༄༅།། གདན་སའི་སློབ་གཉེར་ཡར་རྒྱས་གཏོང་ཕྱོགས་ཀྱི་བསམ་ཚུལ།
སེར་བྱེས་ར་རྒྱ་བློ་བཟང་དཔལ་ལྡན།
བོད་མི་རིགས་ཙམ་དུ་མ་ཟད་འཛམ་གླིང་སྤྱིའི་ཤེས་རིག་གི་མ་ཡུམ་ལྟ་བུར་གྱུར་པའི་ནང་བསྟན་ཆོས་ལུགས་སློབ་གཉེར་བྱེད་པོ་དག་ལ་སྤུས་ཚད་ཡག་པོ་ཞིག་མ་འཛོམས་ན་བོད་མི་རིགས་ཀྱི་མཚང་དང༌། ནང་བསྟན་ཆོས་ལུགས་ཀྱི་ཕམ་ཁ་ཉག་གཅིག་ཡིན། དེའི་ཕྱིར་དགོན་སྡེ་ཁག་གི་དུས་རབས་ཀྱི་འགྲོས་དང་བསྟུན་ནས་སློབ་གཉེར་ལམ་སྲོལ་དང་དེའི་གལ་ཆེན་རང་བཞིན་གྱིས་མི་རྣམས་ཀྱི་བློ་ཡིད་འགུག་ཐུབ་པ་ཞིག་ངེས་པར་བཟོ་དགོས། གང་མགྱོགས་ཀྱིས་དེ་ལྟར་བཟོ་མ་ཐུབ་ན་ཉམས་ཉེས་སུ་འགྲོ་པར་ཐག་ཆོད་པ་ཞིག་རེད། ནམ་རྒྱུན་གྲྭ་བའི་ཀུན་སྤྱོད་མི་ལེགས་པ་དང་ཁྱིམ་པ་སུན་འབྱིན་གྱི་ལས་གསོག་རབས་ཀྱི་སྐད་ཆ་དེ་ཡང་ཉུང་དུ་གཏོང་རྒྱུར་ང་ཚོས་ལག་ལེན་ཁྲོད་ཐབས་ཤེས་ལ་བསྟེན་ནས་བྱེད་དགོས་པ་ཞིག་རེད། གནས་སྟངས་འདི་ལ་དགོངས་ནས་ྋགོང་ས་སྐྱབས་མགོན་ཆེན་པོས་དེང་རབས་ཅན་གྱི་ངོ་བོ་ནི་དེང་དུས་ཀྱི་སློབ་གསོ་ལ་རག་ལས་ཤིང་། ཚན་རིག་དང་འཕྲུལ་ལས་ལ་བྱང་བར་བྱེད་པ་ནི་དེང་རབས་ཀྱི་སློབ་གསོའི་སྙིང་པོ་ཡིན་པ་ངས་སྐབས་དེར་རྟོགས། ང་རང་སྒེར་ནས་སློབ་གསོའི་ལས་གཞི་འདིར་འཆང་བའི་ཆོད་སེམས་དེ་ད་དུང་ཡང་འགྱུར་མེད་པས། ཐ་ན་ཕུལ་དུ་བྱུང་བའི་གནའ་རབས་ཀྱི་ནང་ཆོས་གཙོ་བོ་ཁྲིད་སའི་དགོན་སྡེ་ཁག་གི་ཁྲིད་གཞིའི་སློབ་ཚན་ལའང་ཚན་རིག་འཇོག་དགོས་པའི་སྐུལ་མ་གཏོང་གི་ཡོད་ཅེས་ལོ་ནས་ལོ་བསྟུད་གདན་ས་ཁག་ལ་ཚན་རིག་གི་སློབ་ཚན་འཛུགས་དགོས་པ་དང༌། གྲྭ་བས་ཚན་རིག་སྦྱོང་དགོས་པ། མི་དམངས་ཀྱིས་གཞུང་ཆེན་ཁག་ལ་སློབ་སྦྱོང་བྱེད་དགོས་པའི་བཀའ་སློབ་རླབས་ཆེ་བ་དེ་དག་གསུང་བཞིན་པ་རེད། དེ་ནི་གདན་སའི་སློབ་གཉེར་གཅིག་པུའི་གནད་དོན་ཞིག་ཀྱང་མིན་པར་བོད་མི་རིགས་ཀྱི་སྐད་ཡིག་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང༌། ནང་བསྟན་ཆོས་ལུགས་ཀྱི་སློབ་གཉེར་ཁང་རྣམས་ཀྱི་དུས་རབས་གསར་བའི་མི་དམངས་ཀྱི་འདོད་བློ་སྐོང་ཐུབ་པ་ཞིག་འོངས་པའི་ཆེད་དུ་རེད། རང་ཅག་གིས་ཀྱང་ྋགོང་ས་སྐྱབས་མགོན་ཆེན་པོ་རླབས་ཆེའི་བཀའ་སློབ་དེ་དག་སྣང་མེད་དུ་མ་བཞག་པར་སློབ་གཉེར་བའི་ཁྲིད་གཞིའི་སློབ་ཚན་ནང་དུ་ཚན་རིག་འཇོག་ཐུབ་བྱེད་པའམ་ད་ལྟའི་གདན་སའི་ཁྲོད་ཀྱི་ཚན་རིག་འཛིན་གྲྭ་འདི་ཡར་རྒྱས་གོང་འཕེལ་དུ་གཏོང་ཅི་ཐུབ་བྱ་དགོས་པར་མཐོང་། གང་ལྟར་གྲྭ་བ་རྣམས་ཀྱིས་ཚན་རིག་དང་དབྱིན་སྐད་སོགས་མི་རིགས་གཞན་གྱི་ཤེས་རིག་སྦྱང་རྒྱུ་ནི་ྋགོང་ས་མཆོག་གིས་དགོངས་གཞི་ཡིན་པ་མ་ཟད། བོད་མི་རིགས་ཀྱི་མ་འོངས་པའི་དར་རྒུད་ལ་ཐད་ཀར་འབྲེལ་བའི་གནད་དོན་གལ་ཆེན་ཞིག་ཡིན།
ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་གནའ་རབས་ཀྱི་རིག་གཞུང་དང་ཆོས་གཅིག་པུ་ཤེས་པ་ལས། དེང་དུས་འཛམ་གླིང་གི་ཤེས་ཡོན་མ་ཤེས་ན་མི་ཕྱེད་ཀ་ལྟ་བུ་ཡིན། ཡང་དེང་དུས་ཀྱི་ཤེས་ཡོན་ཤེས་པ་ལས་བོད་རང་ལ་གནའ་རབས་ནས་ཡོད་པའི་བཟང་པོའི་ཤེས་ཡོན་དེ་དག་མ་ཤེས་ན་མི་ཕྱེད་ཀ་ལྟ་བུ་ཞིག་ཡིན། སོ་སོའི་ཤ་ཁྲག་རུས་གསུམ་བོད་མི་ཡིན་ནའང་ངོ་ཐོག་བོད་པའི་དྲི་མ་ཁ་བའི་ཁྱད་ཆོས་མ་ཚང་ན་བོད་པ་ཕྱེད་ཀ་ལྟ་བུ་ཡིན། དེར་བརྟེན་ང་ཚོའི་མི་རབས་གསར་པ་ཚོས་དུས་རབས་ཉི་ཤུ་པ་དང་དུས་རབས་ཉེར་གཅིག་པའི་རྗེས་ཟིན་ཐུབ་པ་ཞིག་དང༌། དུས་ཚོད་ཀྱི་འགྱུར་འགྲོས་དང་བསྟུན་ནས་མཉམ་དུ་འགྲོ་ཐུབ་པ་ཞིག་དགོས། ཞེས་གསུངས་པ་ལྟར་སློབ་གཉེར་འཕེལ་རྒྱས་དང་སྤུས་ཚད་ཡག་པོའི་འཛོམས་ཐབས་ཀྱི་འཆར་འགོད་ལག་ལེན་དང་བཅས་པ་གཏན་ལ་འབེབ་རྒྱུ་ཕྱི་དྲགས་པ་ལས་སྔ་དྲགས་མེད། དཔེར་ན། ༸གོང་ས་མཆོག་གིས་སྔར་ནས་ཡང་དང་ཡང་དུ་གསུངས་པའི་དགེ་ལུགས་སྤྱི་ལ་ཁྱབ་པའི་སྒྲིག་གཞི་དགོས་སྐོར་གསུངས་པ་དེ་ཡང་གདན་ས་གསུམ་ལ་སློབ་གཞི་གཅིག་གྱུར་དང་སློབ་ཚན་གཅིག་གྱུར་འཛིན་གྲྭའི་འགྲོ་སྟངས་གཅིག་གྱུར། དགེ་བཤེས་དང་མིང་བཏགས་ཀྱི་རིམ་པ་གཅིག་གྱུར། དེ་དག་གི་འཛིན་སྐྱོང་དང་སྒྲིག་གཞི་གཅིག་གྱུར་བཅས་ནི་དགེ་ལུགས་སྤྱི་ལ་ཁྱབ་པའི་སྒྲིག་གཞི་དགོས་སྐོར་གསུངས་པའི་བཀའ་སློབ་དེ་དག་གི་ནང་སྙིང་ལྟེ་བ་དེ་ཡིན་ཡང་ང་ཚོས་ཇི་བཞིན་བསྒྲུབས་ཐུབ་མེད། ྋགོང་ས་མཆོག་གིས་ཐུགས་ཕམ་ཆེན་པོས་གསུངས་དོན། ང་ཚོས་གཞུང་ལུགས་དེ་དག་ད་ལྟ་རྩེད་ཆས་ལྟ་བུར་གྱུར་ཏེ། ནང་དོན་གོ་ཐབས་ལ་བསམ་བློ་གཏོང་མི་དགོས། བསྟན་དོན་ཉམས་ལེན་ལ་སྦྱོར་མི་དགོས། མི་ཚེའི་རིང་ཁྱབ་མཐའ་དང་རྟགས་གསལ་གྱིས་སྐྱེལ་བ་ནི་བློ་ཕམ་དགོས་པ་དང༌། དགེ་ལུགས་པའི་ཞབས་འདྲེན་ལྟ་བུ་རེད་ཅེས་བཀའ་གནང་ཡོད་པ་རེད། བཀའ་སློབ་འདི་ཙམ་གྱིས་ཀྱང་ང་ཚོས་སློབ་གཉེར་བྱེད་ཕྱོགས་ལ་འགྱུར་བ་ཅི་འདྲ་གཏོང་དགོས་མིན་གསལ་སྟོན་བྱས་ཡོད་པ་རེད། མདོར་ན་སློབ་གཉེར་ཡར་རྒྱས་ཀྱི་འགོག་རྐྱེན་ཆེ་ཤོས་ནི་སྒྲིག་འཛུགས་དང་འཛིན་སྐྱོང་གིས་ངོས་ནས་སློབ་གསོའི་སྒྲིག་གཞི་དང་འཆར་བཀོད་འཐུས་ཚང་ཞིག་མེད་པ་དེ་རེད། དེར་བརྟེན་སློབ་ཐོན་པའི་ཁྲོད་ནས་༸གོང་ས་སྐྱབས་མགོན་ཆེན་པོའི་ཐུགས་རེ་ལྟར་གྱི་སློབ་གཉེར་བ་ཧ་ཅང་ཉུང་ངུ་ཞིག་ལས་ཐོན་ཐུབ་ཀྱི་མེད།
