདེམས་བྱུང་རུང༌། ལས་དོན་གཙོ་ཆེ་ཤོས་ནི་བོད་པའི་རྩ་དོན་འགྲུབ་ཆེད་ཆབ་སྲིད་ཀྱི་གནས་དོན་ཆ་ཚང་ཞིབ་འཇུག་གིས་མ་འོངས་ལས་འཆར་གསར་པ་དང༌། དེ་མིན་མུ་མཐུད་འཇུག་སྐྱོང་ཞུ་དགོས་རིགས་ཞིབ་ཚགས་པོའི་ཞིབ་འཇུག་དང༌། འབྲེལ་ཡོད་མཁས་པ་ཁག་ལ་གོ་བསྡུར་ཞུ་དགོས། གཉིས་པ། བཙན་བྱོལ་བོད་གཞུང་གི་སྒྲིག་འཛུགས་འདི་ཆབ་སྲིད་ཀྱི་འགན་འཁུར་གཙོ་བོ་ཡོད་པས་སྒྲིག་འཛུགས་འདི་གང་ཅིའི་ཆ་ནས་ཚད་ལྡན་ཞིག་གནས་ཐུབ་པར་འབད་བརྩོན་ཞུ་དགོས། གསུམ་པ། བཙན་བྱོལ་བོད་གཞུང་དང༌། གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་སྒྲིག་འཛུགས་ཡོངས་ནས་བཙན་བྱོལ་དུ་ཡོད་པའི་བོད་མིའི་བདེ་དོན་སྒྲུབ་རྒྱུ་དང༌། ལྷག་པར་བོད་མི་རིགས་དང་རྒྱབ་ཁབ་ལ་ཕན་ཐུབ་པའི་ལས་དོན་མུ་མཐུད་བརྩམ་དགོས།
དྲི་བ། ཐེངས་འདིར་བཀའ་ཁྲིའི་འོས་གཞིར་ལངས་རྒྱུ་ཡིན་ཟེར་མཁན་གྱི་གྲས་སུ། བློ་བཟང་སེང་གེ་དང༌། རྒྱ་རི་སྒྲོལ་མ།རྟ་བོ་བློ་བཟང་དཔལ་ལྡན་བཅས་ཡོད་པ་རེད། འདི་དག་རེ་རེའི་སྟེང་ལ་དགོངས་ཚུལ་འདྲ་ཡོད་དམ།
ལན། བཀའ་བློན་ཁྲི་པ་དང་སྤྱི་འཐུས་འོས་འདེམས་ཞུ་རྒྱུ་བོད་མི་ཚང་མས་ལས་འགན་ཡིན། བཀའ་བློན་ཁྲི་པའི་སྔོན་འགྲོའི་འོས་གཞི་འོས་དམིགས་ཁོངས་གོང་གསལ་མཚན་འཁོད་རྣམས་གཙོས། ལས་བྱེད་ཟུར་པ། རྒན་པ་དང་གཞོན་པ།སྐྱེ་བོ་ཕོ་མོ་བཅས་འདྲ་མིན་ཡོད་པ་འདི་དམངས་གཙོའི་ཁྱད་ཆོས་ཞིག་ཡིན་པ་དང༌། བོད་མི་མང་ལ་འདེམས་བསྐོ་བྱ་རྒྱུའི་སྐལ་བཟང་གི་གོ་སྐབས་ཤིག་ཀྱང་རེད། ཐུགས་རྗེ་ཆེ།
བཅར་འདྲི་བྱེད་མཁན། ལུང་རིགས་རྒྱལ།
འཛམ་བུ་གླིང་གི་གཞུང་གང་འདྲ་ཞིག་ཡིན་རུང་སྔོན་རྩིས་ཀྱི་བྱུང་སོང་ཁ་མ་འགབ་པའི་གནས་ཚུལ་ཡོང་ངེས་ཞེས་པའི་ཚིག་འདིའི་འགྲེལ་བཤད་ཅི་ཡང་རྒྱབ་མི་འདུག
ཡོང་ངེས་པ་ལྡན་ཡང་གནས་ལུགས་དང་རྒྱུ་མཚན་མེད་ན་ག་ལ་འགྲིག