འོ་ན་ཇི་ལྟར་བྱེད་དགོས་ཞེ་ན་སློབ་གཉེར་བ་རྣམས་ལ་མ་མཐའ་ཡང་སྤྱི་ཚོགས་སློབ་གསོ་དང་བོད་ཡིག་གི་རྨང་གཞི་བརྟན་པོ་ཡོད་པ་དང༌། དགོས་མེད་ཀྱི་ཚིག་འཁྲི་སྐམ་པོའི་རྟགས་གསལ་ཇེ་ཉུང་དུ་གཏོང་བ་དང༌། གདན་ས་གསུམ་གྱི་དབུ་ཕར་དང་མཛོད་རྣམ་འགྲེལ་བཅས་ཀྱི་སློབ་གཞི་གཅིག་གྱུར་ཡིན་པ། སློབ་གཉེར་བས་གཞུང་ཆེན་ཁག་གི་རྩ་འགྲེལ་དང་སྡོམ་གང་བློ་འཛིན་བྱེད་དགོས་མིན་སློབ་གཉེར་བ་དྲག་གྲས་རྣམས་དང་ཉམས་མྱོང་ཅན་རྣམས་ཀྱི་བསམ་ཚུལ་གཞི་རྩར་བཞག་སྟེ་ཕྱོགས་ཞེན་གྱི་དབང་དུ་མ་སོང་བར་བསྒྱུར་བཅོས་གཏོང་དགོས་རིགས་དུས་ཐོག་བསྒྱུར་བཅོས་དང་གཏན་འབེབས་བྱེད་དགོས། ལོ་རེའི་རྒྱུགས་སྤྲོད་གང་ཞིག་འཕྲོད་དང་མ་འཕྲོད་པའི་ས་མཚམས་གསལ་ཞིང་ལག་ལེན་ལ་གཙང་མར་འགེལ་རྒྱུ། ཞབས་བརྟན་དང་ཚོགས་འཚོགས་རྒྱུ་ཉུང་དུ་གཏོང་རྒྱུ། འཛིན་གྲྭ་གང་ཞིག་ལ་དཔེ་ཁྲིད་དགེ་རྒན་དམིགས་འཛུགས་ཀྱིས་གཏན་འབེབས་བྱེད་པ། དཔེ་ཁྲིད་དགེ་རྒན་རྣམས་ལ་བོད་གཞུང་དང་གྲྭ་ཚང་ནས་གཟིགས་བཟོས་དང་ཟླ་ཕོགས་སྤྲོད་པ། སློབ་གཉེར་བ་དཔེ་ཁྲིད་ལ་འགྲོ་མིན་ཐད་སྒྲིག་འཛུགས་ཀྱི་ངོས་ནས་མི་སྣ་ཆེད་བསྐོས་ཀྱིས་བལྟ་རྟོག་བྱེད་པ། བགྲོ་གླེང་དང༌། ཚིག་འགྲེལ། གཞུང་གི་གོ་རིམ་སྒྲིག་རྒྱུ་མང་དུ་གཏོང་བ། མི་རེ་རེ་བཞིན་སྐབས་སུ་བབ་པའི་རྩོད་གཞུང་རེ་རེའི་དོན་དག་དང༌། དོན་དག་དེ་སྒྲུབ་བྱེད་ཀྱི་རིགས་ལམ་ཅི་ཡོད་སྦྱངས་བཤད་བྱེད་དུ་འཇུག་པ། དེ་ལ་འཛིན་གྲོགས་གཅིག་པའམ་ཡང་ན་འཛིན་གྲྭ་གོང་རིམ་ནས་དོགས་འདྲི་བྱེད་པ། འཛིན་གྲྭའི་ནང་གཞུང་ཆེན་ཁག་ལ་བརྡར་ཤ་གཅོད་མི་ཐུབ་མཁན་རྣམས་ལ་རིགས་གནས་ཆུང་ཁག་གི་སློབ་གཞི་གོ་སྒྲིག་བྱེད་དགོས། གཞི་གསུམ་གྱི་ཕྱག་ལེན་དང་དེའི་དགོས་དམིགས། སྡོམ་གསུམ་གྱི་བསླབ་བྱ་གཉིས་ཡང་ནས་ཡང་དུ་ངོ་སྤྲོད་བྱེད་པ། འཛིན་གྲྭ་ཐོན་མཚམས་སུ་བཀའ་རིམ་འཛིན་གྲྭའི་ནང་སྤུངས་གསོག་བྱས་ནས་མི་འཇོག་པར་རང་ཉིད་ཀྱི་ཤེས་ཚད་དང་བསྟུན་པའི་མིང་བཏགས་སྤྲོད་པ། གལ་སྲིད་ལོ་ཤས་རིང་བཀའ་རིམ་འཛིན་གྲྭར་སྤུངས་གསོག་བྱེད་དགོས་བྱུང་ན་རྒྱལ་སྲས་ཞི་བ་ལྷའི་སྤྱོད་འཇུག་ཆེན་མོ་དང་། རྗེ་བླ་མའི་ལམ་རིམ་ཆེ་ཆུང་གི་མཚོན་པའི་གནའ་དེང་གི་རིག་གནས་ཁྲིད་གཞིའི་སློབ་ཚན་གོ་སྒྲིག་བྱེད་དགོས་པ་ལས་ད་ལྟ་ནང་བཞིན་སྣང་མེད་དུ་གཏོང་མི་རུང་།
ལོ་རེ་བཞིན་གྲོས་ཚོགས་འཐུས་མི་རྣམས་དང་མཁས་པའི་ལྷན་ཚོགས་ཀྱི་ཚོགས་མི་ཡོངས་དང་གྲྭ་ཚང་འདིའི་སློབ་གཉེར་བ་དྲག་གྲས་རྣམས་མཉམ་འཛོམས་ཐོག་སློབ་གཉེར་ཡར་རྒྱས་གཏོང་ཕྱོགས་དང་འབྲེལ་བའི་བགྲོ་གླེང་ཐེངས་གཅིག་ངེས་པར་འཚོགས་དགོས། དེ་ཙམ་མ་ཟད་སློབ་གཉེར་ཐོན་མཚམས་སུ་སློབ་ཐོན་གྱི་ཕྱག་འཁྱེར་ཙམ་སྤྲོད་རྒྱུར་གནད་འགག་ཆེར་མེད་ཀྱང་ཚད་ལྡན་གྱི་ཤེས་ཚད་མེད་མཁན་ལ་གཞུང་ལུགས་རབ་འབྱམས་པའི་ཕྱག་འཁྱེར་དང་། རིགས་གཅིག་རྐང་འཛིན་གྱི་ཕྱག་འཁྱེར་སྤྲད་ན་སྤྱི་ཚོགས་ནང་ཕྱག་འཁྱེར་གྱི་མཐོང་ཆག་སྟེ་མ་འོངས་པར་ཕྱག་འཁྱེར་འདི་རིགས་འཁྱེར་མཁན་ལ་སྤྱི་ཚོགས་ནང་བརྩི་མཐོང་མེད་པར་འགྲོ་ངེས་རེད། དེས་བོད་ཀྱི་མཁས་དབང་དང་བོད་ཀྱི་ཤེས་རིག་གི་མ་འོངས་པར་གྱོང་གུད་ཐེབས་རྒྱུ་ཡིན་པས་ཡིད་གཟབ་དགོས་གལ་ཆེ། དཔེར་ན་དབུ་ཕར་རབ་འབྱམས་པའི་ཕྱག་འཁྱེར་སྤྲོད་ས་དེ་དབུ་ཕར་གང་ཡིན་དབུ་ནས་མཇུག་བར་གྱི་ལོ་རེའི་བྲིས་རྒྱུགས་དང། རྩོད་རྒྱུགས། ཟུར་སྦྱོང་སློབ་ཚན་བཅས་ཀྱི་གྲུབ་འབྲས་ཕྱོགས་བསྡོམས་བྱས་ཏེ་ཨང་དང་པོའི་རྣམས་ལ་མ་གཏོགས་ཕུལ་མི་རུང་། དེ་བཞིན་ནང་དོན་རིག་པའི་རིགས་གཅིག་རྐང་འཛིན་བྱེད་མཁན་རྣམས་ལ་ཡང་ཆེད་སྦྱོང་གི་གྲུབ་འབྲས་རྩེ་ཕུལ་རྣམས་ལ་མ་གཏོགས་ཕྱག་འཁྱེར་སྤྲོད་མི་རིགས། སློབ་གཉེར་དྲག་དྲས་རྣམས་རྒྱལ་ཕྱི་ནང་གི་མཐོ་སློབ་ཁག་ལ་ཟབ་སྦྱོང་གང་མང་གཏོང་ཐུབ་ཐབས་བྱེད་དགོས། དུས་ཚོད་དམ་འཛིན་དང་ནམ་རྒྱུན་སློབ་གཉེར་བའི་སྒྲིག་ལམ་ཚགས་ཇེ་དམ་དུ་གཏོང་བ་བཅས་ནི་གདན་སའི་སློབ་གཉེར་འཕེལ་རྒྱས་དང་སྤུས་ཚད་ཇེ་མཐོར་གཏོང་བ་ལ་རྨ་གཞིའི་གྲུབ་ཆ་དག་རེད། འདི་ལྟར་ལག་ལེན་ལ་ཁེལ་ཐུབ་ན་བོད་ནང་ཁུལ་ལ་ནང་བསྟན་སློབ་གཉེར་བ་སྤུས་ལེགས་ཤིག་སྐྱེད་སྲིང་བྱེད་ཐུབ་པར་ཐེ་ཚོམ་ཅི་ཡང་མེད། དེ་ལྟ་མིན་པར་འདུལ་བ་མ་སླེབས་པར་སྡོམ་གསུམ་བསླབ་བྱའི་མིང་ཙམ་ཡང་མི་ཤེས་ཤིང༌། འདུལ་བའི་བཅོས་མཚམས་དང་དགོས་དམིགས་ཅི་ཡང་མི་ཤེས་པའི་དུག་གསུམ་རྒྱུད་ལྡན་གྱི་གང་ཟག་རྣམས་ཚོགས་གཏམ་དང་འགྱིག་ཐག་གིས་ནམ་ཡང་འདུལ་དཀའ་ཞིང༌། སློབ་གཉེར་བ་རྣམས་ལ་སློབ་གཞི་སློབ་འདོད་ཀྱི་འདུན་པ་དེ་ཡང་ཡོང་དཀའ་བ་ཞིག་རེད།
༸གོང་ས་མཆོག་གིས་ལས་རིགས་གང་དང་གང་ཞིག་ཡིན་ཡང་རང་རྐྱ་འཕེར་བའི་སྒོ་ནས་བསམ་བློ་གཏོང་ཐུབ་པ་དང༌། འཆར་གཞི་བཀོད་ཐུབ་པ། ལག་ལེན་བྱེད་ཐུབ་པ་བཅས་ཀྱི་རིགས་གཅིག་རྐང་འཛིན་པ་ཐོན་པ་བྱེད་དགོས། རིགས་གཅིག་རྐང་འཛིན་གྱི་མི་བཅུ་བྱུང་ཡང་དེའི་ཚོད་ཀྱི་ནུས་པ་ཐོན་རྒྱུ་དང༌། མི་བརྒྱ་ཐམ་པ་བྱུང་ནའང་དེའི་ཚོད་ཀྱི་ནུས་པ་ཐོན་རྒྱུ་རེད་ཅེས་ངས་འབོད་སྐུལ་རིམ་པར་བྱས་པ་ཡིན། དེ་ལྟར་འབོད་སྐུལ་བྱས་ཏེ་ལོ་སུམ་ཅུ་ཙམ་ཕྱིན་སོང༌། ཐོག་མའི་ལོ་ཉི་ཤུ་ང་ཚོས་རྐང་པ་འཛུགས་ཐབས་བྱས་པ་དང༌། དེ་རྗེས་ཀྱི་ལོ་སུམ་ཅུ་མ་ཟིན་ཙམ་རིང་ང་ཚོས་ཡར་རྒྱས་གཏོང་རྒྱུ་དང༌། ཚགས་ཚུད་གཏོང་རྒྱུའི་ལས་ཀ་དེ་དག་ཡག་པོ་ཞིག་བྱུང་ཨེ་ཡོད་བསམ་གྱི་འདུག་ཅེས་གསུངས་པ་ལྟར་ྋགོང་ས་སྐྱབས་མགོན་ཆེན་པོའི་ཐུགས་རེ་ཇི་བཞིན་བོད་མི་རིགས་ཀྱི་མ་འོངས་པའི་དར་རྒྱས་ལ་ཕན་རླབས་ཆེན་པོ་བསྐྲུན་ནུས་པའི་སློབ་གཉེར་བ་ཞིག་སྐྱེད་སྲིང་བྱེད་པ་ལ་ད་དུང་དེ་ཙམ་གྱིས་མི་ཆོག་པར། བོད་ཀྱི་སྐད་ཡིག་དང་ཆོས་ལུགས་ཀྱི་སློབ་ཚན་རྣམས་གཞིར་བཞག་པའི་ཐོག། ཨང་རྩིས་དང༌། ཚན་རིག དེང་རབས་སེམས་ཁམས་རིག་པ། དབྱིན་ཇི་དང༌། ལེགས་སྦྱར། པ་ལིའི་སྐད་སོགས་སྐད་རིགས་གཞན་པ་དང༌། གཞུང་ལུགས་བྱེ་བྲག་པ་དང༌། གྲུབ་མཐའ་བྱེ་བྲག་པ། རྒྱུད་སྡེ་བྱེ་བྲག་པ་སོགས་ཀྱི་ཆེད་སྦྱོང་གི་སློབ་ཚན་ཀྱང་ངེས་པར་དུ་གྲ་སྒྲིག་བྱེད་དགོས་པ་དང་། སློབ་གཉེར་དྲག་གྲས་ནང་ནང་དོན་རིགས་པའི་རིགས་གཅིག་རྐང་འཛིན་གྱི་ལས་གཞི་གོ་སྒྲིག་བྱེད་མ་ཐུབ་ཀྱང་ལྷ་རམས་ཐོན་ཟིན་པ་རྣམས་ལ། རང་རང་གི་འདོད་མོས་བཞིན་གཞུང་ལུགས་བྱེ་བྲག་པ་ཞིག་ལ་རིགས་གཅིག་རྐང་འཛིན་བྱེད་དགོས་ཚུལ་གྱི་སྐུལ་འདེད་བྱེད་རྒྱུ་དང་། རིགས་གཅིག་རྐང་འཛིན་ཐོན་མཚམས་སུ་ཨང་རིམ་ལ་གཞིགས་ནས་སློབ་གཉེར་བའི་འཛིན་གྲྭའི་དགེ་རྒན་ལ་དམིགས་འཛུགས་བྱེད་དགོས།