ཡིན་ནའང་མི་འདྲ་བའི་ནུས་པ་ཞིག་འབུལ་ཐུབ་མིན་ཞུ་མི་ཐུབ།
ཞུ་མི་ཐུབ་ན་འདུག་དགོས་དོན་མེད། བཀའ་བློན་ཁྲི་བའི་ལས་གནས་འདི་
ཁྱེད་ཀྱི་མཚན་སྙན་གྲགས་དང་ངོ་སོ་ཞིག་གི་ཆེད་དུ་མིན།
འདི་སྒྲུབ་རྒྱུ་དང་གན་སྒྲུབ་འདོད་ཀྱི་བསམ་བློ་མེད་པ་ལ་ལྟོས་ན་བཀའ་བློན་ཁྲི་བ་མི་འོས་པར་བསམ།
བཀའ་བློན་ཁྲི་བར་སུ་བསྡད་རུང་ཅི་ཡང་འཇོན་པ་མ་རེད་ཟེར་བ་ལྟ་བའི་ལྟ་ཚུལ་བཟུང་ནས་སྐད་ཆ་བཤད་ཀྱིན་ཡོད་ན་སྔ་མོ་ནས་ལས་གནས་འདི་རྩོད་གི་མ་འདུག
བཅར་འདྲི་མཁན་འདི་ཚོ་ཡང་ཆུ་ཚད་ཅིག་མེད་པ་འདི་ཡིད་རེ་ཆད།
དྲ་གྲོགས་ཚོ། སྐུ་ངོ་བཀའ་ཟུར་བཀྲས་མཐོས་བསྟན་འཛིན་རྣམ་རྒྱལ་མཆོག་གི་སྐུ་པར་འདི་ནི་ལོ་ངོ་མང་པོ་ཞིག་གི་སྔོན་ལ་བསྐྱོན་པ་ཞིག་རེད། སྐུ་ངོ་ལགས་ཀྱི་ངོ་གདོང་ངོ་མ་བོ་མཇལ་འདོད་ན་ངའི་ཟིས་བྲིས་སུ་ཕེབས་དང་ཁོང་གི་ངོ་གདོང་ངོ་མ་བོ་བཀོད་ཡོད། སྐུ་ངོ་ལགས་ངོ་མི་ཤེས་མཁན་ཚང་མ་ངེས་པར་དུ་གཟིགས་པར་ཕེབས་རོགས་གནང་། ངའི་དྲ་བྱང་གཤམ་གསལ་ལྟར་ཡིན།https://tibettimes.net/wordpress/blogs.php?id=305&post_id=11212
འོ་རེད། ད་དུང་སྐུ་ངོ་ལགས་དང་། མཁས་དབང་བློ་བཟང་སེངྒེ་གཉིས་ཀྱིས་2011ལོའི་བཀའ་བློན་ཁྲི་བའི་སྐོར་ལ་བགྲོ་གླེང་བྱས་བཞག་པའི་བརྙན་ཕྲིན་ཁ་ཤས་ཞིག་ཀྱང་ཡོད། མྱུར་དུ་གཟིགས་པར་ཕེབས།
དྲ་གྲོགས་ཀརྨ་རྡོ་རྗེ་ལགས།བོད་ཐོག་ཏུ་འཛིན་པའི་རྒྱ་གཞུང་གི་སྲིད་ཇུས་དེ་རྒྱ་ནག་གི་རྩ་ཁྲིམས་དང་རྒྱ་ནག་གིས་བོད་ཐོག་ཏུ་འཛིན་པའི་འགྱུར་བ་མེད་པའི་ཁྲིམས་ལུགས་ཀྱིས་བཟོས་པའི་རྩ་དོན་ཞིག་ཡིན་པ་ཤེས་བར་གྱིས།རྒྱ་གཞུང་གིས་དབུ་མའི་ལམ་གྱི་སྲིད་ཇུས་དེ་རྩ་བ་ཉིད་ནས་ཁས་ལེན་མེད་པ་མ་ཟད་ལམ་དབུ་མའི་ལམ་ཀྱི་སྲིད་ཇུས་ལ་ཁ་གཏད་ཀྱི་ལན་ཚ་བོ་གསུམ་བརྒྱབ་ཡོད།དང་པོ་རྣམ་པ་འགྱུར་བའི་རང་བཙན།གཉིས་པ།ཕྱེད་རང་བཙན།གསུམ་པ།ཕུགས་ཀྱི་རང་བཙན་བཅས་དགག་པ་ཚ་ཐག་གཅོད་ཅིག་བརྒྱབ་སོང་བ་དེ་ངོས་ནས་ཁྱེད་རང་རྣ་འོན་པ་ཞིག་མིན་ན་གོ་ཚོད་ཡིན་ལ་མིག་ལོང་བ་ཞིག་མིན་ན་མཐོང་ཚོད་ཡིན།