དེ་རྣམས་ཀྱིས་གཞུང་ལུགས་ཁག་ལ་རིགས་གཅིག་རྐང་འཛིན་བྱེད་སྐབས་སུ་དགོས་ངེས་ཀྱི་རྨང་གཞིའི་ཆ་རྐྱེན་ཁག་ཅིག གཞུང་དེའི་ཁུངས་གཏུག་སའི་མདོ་དང་བསྟན་བཅོས་ལ་འགྱུར་ཁྱད་ཡོད་མེད་དང་། འགྱུར་ཁྱད་ཀྱི་དབང་གིས་མཁས་པའི་བཞེད་ཚུལ་མི་མཐུན་པ་བྱུང་ཡོད་མེད། རྐང་འཛིན་བྱེད་སའི་གཞུང་དེའི་རྩོམ་པ་པོ་དང་། དེས་ཡུལ་གང་དུ། རྒྱུ་རྐྱེནཅི་འདྲ་ཞིག་གི་འོག་ཏུ། ཚུལ་ཇི་ལྟར་བརྩམས་པ་དང་། རྩོམ་པ་པོས་སློབ་མ་སུ་དང་དེས་གང་དང་གང་ལ་འཆད་ཉན་སྤེལ་བ་དང་། དུས་ཚིགས་སོ་སོར་ཡུལ་ཕྱོགས་གང་ནས་གང་དུ་ཁྱབ་ཡོད་མེད། བོད་དུ་དུས་ནམ་ཞིག་དང་། རྒྱལ་པོ་གང་ཞིག་གི་བཀའ་ལུང་འོག་པཎྜི་ཏ་དང་ལོ་ཙྭ་བ་སུ་དང་གང་གིས་ཐོག་མར་བསྒྱུར་བ་དང་། འགྱུར་བཅོས་ག་ཚད་ཕྱིན་ཡོད་མེད། གཞུང་སོ་སོར་འགྲེལ་བ་འགྲེལ་བཤད། སྤྱི་མཐའ་དཔྱོད། མཆན་དང་། ཟིན་བྲིས་ཁག་ག་ཚད་བྱུང་བ། གཞུང་སོ་སོར་སྐབས་དང་རབ་བྱེད་ལེའུ་སོགས་ག་ཚད་ཀྱིས་གྲུབ་ཡོད་མེད་དང་། ཤོག་ལྡེབ་ཅི་ཙམ་བཞུགས་པ། གང་དུ་དཔར་སྐྲུན་གནང་བ། གོང་གསལ་དེ་ཁག་འཕེལ་དང་འགྲིབ། དེས་བོད་ཀྱི་སྤྱི་ཚོགས་དང་རིག་གཞུང་ལ་ཤུགས་རྐྱེན་ཅི་ཙམ་ཐེབས་ཡོད་མེད་ཁ་གསལ་ཐོག་དཀའ་གནས་གང་དང་གང་ཡོད་ཚུལ། དེ་ལ་མཁས་པ་གཞན་གྱིས་བཤད་ཚུལ་མི་མཐུན་པ་གང་ཡོད། རང་ཉིད་ཀྱི་འདོད་ཕྱོགས་གང་ཡིན་པ་དང་དེའི་རྒྱབ་ལྗོངས་སུ་ལུང་རིགས་གང་ཡོད། ལྷག་པར་རིགས་པས་སྒྲུབ་བྱེད་གང་ཡོད་སོགས་གནད་དུ་ཁེལ་བའི་དངོས་ཐོག་བདེན་འཚོལ་གྱི་རིགས་པས་སྒྲུབ་བྱེད་ལྡན་པའི་རྩོམ་ཤོག་བྲིས་ནས་ཡིག་ངག་གཉིས་ཐོག་ནས་རྒྱུགས་སྤྲོད་བྱེད་དགོས།
དེ་ལྟར་བྱས་ན་རྒྱལ་སྤྱིའི་ཚད་གཞི་ཅན་གྱི་ནང་བསྟན་མཚན་ཉིད་རིག་པའི་མཁས་དབང་མང་པོ་ཞིག་སྐྱེད་སྲིང་བྱེད་ཐུབ་པ་དང༌། ཆོས་ལུགས་འདིའི་མ་འོངས་པའི་རྒྱུད་འཛིན་ཐད་ཀྱི་སེམས་ཁྲལ་དེ་ཡང་ཞི་ངེས་པར་མ་ཟད། བོད་བརྒྱུད་ནང་བསྟན་གྱི་སྙན་གྲགས་ད་ལྟ་ལས་ཀྱང་རྒྱས་པ་དང༌། བོད་བརྒྱུད་ནང་བསྟན་འབུམ་རམས་པའི་གོ་མིང་དེ་ཡང་བདེ་བླག་ཏུ་འབྱུང་ངེས་ཤིག་རེད། དེ་ལྟའི་འཆར་གཞི་དང་ལག་ལེན་མྱུར་དུ་མགོ་འཛུགས་དགོས་ཏེ། རང་ཅག་མ་གཏོགས་བོད་བརྒྱུད་ནང་བསྟན་གྱི་ལ་རྒྱ་དང་དེའི་འཕེལ་རྒྱས་ལ་ཤ་ཚ་བྱེད་མཁན་སུ་ཞིག་ཡོད། ༸གོང་ས་མཆོག་གིས། དེ་བཞིན་ཆོས་རྒྱུད་ཁག་གི་བཤད་གྲྭ་ཚོ་ཧ་ཅང་ཡག་པོ་ཡོད། ད་དུང་ཡར་རྒྱས་གཏོང་དགོས་ཞེས་སྔ་ལོ་ང་ཚོ་སྐད་ཆ་བྱུང༌། ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཞེས་པའི་ཚིག་གཉིས་པོ་འདིའི་ནང་ང་ཚོས་ལས་ཀ་བྱེད་རྒྱུ་མང་པོ་ཡོད་པ་དེ་ལ་ང་ཚོས་བསམ་བློ་གཏོང་དགོས་ཞེས་སྐད་ཆ་བྱུང༌ཞེས་གསུངས་པ་ལྟར་མི་ཉམས་གོང་འཕེལ་དུ་གཏོང་ཚུལ་ལ་འབྲེལ་ཡོད་ཚང་མས་བློ་རྩེ་གཅིག་སྒྲིམ་གྱིས་བསམ་བློ་གཏོང་རྒྱུ་གལ་གནད་ཤིན་ཏུ་ཆེ་བས་དེ་དོན་ཐུགས་མངའ་ཡོང་བ་ཞུ།
གོང་དུ་བཤད་པའི་སྐད་ཆ་འདི་དག་ལྷག་བསམ་རྣམ་པར་དག་པའི་ངང་ྋགོང་ས་སྐྱབས་མགོན་པོའི་ཐུགས་བཞེད་འགྲུབ་ཐུབ་པ་དང༌། བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་དུས་རབས་འདིའི་ནང་རང་རྐྱ་འཕེར་བའི་ངང་ཡར་རྒྱས་སུ་འགྲོ་ཐུབ་པ། ད་ལྟ་དང་མ་འོངས་པའི་གདན་སའི་སློབ་གཉེར་བ་རྣམས་ཀྱི་མི་ཚེའི་མདུན་ལམ་དོན་ལྡན་ཞིག་འོང་ཐབས་ལ་རང་གི་རྣམ་དཔྱོད་ཀྱིས་ལྕོག་ཚོད་ཅིག་བཤད་པ་ལས། རང་དོན་སྒྲུབ་ཐབས་དང༌། ཡང་ན་སྐད་གྲགས་འགྲོ་ཐབས། རང་རེའི་ལས་ཀྱི་སྣེ་མོར་གཏོགས་པ་རྣམས་ལ་ལྟ་ཚུལ་ངན་པ་འཆང་བ་སོགས་གཏན་ནས་མིན་པས་གཟིགས་པོ་རྣམས་ཀྱིས་ཞིབ་འཇུག་གཟབ་ནན་དང༌། ཐུགས་དཀྱེལ་ཆེན་པོ་ཞིག་གནང་པའི་རེ་བ་དང་ཡིད་ཆེས་རྩེ་གཅིག་ཏུ་བྱེད་བཞིན་ཡོད། སྤྱི་ལོ་ ༢༠༡༠ ལོའི་ ༠༨ ཚེས་ ༠༨ ཉིན།
ཁོ་བོས་༢༠༠༧་ལོར་དུས་རབས་གསར་པའི་དགོན་སྡེའི་སློབ་གསོའི་ཁ་ཕྱོགས་ལ་ཅུང་ཟད་དཔྱད་པ་ཅེས་པའི་རྩོམ་ཡིག་ཅིག་སྤེལ་ཟིན་པ་དེའི་སྙིང་དོན་གཞིར་བཞག་ཐོག་ཁ་སྣོན་ཅུང་ཙམ་བྱས་ཏེ་བྲིས་པ་ཞིག་ཡིན། གདན་སའི་སློབ་གཉེར་ཁང་ཞིག་ལ་ཕུད་བསམ་ཡང་རྐྱེན་དབང་ཞིག་གིས་ཕུད་ཐུབ་མ་སོང་བས་དྲ་ཐོག་ཏུ་བཀོད་པ་ཡིན།
བསམ་འཆར་འདི་རིང་དྲགས་པས་ཀློག་ཐུབ་མ་སོང་། འོན་ཀྱང་། རགས་ཙམ་བཀླགས་ནས་སྡོམ་ཞིག་བརྒྱབ་པ་ཡིན་ན་ཏན་ཏན་ཕན་ནུས་ལྡན་པ་ཞིག་གླེང་འདུག ཡིན་ནའང་། དེ་ལྟར་འགྲུབ་རྒྱུ་ནི་ཧ་ཅང་གི་ཁག་པོ་ཞིག་རེད། གང་ཡིན་ཟེར་ན། བཤད་ས་རྣམས་ཀྱི་བློ་དང་མི་འཚམས་པར་མ་ཟད་བཤད་མཁན་དག་གིས་ལག་ལེན་བྱེད་ཐུབ་མིན་དཀའ་ངལ་རེད། རྒྱུ་མཚན་དེའི་ཕྱིར་ཕལ་ཆེར་འགྲུབ་མི་སྲིད་པ་ཞིག་རེད། ཚང་མས་འདི་ཡག་པོ་འདུག་ཟེར་བ་ཙམ་མིན་པར་ཡག་པོ་ཡིན་པར་མཐོང་ན་དེ་ལ་འབད་པ་བྱེད་རྒྱུ་ནི་འོས་འགན་ཞིག་དུ་མཐོང་།
གདན་ས་རང་རང་གི་ཡིག་ཆས་རྒྱ་གཞུང་གི་མཚོན་རྗེ་ཡབ་སྲས་ཀྱི་གཞུང་ཁག་གི་དགོངས་དོན་ཐུན་མོང་མ་ཡིན་པ་རེ་ལེན་ཐུབ་པས་ཡིག་ཆ་ཟུར་ལ་འཇོག་རྒྱུར་དགོས་མཚན་གང་ཡང་མ་མཐོང་། ཡིན་ན་ཡང་དུས་རྒྱུན་དུ་ཚོགས་རྒྱུན་ཐུང་རུ་བཏང་ནས་རྒྱ་གཞུང་ཁག་ལ་ངེས་བར་དུ་གཟིགས་རྒྱུའི་གོ་སྐབས་ཞིག་ལེན་ཐུབ་ན་ལེགས།དེ་ཡང་སྡེ་ཁག་རེར་རང་རང་གི་ཁྱད་ཆོས་འབུར་དུ་ཐོན་པའི་དམངས་ཁྲོད་ཀྱི་རིག་གཞུང་མི་འདྲ་བ་ཡོད་པས་སྡེ་ཁག་དག་གཅིག་བསྡུས་བྱས་ན་དམངས་ཁྲོད་རིག་གཞུང་གི་ཁྱད་ཆོས་མང་བོ་ཞིག་རང་བཞིན་གྱི་ཁྱད་ཆོས་མེད་པ་ཆགས་འགྲོ་བ་དང་གཅིག་པ་རེད་དཔེར་ན་ལྷ་སའི་དམངས་ཁྲོད་ཀྱི་རིག་གཞུང་གི་ཁྱད་ཆོས་ཁམས་དང་ཨ་མདོས་མྱོང་མི་ཐུབ་པས་དེ་འདྲ་དམངས་ཁྲོད་ཀྱི་རིག་གཞུང་དེ་རིམ་གྱི་ལྷ་ས་བས་ཡང་དེ་ཙམ་གྱིས་ཁྱད་ཆོས་མཐོང་མི་ཐུབ་པ་དང་གཅིག་མཚུངས་རེད།
རི་བོང་ལགས།ཁྱོད་ལ་བསམ་བློ་དེ་ཡོད་ན་རྒྱབ་བཤད་ཀྱི་ཕན་ཐོག་མེད་པ་དེ་ཤེས་དགོས་ཀྱི་རེད།དེ་ལས་ཁྱེད་རང་གདན་སའི་གྲྭ་བ་ཞིག་ཡིན་ན་བསམ་ཚུལ་དེ་མངོན་འགྱུར་བྱེད་དགོས།དེ་སེར་བྱེས་ལ་གྲོས་ཚོགས་ཟེར་བ་ཞིག་ཡོད་པ་འདྲ་དེ་དག་བརྒྱུད་ནས་བྱ་བ་བྱེད་ཐུབ་ན་གྲུབ་འབྲས་ཐོན་སྲིད།ཁྱོད་ཀྱི་ང་ལ་དེང་དུས་ཤེས་ཡོན་ཟེར་བ་དེ་གང་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཟེར་བ་དེ་ངས་ཁྱེད་ལ་འདྲི་བ་བཏང་ཆོག་པ་ཞིག་རེད།ངས་བསམ་ན་དེང་དུས་ཀྱི་ཤེས་ཡོན་པ་ཟེར་ན་གང་འདྲ་ཞིག་ཆག་དགོས་པ་རེད།མི་ལ་བློ་རབ་འབྲིང་ཐ་གསུམ་ཡོད་པས་གྲྭ་བའི་སྤྱི་ཚོགས་ནང་དུ་ཡང་ཡོད།དེ་དག་ཡོངས་ལ་ཤེས་ཚུལ་གཅིག་མཚུངས་ཞིག་ཡོངས་སྲིད་དཀའ།བརྒྱ་ཅིའི་ཉི་ཤུ་ཐ་པ་ལ་དེང་དུ་ཚན་རིག་དང་ཐུན་མོང་རིག་གནས་སྤྱི་ཚོགས་ཀྱི་ཤེས་བྱ་དག་ད་དུང་མཚན་ཉིད་རིག་པའི་གཞུང་ལུགས་རྩིས་འཁོར་རིག་པའི་ཤེས་བྱ་དག་ལ་མི་དམན་པ་ཞིག་རེད་ཟེར་ཆོག ཁྱོད་རང་ཡིད་ཆོས་མེད་ན་ཁྱོད་རང་ལ་བསམ་པ་ཡིན་འགྲོ་གཞན་ལ་བསམ་བློ་རེ་བཏང་ན་རན་པོ་རེད།སྤྱི་ཚོགས་གང་འདྲ་ཞིག་ཡིན་ཡང་ཤེས་ཚུལ་འདྲ་ཉམས་ཞིག་ཡོངས་མི་སྲིད།
རྒན་ནས་དོན་དངོས་མང་པོ་ཞིག་གླེང་འདུག་ངོ་མ་ཀུན་ཁྱབ་སེམས་འཁུར་ཟེར་ན་ཡང་མི་ཆོག་པ་གང་ཡང་མེད་པ་འདྲ་གང་ཡིན་ཟེར་ན་གོ་ལ་འདིའི་སྟེང་གི་གཅེས་ནོར་གྱི་ཆག་འཇིག་གི་གླེང་བས་ཡིན། ཡིན་ཡང་༸གོ་ས་མཆོག་གིས་དགེ་ལུགས་སྤྱི་ལ་ཁྱབ་པའི་སྒྲིག་གཞི་དགོས་བསྐོར་གསུངས་བ་དེས་གདན་ས་གསུམ་ལ་སློབ་གཞི་གཅིག་གྱུར་དང་སློབ་ཚན་གཅིག་གྱུར་འཛིན་རིམ་གཅིག་གྱུར་དགོས་བསྐོར་ལ་ཇི་ལྟར་འགྲེལ། དྲི་བ་གཞན་ཞིག་ནི་སློབ་གཞི་གཅིག་གྱུར་ཟེར་བ་དེ་ཡང་རྗེ་ཡབ་སྲས་ཀྱི་གཞུང་ལྟ་བུ་གཅིག་གཞི་ལ་བཟུང་ཚུལ་ཡིན་ནམ་གང་ཡིན་ནམ། ཡིག་ཆ་སོ་སོ་ཟུར་ལ་འཇོག་རྒྱུ་དེ་ཡིན་ནམ།དེ་ཡིན་ན་གཅིག་གྱུར་དེས་ཐུན་མོང་མ་ཡིན་པའི་གོ་བ་ལེན་སྟངས་དེ་ཡང་འབུར་འཇོམས་མི་བྱེད་པའི་ངེས་བ་མེད་པའིས་དེའི་ཐད་ནས་གསལ་བྱེད་ཞིག་ཡོད་པར་མཁྱེན།
དྲ་གྲོགས་གྲྭ་རྒོད་ལགས།
གདན་སའི་གྲྭ་བའི་སྦྱང་བྱ་དག་ཤེས་དགོས་ན་ལོ་མང་རིང་དཀའ་ལས་རྒྱག་དགོས་པ་ལོས་ཤེས། གཅིག་བྱས་ན་ཁྱོད་ལས་ང་ལ་རྒྱུས་ཡོད་སྲིད། དེང་དུས་ཀྱི་ཤེས་ཚད་ཀྱི་ཕྱོགས་ནས་གདན་སའི་གྲྭ་བ་དག་གཏན་ནས་སྐྱོ་བོ་མིན་ཟེར་ན་དངོས་ཡོད་ལ་བསྙོན་པ་རང་རེད། སྐུ་ཉིད་ཀྱིས་དེང་དུས་ཀྱི་ཤེས་ཚད་ཡོད་པའི་ཚད་གཞི་ཅི་འདྲ་ཞིག་ལ་ངོས་འཛིན་གྱིན་ཡོད། གདན་སའི་གྲྭ་བ་ཚོ་མི་རྐྱ་ལས་ཤེས་ཚད་ཡག་དགོས་མོད་དེ་ལྟར་ཡིན་པའི་ཁ་ཚོན་ནམ་ཡང་གཅོད་མི་ཐུབ། གྲྭ་བ་ཚོ་མི་རེ་གཉིས་ཆོས་ཅན་ལ་བཙུགས་ནས་སྒྲུབ་བྱེད་གཏོང་རྒྱུར་ཤིན་ཏུ་དགའ་མོད། དེ་ཙམ་གྱིས་གར་ཡང་མི་ཕྱིན། སྤྱི་ཡོངས་ཀྱི་གནས་སྟངས་བཤད་སྐབས་སྤྱི་བྱིངས་ལ་ལྟ་དགོས་པས། ཅི་འདྲ་ཡིན་པ་ས་རིས་ཐང་གསལ་རེད། དེང་སྐབས་ཀྱི་བོད་ཕྱི་ནང་གི་གྲྭ་རྒྱུན་གྱི་གནས་སྟངས་ལ་གཟིགས་དང་རིམ་འགྱུར་ལ་སྒུག་ལོང་ཞིག་འདུག་གམ། དེང་སྐབས་གཞུང་གསར་རྙིང་དང་དབུ་ཕར་གྱི་ནང་ན་ཕེབས་བཞིན་པའི་གྲྭ་གཞོན་ཚོ་ཤེས་འཇོན་གཉིས་ལྡན་ཞིག་བཟོ་མ་ཐུབ་ན་ད་ཚར་བ་རེད་མཁྱེན་སོང་ངམ། ༸གོང་ས་མཆོག་གིས་ཀྱང་ཁ་སང་སེར་སྨད་འདུ་ཁང་ནང་དུ་འང་ (མཐུན་རྐྱེན་ཡག་ཏུ་ཕྱིན་ཞིང་། སློབ་གཉེར་གྱི་སྤུས་ཀ་ཞན་དུ་ཕྱིན་ན་ཉམས་གསོ་བྱ་ཁག་པོ་རེད། འདིའི་ཐད་གཙོ་བོ་མཁན་པོ་ཚོས་འགན་བཞེས་དགོས་པ་རེད། འཛེམ་ཟོན་སྤངས་ཏེ་འགན་ལེན་དགོས། མཁན་ཐོག་རིང་ཟོག་པོ་བྱས་བསྡད་ནས་རྗེས་སུ་མཁན་པོ་འཁྱོལ་སྐབས། གྲྭ་དམངས་ཚོས་མཁན་པོ་ཁོང་ཡག་པོ་ཡོད། ང་ཚོར་ཚ་འདེད་བཏང་མ་སོང་ཟེར་བའི་མིང་གི་དོན་དུ་འཛེམ་ཟོན་བྱས་བསྡད་ན་ནོར་འཁྲུལ་ཆེན་པོ་རེད། སངས་རྒྱས་ཀྱི་བསྟན་པ་སྤྱི་དང་། ཡང་སྒོས་འཇམ་མགོན་བླ་མའི་བསྟན་པ་ལ་ཁྱད་གསོད་བྱས་པ་རེད། དགེ་རྒན་ཚོ་ཡང་དེ་དེ་བཞིན་རེད།) ཅེས་གསུང་མི་འདུག་གམ། ཁོང་གིས་གསུང་ལྕི་མོ་ག་ཚོད་གནང་ན་མཁན་པོ་ཚོས་རྣ་རྒྱབ་ཀྱི་ལྷག་པ་ནང་བཞིན་བཞག་ཡོད་པ་འདི་ངོ་མ་སེམས་པ་སྐྱོ་དགོས་པ་རེད། རིགས་གཅིག་རྐང་འཛིན་གྱི་ཐོག་ལ་བཀའ་སློབ་ག་ཚོད་ཕེབས་ཚར་བ་རེད། དེ་དང་དེ་བཞིན་མང་པོ་ཡོད་པ་རེད། ཁོ་རང་ཚོའི་ཞེ་འདོད་དང་མཐུན་ན་༸གོང་ས་མཆོག་གི་བཀའ་རེད་དེ་དང་མ་མཐུན་ན་རྣ་རྒྱབ་ཀྱི་རླུང་བུ་རེད། ཅི་ཙམ་བཤད་ཀྱང་ཕན་ཐོགས་མེད་པ་ཁྱེད་ཀྱི་དགོངས་པའང་རེད་ལ་འདྲ་བོ་འདུག་པས། ད་འབྲི་མཚམས་འཇོག
རི་བོང་ལགས་ལ་ཆེད་ཞུ།ངས་སེམས་ལ་མ་ཤོང་བ་གཏན་ནས་མིན་འོན་ཀྱང་ཇི་ཙམ་བཤད་ཀྱང་ཕན་ཐོག་མེད།རིམ་པའི་ཐབས་ལམ་ཞིག་འཚོལ་རྒྱུ་རེག་ན་ཤུན་ཏུ་ལགས།
གདན་སའི་གྲྭ་བའི་སྦྱང་བ་དེ་དག་ཤེས་འདོད་ན་གླེག་བུམ་དག་ལ་ལོ་མང་རིང་ལ་སྦྱང་བ་བྱེད་རོགས།དེང་དུས་ཤེས་ཚུལ་ཀྱི་ཕྱོགས་ནས་བཤད་ན་ཡང་གཏན་ནས་སྐྱོ་བོ་མིན་ལ་བོད་མའི་ནང་མི་རྐྱ་ལས་གདན་སའི་གྲྭ་བ་ཚོ་ལ་ཤེས་ཚུལ་གང་གི་ཕྱོགས་ནས་ཡང་འབུར་ཏུ་ཐོན་ཡོད་ཟེར་ཆོག་པ་ཞིག་རེད།
རྩོམ་ཡིག་འདི་དང་པོ་སྤེལ་དུས་ནས་མཐོང་སོང་མོད། རིང་དྲག་ནས་ཀློག་འདོད་ཀྱི་ཡི་ག་འགག་སོང་། དེ་རིང་མཆན་བུ་ཡང་གང་འཚམ་མང་དུ་སོང་འདུག་པས། ཨུ་ཚུགས་ཀྱིས་ཞིབ་ཀློག་ཐེངས་གཅིག་བྱས་པ་ཡིན། དུས་སུ་བབ་པའི་སྐད་ཆ་གནད་དུ་ཐིངས་པ་རེ་གསུངས་འདུག་ཀྱང་། གྲྭ་རྒོད་དང་། ལྷོ་མཐའི་ཉི་ཟེར། བསྟན་འཇམ་སོགས་ཟིན་བྲིས་པ་འདི་ཚོའི་སེམས་ལའང་མ་ཤོང་རྙོག་དྲ་བཤད་ཀྱིན་འདུག་ན། གདན་སའི་ཁ་ཅན་དབང་ཅན་ཚོའི་ཐུགས་ལ་མི་ཤོང་བ་ཐག་བཅད་ཆོག་པ་ཞིག་རེད། ཡིན་ནའང་ང་ཚོས་མུ་མཐུད་དུ་འབྲི་དགོས་པ་རེད། མུ་མཐུད་དུ་བཤད་དགོས་པ་རེད། རྗེས་སུ་ཡི་རངས་ཡོད། འོན་ཀྱང་འདི་དག་ལག་ལེན་གྱི་ཕྱོགས་ལ་གཞོལ་ཐུབ་པའི་ཆེད་དུ་འབད་རྒྱུ་དེ་ལས་ཀྱང་གལ་ཆེ་བར་སྙམ།