ད་དུང་སྐུ་ཚབ་རྣམ་པ་གཉིས་ཀྱིས་བཙན་བྱོལ་བོད་གཞུང་གིས་བཏོན་པའི་ལམ་དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་དོན་ཚན་བཅུ་བཞི་ཁྱེར་ཏེ་རྒྱ་ནག་ཐད་ཕྱོགས་གཅིག་གྱུར་བརྒྱུད་དེ་རྒྱ་གཞུང་དཔོན་རིགས་ཚོར་ཕུལ་ཅིང་།རྒྱ་གཞུང་གིས་ཁས་ལེན་དོན་ཚན་གཅིག་ཀྱང་མ་བྱས་པས་གནས་ཚུལ་དེ་ཚོ་ཡང་གོ་མ་སོང་ངམ།
དེ་འདྲ་སོང་ཙང་དེང་སང་བོད་གཞུང་དམངས་གཉིས་ཀ་ཁ་རོག་གེར་བསྡད་མེད་དམ།
ང་ཚོའི་བཀའ་བློན་ཁྲི་པ་ཡིན་ན། ཡིན་གཅིག་མིན་གཅིག་གི་དབུ་མའི་ལམ་དུ་འགྲོ་དགོས་པའི་ངེས་པ་མེད།༼ལོ་བཅུའི་སྔོན་ནས་མང་མོས་འོས་བསྡུ་བྱེད་སྐབས་གཞིས་བྱེས་གཉིས་ཀྱི་བོད་མི་རྒྱ་ཆ་༩༩་ཙམ་ནས་༸གོང་ས་མཆོག་གི་དགོངས་གཞི་དབུ་མའི་ལམ་རང་ལ་རྒྱབ་སྐྱོར་ཡོད་པ་མ་ཟད།་བཙན་བྱོལ་བོད་གཞུང་གྲོས་ཚོགས་ནས་ཀྱང་དེ་ལྟར་རྒྱབ་སྐྱོར་བྱས་ཡོད།༽
བཙན་བྱོལ་གཞུང་གི་དེ་ལྟར་རྒྱབ་སྐྱོར་བྱས་ཡོད་ཀྱང་བྱེས་ཀྱི་བོད་མིས་དེ་ལྟར་རྒྱབ་སྐྱོར་བྱས་ཡོད་མེད་ ༢༠༠༨ ལོར་བོད་མིའི་སྐད་འབོད་ལས་ཤེས་ཐུབ། དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་མཁན་ཚོས་གཞི་བྱེས་བོད་མི་བརྒྱ་ཆ་ ༩༩ ཙམ་ཞེས་པ་དེ་ཁོང་ཚོའི་བསྒྲགས་གཏམ་ཙམ་མ་གཏོགས་དོན་དངོས་ལ་དེ་ལྟར་མིན།
བཀྲས་མཐོང་གི་ལན་དེ་དག་གསལ་ཁ་མི་འདུག་བས་ཡང་བསྐྱར་གསལ་བོ་ཞིག་གསུང་རོགས་གནང་།