སེར་བྱེས་བྱ་བྲལ་གྲོས་ཚོགས་འཐུས་མི་བློ་བཟང་དཔལ་ལྡན་ལེགས་ཀྱི་བསམ་ཚུལ་བཀོད་པ་མཐོང་ནས་གླེག་འདོད་བྱུང་ཡང་མང་བས་གླེག་ཐུབ་མ་སོང་།ཡིན་ན་ཡང་བ་ཉལ་སྟིང་ལ་བལྟས་ན་འཇུག་པོ་དཀྱོག་ཡོད་པ་ཤེས་སོང་།ཁྱོད་ཀྱི་བསམ་འདི་དག་འགྲུབ་མི་ཐུབ་པའི་བསམ་ཚུལ་ཞིག་ཡིན་པས་འབྲས་བུ་མངོན་འགྱུར་བྱེད་ཀྱི་མེད་ཟེར་ན་ཡང་ཆོག དོན་ངོས་ལ་བསམ་ན་གྲྭ་སའི་གྲྭ་སྤྱང་བྱ་དག་བོད་ཀྱི་སྤྱི་ཚོགས་ནང་ཤེས་ཚུལ་སྐྱོ་གྲགས་ནས་མ་མཐོང་བ་ཞིག་རེད།གྲྭ་སའི་གྲྭ་བའི་སྦྱང་བའི་ཤེས་བྱ་དེ་དག་ནང་གི་ཤེས་བྱ་དག་ལ་ཞིབ་འཇུག་བྱས་བའི་ཡོན་ཏན་ཡིན་པས་མ་སྦྱང་བར་ཤེས་ཐུབ་མེད་ལ་མཐོང་ཡང་དཀའ།དེ་ལས་ཁྱོད་ཀྱི་འགྱུར་བྱེད་བྱེད་དགོས་རེད་ལ་འཁོར་ཡིག་དང་དང་དུས་དང་བསམ་བློ་ཁ་ཕྱོགས་སོགས་ཀྱི་ཐད་ཞིབ་འཇུག་དང་གྲྭ་མང་རང་གི་བསམ་ཚུལ་ལེན་བྱེད་ཀྱི་ར་བ་ཞིག་སྐྲུན་དགོས་དེ་མིན་ལོ་མང་རང་བསྒྲུབ་ཐུབ་མེད་ལ་འགྲུབ་པ་ཡང་མེད།
འབྲི་ན་འདི་ལྟར་འབྲི་དགོས་པ་རེད། ཡོད་ཚད་ལ་ཡིད་ཆེས་བྱེད་དཀའ་ཡང་། བརྒྱ་ཆའི་བདུན་ཅུ་བདེན་པ་རེད། མཆན་འདེབས་མཁན་ཚོས་ཀྱང་བརྗོད་གཞི་དང་འབྲེལ་་གླེང་རྒྱུ་གལ་ཆེན་རེད། རྩོམ་ཡིག་འདི་ལྟ་བུ་ཞིག་འབྲི་བ་ལ་དུས་ཚོད་དང་བསམ་བློའི་ནུས་ཤུགས་གང་མང་འདོན་དགོས་པ་ཤེས་ན་བཟང་གི་སྙམ།
དེ་རིང་སེར་སྨད་འདུ་ཁང་ཐོག་ཁར་༸གོང་ས་མཆོག་གིས་་གདན་སའི་སློབ་ཚན་ལ་ཚན་རིག་གཞག་གལ་ཆེ་བ་ཡང་བསྐྱར་གསུངས་སོང་བས་ང་ཚོའང་རྡོ་བཞིན་མི་སྡོད་པར་འགྱུར་བ་ཞིག་གཏོང་རན་རེད།
རྒན་ལགས་ཀྱིས་གདན་སའི་སློབ་གཉེར་བྱེད་ཕྱོགས་འགྱུར་བ་གཏོང་དགོས་ཀྱི་འདུག་ཅེས་པ་ལ་མཆན་ལན་སློག་འདོད་སྐྱེས་པ་དེ་འདྲ་མིན ། འཕོ་འགྱུར་གཏོང་སྟངས་ཀྱི་ཆ་ནས་བློ་ཇུས་གསར་འདོན་བྱས་པ་དེ་འོས་ཤིང་འཚམས་པ་ཞིག་རེད་ཅེས་མཐའ་གཅིག་ཏུ་ངོས་འཛིན་བྱས་པའི་མོས་འདུན་མེད །
དེང་དུས་ཀྱི་ཤེས་ཡོན་ཆ་ཚང་བ་ཞིག་གདན་སའི་སློབ་གཞིར་གསར་འཛུགས་བྱས་པའི་དབང་དུ་བཏང་ན་ནང་བསྟན་ཆོས་ལུགས་ཀྱི་གཞུང་གི་ཟབ་དོན་གཏིང་ཟབ་ནས་གོ་བ་བརྙེས་པའི་གོ་སྐབས་རིང་དུ་ཆས་འགྲོ །
དུས་ཚོད་ཉི་ཤུ་རྩ་བཞིར་གོ་བགོས་པའི་སློབ་གཉེར་ལ་ཆ་མཚོན་ན་དབུ་ཕར་གཞུང་གི་ཟབ་དོན་ལ་དུས་ཚོད་གཅིག་གཉིས་ཤིག་བཏང་བས་གོ་བ་ཆེ་ལུང་ཙམ་ཡང་རྙིད་རྒྱུ་ཁག་པོ་ཡིན་པ་གདན་སའི་སློབ་གཉེར་བ་རྣམས་ཀྱི་མྱོང་བའི་གྲུབ །
སློབ་ཚན་ནང་ལ་ཚན་རིག་སྡེ་ཚན ། ས་རྒྱུས ། དངོས་ལུགས ། རྫས་འགྱུར་སོགས་ཆ་ཚང་བ་ཞིག་བཅུག་ན་དུས་ཚོད་ཆ་མང་པོ་ཞིག་སྡེ་ཚན་དེ་གའི་ཐད་ལ་གཏོང་དགོས ། དུས་ཚོད་རེ་རེ་བགོས་ནས་སློབ་གཉེར་བགྱིས་པ་ལ། ཉི་མ་རེ་རེ་ལ་ནང་བའི་གཞུང་ལུགས་སྦྱང་བའི་དུས་ག་ཚོད་ལྷག་ཡོད ། དུས་ཚོད་ཀྱི་སྐོར་ལ་ཐུགས་སྙམ་འཇོག་རྒྱུ་གལ་འགངས་ཆེ་བའི་གནད་ཅིག་ཡིན་པ་གསར་རྗེ་པ་རྣམ་ཀྱི་བློ་ཡུལ་དུ་ཤོང་དགོས །
རྒན་ལགས་ཀྱིས་གསུང་བ་ཅི་བཞིན་དགོས་མེད་ཀྱི་རྟགས་གསལ་ཚིག་སྐམ་དེ་ཚོ་རྩ་གཏོར་དང། གཞུང་གི་གོ་རིམ་སྒྲིག་པ ། ཚིག་འགྲེལ ། གཞུང་གི་དོན་གནད། དོན་དག་དེ་སྒྲུབ་བྱེད་ཀྱི་རིགས་ལམ་ལ་སྦྱངས་བཤད་བགྲོ་གླེང་བྱེད་པ་ལ་ཚིག་གི་ནུས་པ་ལ་མ་ལྟས་པར་ཡོང་ཐབས་མེད་པ་ཞིག་ཡིན་པ་རྒན་ལགས་ཀྱི་མྱོང་བའི་གྲུབ་ཡོད་ཤས་ཆེ །
སློབ་ཁྲིད་དགེ་རྒན་ཆེད་བསྐོས་བྱ་དགོས་པའི་འཆར་ཟིན་འདི་ལ་གཞིག་ན ། བཤེས་གཉེན་བརྟེན་ཚུལ་གྱི་གོ་རིམ་དེ་ཡང་འཆུག་གི་ཡོད་པ་སློབ་སྦྱོངས་བྱེད་ཕྱོགས་དེང་དུས་ལ་ཁ་ཕྱོགས་པའི་རྐྱེན་གྱིས་གྲུབ་ཡོད །
རྩོམ་ཡིག་འདིས་ཧ་ཅང་གནད་འགག་ཅན་གྱི་དོན་དག་ཅིག་གླེང་གི་འདུག་བསམ། ལྷག་པར་དུ་༼ འཛིན་གྲྭའི་ནང་གཞུང་ཆེན་ཁག་ལ་བརྡར་ཤ་གཅོད་མི་ཐུབ་མཁན་རྣམས་ལ་རིགས་གནས་ཆུང་ཁག་གི་སློབ་གཞི་གོ་སྒྲིག་བྱེད་དགོས། ༽ཞེས་པ་འདི་ནི་རང་གི་ཉམས་མྱོང་ལ་དཔགས་ན་ཧ་ཅང་གལ་ཆེན་ཞིག་རེད། གྲྭ་སར་གཞུང་ཆེན་ཁག་ལ་བརྡར་ཤ་ཆོད་པའི་བརྩོན་འགྲུས་དང་ཤེས་རབ་མེད་མོད་གང་ཡང་ཤེས་མི་ཐུབ་པའི་དབང་རྟུལ་དེ་འདྲ་ཡང་མིན་པ་མང་པོ་ཞིག་ཡོད། དེ་ཚོ་སློབ་གཉེར་བ་རྩེ་ཕུད་དག་དང་མཉམ་བསྲེས་ཀྱིས་སྒྲིག་ཁྲིམས་གཅིག་གིས་ལོ་ནས་ལོར་མཐུད་དེ་ཅི་ཙམ་དེད་ཀྱང་སློབ་གཉེར་བ་རྩེ་ཕུད་ཅིག་ཏུ་འགྱུར་བའི་རེ་བ་ནམ་ཡང་མེད་པ་རེད། དེར་མ་ཟད་རང་བློས་ལྕོགས་ཚོད་ཀྱི་རིག་གནས་གཞན་དང་གཞན་ལ་སྦྱོང་བའི་དུས་ཚོད་ནི་ཕྲན་ཙམ་ཡང་རྙེད་ཀྱིན་མེད།
འཛིན་གྲྭ་རེ་རེ་ལ་དང་པོར་གྲྭ་གྲངས་བརྒྱ་ཉིས་བརྒྱ་ཡོད་ཀྱང་དོན་ངོ་མར་སློབ་གཉེར་བ་ཡག་ཤོས་ངེས་པ་དོན་གྱི་མཁས་པ་ཚད་ལོངས་པ་བཅུ་གྲངས་ལས་སྐྱེད་སྲིང་བྱེད་ཐུབ་ཀྱི་མེད་ལ། གཞུང་ཆེན་ཁག་ལ་སློབ་གཉེར་མཐར་ཐོན་པ་ཡང་མ་ཐུབ། རིག་གནས་གཞན་དང་གཞན་ལ་སྦྱོང་བའི་གོ་སྐབས་ཀྱང་མ་བྱུང་བར་གང་ཡང་མི་མཁྱེན་པའི་གྲྭ་རྒན་ཁྱུར་ལོངས་པ་ཞིག་ནི་སྐྱེད་བསྲིངས་བྱས། དེ་དག་ལ་ཅིག་ཅིག་རབ་འབྱམས་པ་དང་མིག་མིག་རབ་འབྱམས་པ་ཞེས་པའི་ལག་འཁྱེར་སས་མི་ཐེག་པ་རེ་ནི་སྟེར་གྱིན་ཡོད། འགྲོ་སྟངས་འདིས་འུ་ཅག་གང་དུ་ཡང་མི་ཕྱིན་པ་ལ་ཐེ་ཚོམ་ཅི་ཡང་མེད།
རྒན་བློ་བཟང་དཔལ་ལྡན་ལགས་ཀྱིས་ལྷག་བསམ་ལ་གུས་བརྩེ་ཡོད། ལ་ནས་གུས་པའི་རྒན་ལགས་ལ་དྲི་བ་ཁ་ཤས་ཕུལ་འདོད་བྱུང་བའི་ལན་གསལ་པོ་ཞིག་གནང་བའི་རེ་བ་ཡོད་།
གཅིག། རྒན་ལགས་ཀྱིས་གདན་ས་གསུམ་ཟེར་དུས་གང་ལ་གོ་དགོས་སམ། གང་ཡིན་ཞེ་ན་ས་དགེ་བཀའ་རྙིང་བོན་བཅས་བོད་གངས་ལྗོངས་ལ་ཆོས་ལུགས་ལྔ་ཡོད་པ་ལས་དེ་ཚོ་ཚང་མ་ལ་གདན་ས་མི་འདྲ་བ་མང་པོ་ཡོད།
གཉིས། གྲོས་ཚོགས་གིས་མི་དང་ལྷན་དུ་གྲོས་གླེང་གནང་དགོས་གསུང་ན་དེ་འདྲ་རང་ཡིན་ན། གང་ཡིན་ཞེ་ན་གདན་ས་སོ་སོ་འཐུས་མི་ཡོད་ཡོད་ཡིན་ལ་དེས་དུས་ཆོས་ལུགས་གིས་འཐུས་མི་དགོས་མི་དགོས་གིས་བཀའ་མོལ་ཡོང་གི་ཡོད་དུས་གྲོས་གླེང་གང་ལ་གནང་དགོས་རེད།
གསུམ། རྒན་ལགས་ལ་བོད་སྤྱི་པའི་ལས་དོན་ལ་དེ་འདྲ་ཐུགས་དགོངས་ཡོད་པ་ཡིན་དུས་གཙན་བྱོལ་ཆུང་ཆུང་འདི་ཡི་ནང་ལ་རྙོག་དྲ་ཧ་ཅང་མང་པོ་ཡོད་པའི་དེ་ཚོ་ལ་ཐུགས་སྣང་གནང་གིས་ཡོད་ན་ལ། གང་ཡིན་ཞེ་ན་བཀའ་བརྒྱུད་པའི་རྙོག་གྲ་དང་སྲུང་མའི་བསྐོར་དེ་ཚོ་ནི་རྙིང་པ་རྣམས་ཡིན་དེང་སང་ཡང་གསར་པ་ཞིག་ནི་ཇོ་ནང་ཞིག་པ་དེ་ས་སྐྱ་པའི་ཁོང་ཡིན་མིན་གིས་རྙོག་གྲ་ཞིག་ཡོང་བཞིན་ཡོད་ལ་༧གོང་ས་མཆོག་གིས་ཀྱང་སྔོན་མ་ཕྱི་ལོ་ཉིས་སྟོང་གོང་ལ་གསུང་ཆོས་གར་གནང་ས་ལ་ས་དགེ་བཀའ་རྙིང་བོན་བཅས་ལས་གསུང་གི་མི་འདུག་ལ་དེང་སང་ཡང་ས་དགེ་བཀའ་རྙིང་ཇོ་ནང་བོན་བཅས་གསུང་གིས་འདུག་པའི་དེ་ལ་ཐུགས་སྣང་གང་བྱུང་ཡོད་ན་ལ། ད་ལམ་དེ་ཙམ་ཡིན། རྒན་ལགས་དུས་ཁོང་པ་བྱུང་ཚེ་ཡང་བསྐྱར་དོགས་དྲི་འགའ་ཡོད་ལ།།
གདན་ས་ཁག་ནི་སྔོན་ནས་ད་བར་ང་ཚོ་བོད་ཀྱི་རིག་གཞུང་གི་འབྱུང་གནས་རྒྱ་མཚོ་ལྟ་བུ་ཡིན་ལ་ཕྱིས་འབྱུང་ཡང་ངེས་པར་གཏན་དུ་གནས་དགོས། བོད་ཀྱི་སྲོག་རྩ་ནང་ཆོས་འདི་གདན་ས་ལས་གཞན་སུས་ཀྱང་འཛིན་སྐྱོང་ཡང་དག་ཅིག་བྱེད་དཀའ་ཞིང་ལོ་མང་བློ་རིག་བསྒྲིམས་ནས་སྦྱང་དགོས་པའི་ཤེས་ཡོན་དམིགས་བསལ་བ་ཞིག་ཡིན་པས་དེང་གི་སློབ་གྲྭ་ཁག་གིས་མཐར་ཕྱིན་པ་ཞིག་ཡོང་བ་མིན་པ་དང་འདིའི་སློབ་མཐར་ཙམ་ཕྱིན་པར་ཡང་དེང་ལོ་ངོ་ཉི་ཤུ་རྩ་གྲངས་ཤིག་དགོས། གདན་སའི་སེར་མོ་བ་དག་ནི་སློབ་སྦྱོང་ལས་གཞན་པའི་ཁྱད་པར་གྱི་བྱ་བཞག་ཉུང་ཞིང་བློ་རྩེ་གཅིག་ཏུ་བསྒྲིམས་ཏེ་མི་ཚེ་སློབ་སྦྱོང་ལ་བསྟུན་ནུས་པའི་ཁྱད་ཆོས་ལྡན་པས་ཁོང་ཚོར་འགན་དེ་འཁྲིས་ཀྱང་ཡོད་ལ་ནུས་པའང་ལྡན། ཡིན་ནའང་དེང་གདན་ས་ཁག་ཏུ་ལོ་རེ་ནས་དགེ་འདུན་པ་ཚུར་ཡོང་བ་ལས་ལྡབ་ཀྱིས་ཉུང་དུ་འགྲོ་བ་མཐོང་ཞིང་རིག་གཞུང་རྩ་ཆེན་དེའི་བདག་གཉེར་བ་ཆགས་འཇིག་གི་གནས་སུ་ཚུད་ཀྱིན་ཡོད་པས་དེ་བདག་མ་ཐུབ་ན་ང་ཚོའི་མིག་གཅིག་བུ་ལའང་སྐྱོན་ཤོར་བ་དང་མཚུངས་པས་ང་ཚོར་འཐམས་ས་མེད་ལ་ལག་པ་བསྲིངས་ནས་འཕག་འཚག་ཀྱང་ཇི་ལྟར་བྱེད། དེའི་ཉེན་ཁ་སྟེ་རྒྱུ་རྐྱེན་གཙོ་བོ་ནི། བོད་དུ་སྐྱེེས་སྒོ་གཅོད་འབྲེག་གིས་བུ་པྲུག་ཉུང་དུ་སོང་བ་དང་དེའི་ཁར་གྲྭ་བར་དེང་གི་ཤེས་ཡོན་མེད་པས་སྤྱི་ཚོགས་སུ་མཐོང་མེད་པ། སློབ་སྦྱོང་གི་དུས་ཡུན་རིང་ཞིང་འདོན་རྟ་དབྱངས་ལ་གྱེར་བའི་ཚོགས་ཡུན་ཀྱང་རིང་ཞིང་མང་བས་ཉོབ་པ། སློབ་གཉེར་བྱེད་སྟངས་ཀྱང་གདོད་མའི་སྤྱི་ཚོགས་ཀྱི་བྱེད་ཚུལ་ཁོ་ན་སྤྱད་པས་བློ་ཡིད་མ་ཚིམ་པ་སོགས་ཀྱིས་གྲྭ་མར་ལོག་མང་ཞིང་ཡར་སླེབས་ཉུང་བ་ནི་རྐྱེན་དེ་དག་ལ་ཐུག་ཡོད་སྙམ། གོང་ས་མཆོག་གིས་ལོ་བཅུ་གྲངས་ཤིག་གི་སྔོན་ནས་མཁྱེན་ཏེ་གསུང་སྐད་མ་འགག་བར་དུ་དུ་གདན་ས་ཁག་ལ་གདན་སའི་སློབ་ཚན་དུ་ཚན་རིག་གཞག་རྒྱུ་དང་ཕྱི་རོལ་པ་དང་ཚན་རིག་པ་སློབ་གྲྭ་ཆེན་པོ་བ་སྟེ་ཤེས་ཡོན་པ་དག་དང་མཉམ་དུ་བགྲོ་གླེང་གང་མང་བྱ་རྒྱུ་ཞེས་དང་དུས་རབས་ཉེར་གཅིག་པའི་གྲྭ་བ་ཞིག་བྱ་རྒྱུ་གལ་ཆེན་ཡིན་ཞེས་ནན་ཆེར་རེ་སྐུལཞུས་ཡོད་ཀྱང་ད་དུང་གྲྭ་ས་ཁག་གཉིད་མཐུག་པོ་ཡུར་ནས་སད་རྒྱུའ་ཡུན་ཐག་རིང་། དེ་བས་གལ་ཆེ་བའི་གྲྭ་རྒྱུན་དང་གདན་སའི་སློབ་གཉེར་བྱེད་ཕྱོགས་ཐད་ལའང་ད་ཐེངས་ཚོགས་ཆེན་གྱི་གྲོས་གཞིའི་ནང་ཚན་ཆོས་རིག་ཡར་རྒྱས་ལ་ཞིབ་བསྡུར་སྐབས་འདིའི་སྐོར་ཡང་གལ་གནད་ཆེ་བར་བཟུང་སྟེ་བསམ་གཞིག་དང་གྲོས་ཞིབ་ནན་ཏན་གྱིས་ལག་ལེན་འཁྱོལ་བ་ཞིག་ཡོང་བ་དུས་ལ་བབ་ཡོད།
རྒན་དཔལ་ལྡན་གྱིས་གསུངས་པ་དངོས་གནས་རང་རེད། ང་ཚོ་འདི་ལྟར་སོང་ན་ཡར་ཐོན་མེད་པར་མཐར་ཉེན་ཁ་ཆེན་པོ་ཞིག་མགོ་ཐོག་ཏུ་ལྷུང་ངེས་པས་དེ་དུས་འགྱོད་ཀྱང་འཕྱི་དྲགས་པ་ཡིན། ཡིག་གེ་འདི༌༸གོང་ས་མཆོག་ལའང་འབུལ་ཐུབ་ན་ཤིན་ཏུ་ལེགས་སྙམ། ཡིནའང་གྲྭ་ས་ཁག་གཉིད་སད་རྒྱུ་ད་དུངརིང་བས་དགོངས་བཞེད་ཡང་དག་དེ་འགྲུབ་པ་རིང་།
དྲ་གྲོགས་འཇམ་བསྟན་ལགས། ངས་བློ་སྐྱོན་ཡིན་ནམ་ཁྱོད་ཀྱི་མིག་སྐྱོན་ཡིན་གསལ་བོར་བཤད་དཀའ་ན་ཡང་འདིའི་སྐོར་གཞན་ལ་བཤད་དུ་འཇུག་དགོས་བསམ།
རྒན་ལགས་ཀྱི་མཆན་ཡང་བསྐོར་བརྒྱབ་པ་དེ་ལ་བྲོ་བ་དེ་ཙམ་མཆིས་སོ ། ཡང་གཅིག་བཤད་རྒྱུ་ཞིག་ལ། དམ་ཆོས་འདུལ་པའི་བཅའ་ཁྲིམས་སྲུང་མ་སྲུང་ལ་ཐུག་ཡོད་སྙམ་ཞེས་པ་འདི་བཅོས་རོགས །
རྒན་ལགས་ཀྱི་མཆན་ལན་ཕེབས་པར་དགའ་བསུ་ཡོད ། གདན་སའི་ཤེས་ཡོན་སློབ་གསོའི་འཆར་ཟིན་དེ་ཕྱོགས་གཅིག་ནས་རྒྱུ་མཚན་མེད་པ་མ་ཟད ། ཚིག་གི་སྔ་ཕྱི་ལྟག་སྤྲོད་འགལ་འདུ་འབབ་ཞིག་ཏུ་གྱུར་འདུག།
ཚིག་ཉོག་གིས་བཀང་པར་གནད་དོན་འགའ་རྒན་ལགས་དང་ལྷན་མཆིད་གླེང་བྱ །
ངའི་བྲིས་པའི་མཆན་དེའི་ནང་དེང་དུས་ཤེས་ཡོན་ཡར་རྒྱས་ཀྱིས་གྲྭ་བའི་ཀུན་སྤྱོད་ཇེ་ལགས་སུ་གཏོང་ཐུབ་མིན་གྱི་ཐད་བསམ་ཚུལ་ཕུལ་བ་ཙམ་ཡིན་བས་གནའ་དེང་ཤེས་ཡོན་དགོས་མེད་ཅེས་རེད་ལབ་མེད །
རྟགས་གསལ་ཚིག་སྐམ་རིགས་རྨེག་མེད་གཏོང་བ་དང་། དཔེ་ཁྲིད་དགེ་རྒན་ཟླ་ཕོགས་སྤྲོད་རྒྱུ ། ཞབས་བརྟན་འཚོགས་རྒྱུ་ཐེ་ཉུང་གཏོང་རྒྱུ་སོགས་སྔར་ཡོད་དག་རྩ་གཏོར་བཤིག་ན་ཡར་རྒྱས་ཀྱི་སྣང་བ་བསྐྱེད་ཀྱི་ཡོད་ན།
དེ་དག་གཏོར་བཤིག་བྱས་ཕྱིན་ཡར་རྒྱས་མཐའ་གཅིག་ཏུ་འགྲོ་ངེས་རེད་དམ །
གྲྭ་བའི་སྤུས་ཀ་དག་མ་དག་དེ་དམ་ཆོས་འདུལ་པའི་བཅའ་ཁྲིམས་སྲུང་མ་སྲུང་ལ་ཡོད་སྙམ།