སྐུ་ངོ་བཀའ་ཁྲི་ཟུར་བ་མཆོག་ནི་དབུ་མའི་ལམ་ལ་རྒྱབ་སྐྱོར་མེད་པ་གསལ་པོ་རེད་འདུག་དེ་སྐྱོན་གང་ཡང་མ་རེད།་ཁོ་རང་ལ་ལངས་ཕྱོགས་ཤིག་ཡོད་པ་གསལ་སྟོན་བྱས་པ་ཙམ་རེད།ལོ་བཅུའི་སྔོན་ནས་མང་མོས་འོས་བསྡུ་བྱེད་སྐབས་གཞིས་བྱེས་གཉིས་ཀྱི་བོད་མི་རྒྱ་ཆ་༩༩་ཙམ་ནས་༸གོང་ས་མཆོག་གི་དགོངས་གཞི་དབུ་མའི་ལམ་རང་ལ་རྒྱབ་སྐྱོར་ཡོད་པ་མ་ཟད།་བཙན་བྱོལ་བོད་གཞུང་གྲོས་ཚོགས་ནས་ཀྱང་དེ་ལྟར་རྒྱབ་སྐྱོར་བྱས་ཡོད།་བཀྲས་མཐོང་ལགས་བཀའ་ཁྲིར་སླེབས་ཀྱང་ཁོ་རང་ཆབ་སྲིད་ལྟ་བ་རང་ཐག་རང་གཅོད་སྒང་ལ་འགྲོ་ཐུབ་རྒྱུ་ཁག་པོ་རེད།་ཡིན་ནའང་བཀྲས་མཐོང་ཚང་བུ་རྒན་གཞོན་ཚང་མ་ལ་བོད་མའི་ཆབ་སྲིད་ཀྱི་ལངས་ཕྱོགས་མི་འདྲ་བ་རེད་འདུག་་སྐུ་སྒེར་དྲུང་ཆེ་ཟུར་པ་བསྟན་འཛིན་དགེ་འབྱེད་ཡང་རང་བཙན་གཙང་མ་ཕྱོགས་ལ་འགྲོ་མཁན་ཞིག་རེད་ལ།་ཚེ་དབང་ཆོས་རྒྱལ་ཁོ་རང་ལ་ཡང་ཆབ་སྲིད་ཀྱི་ལངས་ཕྱོགས་གཞན་ཡོད་ཚོད་འདུག་་དེ་ཚ་བོ་དང་ཡང་ཚ་བཀྲས་མཐོར་དབང་པོ་དང་ལྷ་སྒྲོན་བཀྲས་མཐོང་སོགས་མང་པོ་ཡོད་པས་མང་ཆེ་བ་ཞིག་རང་བཙན་གཙང་མའི་ཕྱོགས་སུ་འགྲོ་ཡི་ཡོད་པ་རེད།་ད་བཀྲས་མཐོང་ཚང་གི་སྐོར་དེར་བཤད་མཚམས་འཇོག་ན་བཟང་གི་གཞན་མང་པོ་བཤད་ན་གནད་དོན་མང་པོ་དོན་ཡོང་གི་རེད།
ང་རང་གི་འོས་ཤོག་འཕེན་འདོད་ས་གཙོ་བོ་དེ་ཁོང་ཡིན། ཁོང་ལ་ཉམས་མྱོང་དང་ཤེས་ཡོན། འབྲེལ་བ་སོགས་ཧ་ཅང་ལེགས་པར་མཐོང་གི་ཡོད་ལ། དེ་བཞིན་མི་འཇོན་ནུས་ཅན་ཞིག་ཀྱང་རེད། བཅར་འདྲི་འདིའི་དྲིས་ལན་དག་ནི་ཁ་ཐུག་རང་ལ་བརྒྱབ་པ་འདྲ། སྐད་ཆ་འདོར་བསྡུས་རེད། སྐད་ཆ་ལྷོད་ཀྱང་གོ་བ་ལོན་ཁག་སེ་འདུག དྲ་གྲོགས་རྣམས་ནས་ཁོང་གིས་བཀའ་ཁྲིའི་སྐོར་ལ་གསུང་བའི་སྒྲ་གཟུངས་གང་རུང་གི་འབྲེལ་ཐག་འདྲ་ཡོད་ན་འདིར་འགོད་རོགས། དེ་མིན་བདེན་པ་དང་གུས་བརྩི་ཡོད་པའི་ཐོག་ནས་ཁོང་གི་སྐོར་ལ་བགྲོ་གླེང་གནང་རོགས་གནང༌།
དབུ་མའི་ལམ་ལ་མཐའ་གཅིག་ཏུ་ཕེབས་འདོད་མེད་པ་ལྟ་བུར་མཐོང་སོང་།
དྲི་བའི་ལན་དེ་དག་དེ་ཙམ་ཞིག་རེད།