དྲ་གྲོགས་བསྟན་འཇམ་དང་ལྷོ་མཐའི་ཉི་ཟེར་རྣམ་པ་གཉིས་ལགས། ཁྱོད་གཉིས་ཀྱིས་གཤམ་གསལ་འདི་ཡང་བསྐྱར་ཚར་གཅིག་བཀགས་དང་། ཁྱོད་ཀྱིས་༼དེང་དུས་ཚན་རྩལ་རིག་ཤེས་དང་། ལག་རྩལ་རིག་ཤེས ། ཕྱི་ལུགས་སྐད་ཡིག་སྣ་མང་ཤེས་པ་ཙམ་གྱི་འདུལ་སྡོམ་ཁྲིམས་སྲུང་བ་ལ་ཕན་ཐོག་ཨེ་ཡོད་སྙམ༽ངས་འདི་ལྟར་བཤད་འདིག་གམ། འོ་ན་ཇི་ལྟར་བྱེད་དགོས་ཞེ་ན་སློབ་གཉེར་བ་རྣམས་ལ་མ་མཐའ་ཡང་སྤྱི་ཚོགས་སློབ་གསོ་དང་བོད་ཡིག་གི་རྨང་གཞི་བརྟན་པོ་ཡོད་པ་དང༌། དགོས་མེད་ཀྱི་ཚིག་འཁྲི་སྐམ་པོའི་རྟགས་གསལ་ཇེ་ཉུང་དུ་གཏོང་བ་དང༌། གདན་ས་གསུམ་གྱི་དབུ་ཕར་དང་མཛོད་རྣམ་འགྲེལ་བཅས་ཀྱི་སློབ་གཞི་གཅིག་གྱུར་ཡིན་པ། སློབ་གཉེར་བས་གཞུང་ཆེན་ཁག་གི་རྩ་འགྲེལ་དང་སྡོམ་གང་བློ་འཛིན་བྱེད་དགོས་མིན་སློབ་གཉེར་བ་དྲག་གྲས་རྣམས་དང་ཉམས་མྱོང་ཅན་རྣམས་ཀྱི་བསམ་ཚུལ་གཞི་རྩར་བཞག་སྟེ་ཕྱོགས་ཞེན་གྱི་དབང་དུ་མ་སོང་བར་བསྒྱུར་བཅོས་གཏོང་དགོས་རིགས་དུས་ཐོག་བསྒྱུར་བཅོས་དང་གཏན་འབེབས་བྱེད་དགོས། ལོ་རེའི་རྒྱུགས་སྤྲོད་གང་ཞིག་འཕྲོད་དང་མ་འཕྲོད་པའི་ས་མཚམས་གསལ་ཞིང་ལག་ལེན་ལ་གཙང་མར་འགེལ་རྒྱུ། ཞབས་བརྟན་དང་ཚོགས་འཚོགས་རྒྱུ་ཉུང་དུ་གཏོང་རྒྱུ། འཛིན་གྲྭ་གང་ཞིག་ལ་དཔེ་ཁྲིད་དགེ་རྒན་དམིགས་འཛུགས་ཀྱིས་གཏན་འབེབས་བྱེད་པ། དཔེ་ཁྲིད་དགེ་རྒན་རྣམས་ལ་བོད་གཞུང་དང་གྲྭ་ཚང་ནས་གཟིགས་བཟོས་དང་ཟླ་ཕོགས་སྤྲོད་པ། སློབ་གཉེར་བ་དཔེ་ཁྲིད་ལ་འགྲོ་མིན་ཐད་སྒྲིག་འཛུགས་ཀྱི་ངོས་ནས་མི་སྣ་ཆེད་བསྐོས་ཀྱིས་བལྟ་རྟོག་བྱེད་པ། བགྲོ་གླེང་དང༌། ཚིག་འགྲེལ། གཞུང་གི་གོ་རིམ་སྒྲིག་རྒྱུ་མང་དུ་གཏོང་བ། མི་རེ་རེ་བཞིན་སྐབས་སུ་བབ་པའི་རྩོད་གཞུང་རེ་རེའི་དོན་དག་དང༌། དོན་དག་དེ་སྒྲུབ་བྱེད་ཀྱི་རིགས་ལམ་ཅི་ཡོད་སྦྱངས་བཤད་བྱེད་དུ་འཇུག་པ། དེ་ལ་འཛིན་གྲོགས་གཅིག་པའམ་ཡང་ན་འཛིན་གྲྭ་གོང་རིམ་ནས་དོགས་འདྲི་བྱེད་པ། འཛིན་གྲྭའི་ནང་གཞུང་ཆེན་ཁག་ལ་བརྡར་ཤ་གཅོད་མི་ཐུབ་མཁན་རྣམས་ལ་རིགས་གནས་ཆུང་ཁག་གི་སློབ་གཞི་གོ་སྒྲིག་བྱེད་དགོས། གཞི་གསུམ་གྱི་ཕྱག་ལེན་དང་དེའི་དགོས་དམིགས། སྡོམ་གསུམ་གྱི་བསླབ་བྱ་གཉིས་ཡང་ནས་ཡང་དུ་ངོ་སྤྲོད་བྱེད་པ། འཛིན་གྲྭ་ཐོན་མཚམས་སུ་བཀའ་རིམ་འཛིན་གྲྭའི་ནང་སྤུངས་གསོག་བྱས་ནས་མི་འཇོག་པར་རང་ཉིད་ཀྱི་ཤེས་ཚད་དང་བསྟུན་པའི་མིང་བཏགས་སྤྲོད་པ། གལ་སྲིད་ལོ་ཤས་རིང་བཀའ་རིམ་འཛིན་གྲྭར་སྤུངས་གསོག་བྱེད་དགོས་བྱུང་ན་རྒྱལ་སྲས་ཞི་བ་ལྷའི་སྤྱོད་འཇུག་ཆེན་མོ་དང་། རྗེ་བླ་མའི་ལམ་རིམ་ཆེ་ཆུང་གི་མཚོན་པའི་གནའ་དེང་གི་རིག་གནས་ཁྲིད་གཞིའི་སློབ་ཚན་གོ་སྒྲིག་བྱེད་དགོས་པ་ལས་ད་ལྟ་ནང་བཞིན་སྣང་མེད་དུ་གཏོང་མི་རུང་།
ལོ་རེ་བཞིན་གྲོས་ཚོགས་འཐུས་མི་རྣམས་དང་མཁས་པའི་ལྷན་ཚོགས་ཀྱི་ཚོགས་མི་ཡོངས་དང་གྲྭ་ཚང་འདིའི་སློབ་གཉེར་བ་དྲག་གྲས་རྣམས་མཉམ་འཛོམས་ཐོག་སློབ་གཉེར་ཡར་རྒྱས་གཏོང་ཕྱོགས་དང་འབྲེལ་བའི་བགྲོ་གླེང་ཐེངས་གཅིག་ངེས་པར་འཚོགས་དགོས། དེ་ཙམ་མ་ཟད་སློབ་གཉེར་ཐོན་མཚམས་སུ་སློབ་ཐོན་གྱི་ཕྱག་འཁྱེར་ཙམ་སྤྲོད་རྒྱུར་གནད་འགག་ཆེར་མེད་ཀྱང་ཚད་ལྡན་གྱི་ཤེས་ཚད་མེད་མཁན་ལ་གཞུང་ལུགས་རབ་འབྱམས་པའི་ཕྱག་འཁྱེར་དང་། རིགས་གཅིག་རྐང་འཛིན་གྱི་ཕྱག་འཁྱེར་སྤྲད་ན་སྤྱི་ཚོགས་ནང་ཕྱག་འཁྱེར་གྱི་མཐོང་ཆག་སྟེ་མ་འོངས་པར་ཕྱག་འཁྱེར་འདི་རིགས་འཁྱེར་མཁན་ལ་སྤྱི་ཚོགས་ནང་བརྩི་མཐོང་མེད་པར་འགྲོ་ངེས་རེད། དེས་བོད་ཀྱི་མཁས་དབང་དང་བོད་ཀྱི་ཤེས་རིག་གི་མ་འོངས་པར་གྱོང་གུད་ཐེབས་རྒྱུ་ཡིན་པས་ཡིད་གཟབ་དགོས་གལ་ཆེ། དཔེར་ན་དབུ་ཕར་རབ་འབྱམས་པའི་ཕྱག་འཁྱེར་སྤྲོད་ས་དེ་དབུ་ཕར་གང་ཡིན་དབུ་ནས་མཇུག་བར་གྱི་ལོ་རེའི་བྲིས་རྒྱུགས་དང། རྩོད་རྒྱུགས། ཟུར་སྦྱོང་སློབ་ཚན་བཅས་ཀྱི་གྲུབ་འབྲས་ཕྱོགས་བསྡོམས་བྱས་ཏེ་ཨང་དང་པོའི་རྣམས་ལ་མ་གཏོགས་ཕུལ་མི་རུང་། དེ་བཞིན་ནང་དོན་རིག་པའི་རིགས་གཅིག་རྐང་འཛིན་བྱེད་མཁན་རྣམས་ལ་ཡང་ཆེད་སྦྱོང་གི་གྲུབ་འབྲས་རྩེ་ཕུལ་རྣམས་ལ་མ་གཏོགས་ཕྱག་འཁྱེར་སྤྲོད་མི་རིགས། སློབ་གཉེར་དྲག་དྲས་རྣམས་རྒྱལ་ཕྱི་ནང་གི་མཐོ་སློབ་ཁག་ལ་ཟབ་སྦྱོང་གང་མང་གཏོང་ཐུབ་ཐབས་བྱེད་དགོས། དུས་ཚོད་དམ་འཛིན་དང་ནམ་རྒྱུན་སློབ་གཉེར་བའི་སྒྲིག་ལམ་ཚགས་ཇེ་དམ་དུ་གཏོང་བ་བཅས་ནི་གདན་སའི་སློབ་གཉེར་འཕེལ་རྒྱས་དང་སྤུས་ཚད་ཇེ་མཐོར་གཏོང་བ་ལ་རྨ་གཞིའི་གྲུབ་ཆ་དག་རེད། འདི་ལྟར་ལག་ལེན་ལ་ཁེལ་ཐུབ་ན་བོད་ནང་ཁུལ་ལ་ནང་བསྟན་སློབ་གཉེར་བ་སྤུས་ལེགས་ཤིག་སྐྱེད་སྲིང་བྱེད་ཐུབ་པར་ཐེ་ཚོམ་ཅི་ཡང་མེད། དེ་ལྟ་མིན་པར་འདུལ་བ་མ་སླེབས་པར་སྡོམ་གསུམ་བསླབ་བྱའི་མིང་ཙམ་ཡང་མི་ཤེས་ཤིང༌། འདུལ་བའི་བཅོས་མཚམས་དང་དགོས་དམིགས་ཅི་ཡང་མི་ཤེས་པའི་དུག་གསུམ་རྒྱུད་ལྡན་གྱི་གང་ཟག་རྣམས་ཚོགས་གཏམ་དང་འགྱིག་ཐག་གིས་ནམ་ཡང་འདུལ་དཀའ་ཞིང༌། སློབ་གཉེར་བ་རྣམས་ལ་སློབ་གཞི་སློབ་འདོད་ཀྱི་འདུན་པ་དེ་ཡང་ཡོང་དཀའ་བ་ཞིག་རེད།
ངས་འདིར་ལྟར་གང་དུ་བཤད་འདུག ༼གདན་ས་དེང་དུས་ཡོན་མེད་ཟེར་བས་གསར་འཛུགས་བྱ་དགོས་ཟེར་བ་དེ་ཁ་ཚ་དགོས་གཏུག་གི་སྐད་ཆ་ཡིན་ཡང་།
གྲོགས་པོ་གཉིས་ཀྱི་མིག་འཁྲུལ་མེད་དམ་ངས་༼ཕྱིའི་ཀུན་སྤྱོད་སྤུས་དག་གཏོང་བའི་ཐབས་ལམ་ལ་གཞན་གྱི་རིག་གཞུང་ནང་འདྲེན་བྱ་དགོས་ཟེར་བ་༽ཞིག་གང་དུ་འདུག་༼དེ་རང་མི་རིགས་ཀྱི་རིག་གཞུང་ལ་རྒྱུས་ཆེ་ལོང་ཙམ་ཡང་མེད་པས་རྟགས་མངོན་པའོ༽ མིག་གིས་བལྟ་ཚར་ནས་ཤོད་དང་ཕྱི་ཡོད་པ་མེད།
ཧཧཧཧཧཧཧ
བློ་བཟང་དཔལ་ལྡན་ལགས་ཀྱིས་ཡག་པོ་ཞིག་བྲིས་གནང་འདུག།། དེང་དུས་ཀྱི་རིག་གནས་སྐོར་དེར་རྒྱབ་སྐྱོར་མཐའ་གཅིག་ཏུ་ཡོད། ཡིན་ན་ཡང་གདན་སའི་རྩོད་པ་ཐུང་དུ་དང་སྦྱང་གཞི་གཅིག་སྒྱུར་སྐོར་དེ་ཧ་ཅང་ཐལ་གྲགས་པར་སེམས།། གཞན་བསྟན་འཇམ་ལགས་ཀྱིས་༼ཕྱིའི་ཀུན་སྤྱོད་སྤུས་དག་གཏོང་བའི་ཐབས་ལམ་ལ་གཞན་གྱི་རིག་གཞུང་ནང་འདྲེན་བྱ་དགོས་ཟེར་བ་དེ་རང་མི་རིགས་ཀྱི་རིག་གཞུང་ལ་རྒྱུས་ཆེ་ལོང་ཙམ་ཡང་མེད་པས་རྟགས་མངོན་པའོ ། ༽གསུང་པ་དེ་བདེན་པ་རེད་སྙམ།།
དྲ་གྲོགས་བསྟན་འཇམ་ལགས།ཁྱོད་ཀྱིས་གཤམ་གསལ་འདི་ནས་ཡང་སྐྱོར་ཚར་གཅིག་བཀགས་དང་། ཁྱོད་ཀྱིས་༼བཤདདེང་དུས་ཚན་རྩལ་རིག་ཤེས་དང་། ལག་རྩལ་རིག་ཤེས ། ཕྱི་ལུགས་སྐད་ཡིག་སྣ་མང་ཤེས་པ་ཙམ་གྱི་འདུལ་སྡོམ་ཁྲིམས་སྲུང་བ་ལ་ཕན་ཐོག་ཨེ་ཡོད་སྙམ༽ངས་འདི་ལྟར་བཤད་འདིག་གམ། འོ་ན་ཇི་ལྟར་བྱེད་དགོས་ཞེ་ན་སློབ་གཉེར་བ་རྣམས་ལ་མ་མཐའ་ཡང་སྤྱི་ཚོགས་སློབ་གསོ་དང་བོད་ཡིག་གི་རྨང་གཞི་བརྟན་པོ་ཡོད་པ་དང༌། དགོས་མེད་ཀྱི་ཚིག་འཁྲི་སྐམ་པོའི་རྟགས་གསལ་ཇེ་ཉུང་དུ་གཏོང་བ་དང༌། གདན་ས་གསུམ་གྱི་དབུ་ཕར་དང་མཛོད་རྣམ་འགྲེལ་བཅས་ཀྱི་སློབ་གཞི་གཅིག་གྱུར་ཡིན་པ། སློབ་གཉེར་བས་གཞུང་ཆེན་ཁག་གི་རྩ་འགྲེལ་དང་སྡོམ་གང་བློ་འཛིན་བྱེད་དགོས་མིན་སློབ་གཉེར་བ་དྲག་གྲས་རྣམས་དང་ཉམས་མྱོང་ཅན་རྣམས་ཀྱི་བསམ་ཚུལ་གཞི་རྩར་བཞག་སྟེ་ཕྱོགས་ཞེན་གྱི་དབང་དུ་མ་སོང་བར་བསྒྱུར་བཅོས་གཏོང་དགོས་རིགས་དུས་ཐོག་བསྒྱུར་བཅོས་དང་གཏན་འབེབས་བྱེད་དགོས། ལོ་རེའི་རྒྱུགས་སྤྲོད་གང་ཞིག་འཕྲོད་དང་མ་འཕྲོད་པའི་ས་མཚམས་གསལ་ཞིང་ལག་ལེན་ལ་གཙང་མར་འགེལ་རྒྱུ། ཞབས་བརྟན་དང་ཚོགས་འཚོགས་རྒྱུ་ཉུང་དུ་གཏོང་རྒྱུ། འཛིན་གྲྭ་གང་ཞིག་ལ་དཔེ་ཁྲིད་དགེ་རྒན་དམིགས་འཛུགས་ཀྱིས་གཏན་འབེབས་བྱེད་པ། དཔེ་ཁྲིད་དགེ་རྒན་རྣམས་ལ་བོད་གཞུང་དང་གྲྭ་ཚང་ནས་གཟིགས་བཟོས་དང་ཟླ་ཕོགས་སྤྲོད་པ། སློབ་གཉེར་བ་དཔེ་ཁྲིད་ལ་འགྲོ་མིན་ཐད་སྒྲིག་འཛུགས་ཀྱི་ངོས་ནས་མི་སྣ་ཆེད་བསྐོས་ཀྱིས་བལྟ་རྟོག་བྱེད་པ། བགྲོ་གླེང་དང༌། ཚིག་འགྲེལ། གཞུང་གི་གོ་རིམ་སྒྲིག་རྒྱུ་མང་དུ་གཏོང་བ། མི་རེ་རེ་བཞིན་སྐབས་སུ་བབ་པའི་རྩོད་གཞུང་རེ་རེའི་དོན་དག་དང༌། དོན་དག་དེ་སྒྲུབ་བྱེད་ཀྱི་རིགས་ལམ་ཅི་ཡོད་སྦྱངས་བཤད་བྱེད་དུ་འཇུག་པ། དེ་ལ་འཛིན་གྲོགས་གཅིག་པའམ་ཡང་ན་འཛིན་གྲྭ་གོང་རིམ་ནས་དོགས་འདྲི་བྱེད་པ། འཛིན་གྲྭའི་ནང་གཞུང་ཆེན་ཁག་ལ་བརྡར་ཤ་གཅོད་མི་ཐུབ་མཁན་རྣམས་ལ་རིགས་གནས་ཆུང་ཁག་གི་སློབ་གཞི་གོ་སྒྲིག་བྱེད་དགོས། གཞི་གསུམ་གྱི་ཕྱག་ལེན་དང་དེའི་དགོས་དམིགས། སྡོམ་གསུམ་གྱི་བསླབ་བྱ་གཉིས་ཡང་ནས་ཡང་དུ་ངོ་སྤྲོད་བྱེད་པ། འཛིན་གྲྭ་ཐོན་མཚམས་སུ་བཀའ་རིམ་འཛིན་གྲྭའི་ནང་སྤུངས་གསོག་བྱས་ནས་མི་འཇོག་པར་རང་ཉིད་ཀྱི་ཤེས་ཚད་དང་བསྟུན་པའི་མིང་བཏགས་སྤྲོད་པ། གལ་སྲིད་ལོ་ཤས་རིང་བཀའ་རིམ་འཛིན་གྲྭར་སྤུངས་གསོག་བྱེད་དགོས་བྱུང་ན་རྒྱལ་སྲས་ཞི་བ་ལྷའི་སྤྱོད་འཇུག་ཆེན་མོ་དང་། རྗེ་བླ་མའི་ལམ་རིམ་ཆེ་ཆུང་གི་མཚོན་པའི་གནའ་དེང་གི་རིག་གནས་ཁྲིད་གཞིའི་སློབ་ཚན་གོ་སྒྲིག་བྱེད་དགོས་པ་ལས་ད་ལྟ་ནང་བཞིན་སྣང་མེད་དུ་གཏོང་མི་རུང་།
ལོ་རེ་བཞིན་གྲོས་ཚོགས་འཐུས་མི་རྣམས་དང་མཁས་པའི་ལྷན་ཚོགས་ཀྱི་ཚོགས་མི་ཡོངས་དང་གྲྭ་ཚང་འདིའི་སློབ་གཉེར་བ་དྲག་གྲས་རྣམས་མཉམ་འཛོམས་ཐོག་སློབ་གཉེར་ཡར་རྒྱས་གཏོང་ཕྱོགས་དང་འབྲེལ་བའི་བགྲོ་གླེང་ཐེངས་གཅིག་ངེས་པར་འཚོགས་དགོས། དེ་ཙམ་མ་ཟད་སློབ་གཉེར་ཐོན་མཚམས་སུ་སློབ་ཐོན་གྱི་ཕྱག་འཁྱེར་ཙམ་སྤྲོད་རྒྱུར་གནད་འགག་ཆེར་མེད་ཀྱང་ཚད་ལྡན་གྱི་ཤེས་ཚད་མེད་མཁན་ལ་གཞུང་ལུགས་རབ་འབྱམས་པའི་ཕྱག་འཁྱེར་དང་། རིགས་གཅིག་རྐང་འཛིན་གྱི་ཕྱག་འཁྱེར་སྤྲད་ན་སྤྱི་ཚོགས་ནང་ཕྱག་འཁྱེར་གྱི་མཐོང་ཆག་སྟེ་མ་འོངས་པར་ཕྱག་འཁྱེར་འདི་རིགས་འཁྱེར་མཁན་ལ་སྤྱི་ཚོགས་ནང་བརྩི་མཐོང་མེད་པར་འགྲོ་ངེས་རེད། དེས་བོད་ཀྱི་མཁས་དབང་དང་བོད་ཀྱི་ཤེས་རིག་གི་མ་འོངས་པར་གྱོང་གུད་ཐེབས་རྒྱུ་ཡིན་པས་ཡིད་གཟབ་དགོས་གལ་ཆེ། དཔེར་ན་དབུ་ཕར་རབ་འབྱམས་པའི་ཕྱག་འཁྱེར་སྤྲོད་ས་དེ་དབུ་ཕར་གང་ཡིན་དབུ་ནས་མཇུག་བར་གྱི་ལོ་རེའི་བྲིས་རྒྱུགས་དང། རྩོད་རྒྱུགས། ཟུར་སྦྱོང་སློབ་ཚན་བཅས་ཀྱི་གྲུབ་འབྲས་ཕྱོགས་བསྡོམས་བྱས་ཏེ་ཨང་དང་པོའི་རྣམས་ལ་མ་གཏོགས་ཕུལ་མི་རུང་། དེ་བཞིན་ནང་དོན་རིག་པའི་རིགས་གཅིག་རྐང་འཛིན་བྱེད་མཁན་རྣམས་ལ་ཡང་ཆེད་སྦྱོང་གི་གྲུབ་འབྲས་རྩེ་ཕུལ་རྣམས་ལ་མ་གཏོགས་ཕྱག་འཁྱེར་སྤྲོད་མི་རིགས། སློབ་གཉེར་དྲག་དྲས་རྣམས་རྒྱལ་ཕྱི་ནང་གི་མཐོ་སློབ་ཁག་ལ་ཟབ་སྦྱོང་གང་མང་གཏོང་ཐུབ་ཐབས་བྱེད་དགོས། དུས་ཚོད་དམ་འཛིན་དང་ནམ་རྒྱུན་སློབ་གཉེར་བའི་སྒྲིག་ལམ་ཚགས་ཇེ་དམ་དུ་གཏོང་བ་བཅས་ནི་གདན་སའི་སློབ་གཉེར་འཕེལ་རྒྱས་དང་སྤུས་ཚད་ཇེ་མཐོར་གཏོང་བ་ལ་རྨ་གཞིའི་གྲུབ་ཆ་དག་རེད། འདི་ལྟར་ལག་ལེན་ལ་ཁེལ་ཐུབ་ན་བོད་ནང་ཁུལ་ལ་ནང་བསྟན་སློབ་གཉེར་བ་སྤུས་ལེགས་ཤིག་སྐྱེད་སྲིང་བྱེད་ཐུབ་པར་ཐེ་ཚོམ་ཅི་ཡང་མེད། དེ་ལྟ་མིན་པར་འདུལ་བ་མ་སླེབས་པར་སྡོམ་གསུམ་བསླབ་བྱའི་མིང་ཙམ་ཡང་མི་ཤེས་ཤིང༌། འདུལ་བའི་བཅོས་མཚམས་དང་དགོས་དམིགས་ཅི་ཡང་མི་ཤེས་པའི་དུག་གསུམ་རྒྱུད་ལྡན་གྱི་གང་ཟག་རྣམས་ཚོགས་གཏམ་དང་འགྱིག་ཐག་གིས་ནམ་ཡང་འདུལ་དཀའ་ཞིང༌། སློབ་གཉེར་བ་རྣམས་ལ་སློབ་གཞི་སློབ་འདོད་ཀྱི་འདུན་པ་དེ་ཡང་ཡོང་དཀའ་བ་ཞིག་རེད། མིག་གིས་བལྟ་ཚར་ནས་ཤོད་དང་ཕྱི་ཡོད་པ་མེད།
དེང་དུས་ཤེས་ཡོན་འཛོམས་ན་ཀུན་སྤྱོད་ཇེ་ལེགས་དང་ཁྱིམ་པ་སུན་འབྱིན་གྱི་ལས་མི་གསོག་པའི་ཆ་རྐྱེན་དུ་འགྱུར་མི་གྱུར་ཐེ་ཙམ་རེད། དེང་དུས་ཚན་རྩལ་རིག་ཤེས་དང་། ལག་རྩལ་རིག་ཤེས ། ཕྱི་ལུགས་སྐད་ཡིག་སྣ་མང་ཤེས་པ་ཙམ་གྱི་འདུལ་སྡོམ་ཁྲིམས་སྲུང་བ་ལ་ཕན་ཐོག་ཨེ་ཡོད་སྙམ །
གདན་ས་དེང་དུས་ཡོན་མེད་ཟེར་བས་གསར་འཛུགས་བྱ་དགོས་ཟེར་བ་དེ་ཁ་ཚ་དགོས་གཏུག་གི་སྐད་ཆ་ཡིན་ཡང་།
ཕྱིའི་ཀུན་སྤྱོད་སྤུས་དག་གཏོང་བའི་ཐབས་ལམ་ལ་གཞན་གྱི་རིག་གཞུང་ནང་འདྲེན་བྱ་དགོས་ཟེར་བ་དེ་རང་མི་རིགས་ཀྱི་རིག་གཞུང་ལ་རྒྱུས་ཆེ་ལོང་ཙམ་ཡང་མེད་པས་རྟགས་མངོན་པའོ །
རྒན་བློ་བཟང་དཔལ་ལྡན་ལགས་ཀྱི་ཁ་ཚ་དགོས་གཏུག་གི་འབྱུང་འགྱུར་གྱི་བྱེད་ཕྱོགས་ཐད་བྱ་དགོས་ངེས་ཅན་མང་པོ་གསུངས་བ་ཐུགས་རྗེ་ཆེ་ཞུ།
འོན་ཀྱང་བདག་གི་བསམ་ཚུལ་ཞིག་བཤད་ན་འདོད།
དུས་རབ་དང་མཐུན་པའི་ཐོག་སློབ་སྦྱོང་བྱེད་ཕྱོགས་ལ་བསྒྱུར་བ་ངེས་པར་དུ་གཏོང་ངེས་རེད།་ངོ་མ་བཤད་ན་བྱ་ཡུལ་སྦྱང་བྱ་དེ་གཞན་ལ་ངོ་གནོང་དགོས་པ་མེད་མོད།འོན་ཀྱང་དེ་ལ་སྦྱང་བ་བྱེད་ཚུལ་འདི་ལྐུག་པའི་འུ་ཚིག་ལྟ་བུ་ཞིག་ལས་ཅི།
དེས་ན་ངའི་བཤད་རྒྱུར་གནད་ཡོད་མི་སྣ་དག་ལ་བསམ་བློའི་སློབ་གསོ་མ་ཐེབ་པར་དང་ཡང་ན་ཆགས་འཇིག་ཞིག་་མགོ་ཐོག་ཏུ་མ་སླེབ་པར་འགྲོ་རྒྱུ་མ་རེད་ཡ།