མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་དོན་འཐབ་རྩོད་དང་ཨ་རྒྱའི་འབྲེལ་བ། བསྟན་འཛིན་ཉིན་བྱེད།

བོད་ཀྱི་དུས་བབ།
༢༠༡༠/༠༩/༠༦
Share on FacebookShare on TwitterShare on EmailShare on Whatsapp
བོད་རང་དབང་འཐབ་རྩོད་དང་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ལ་དཔྱད་པ།

 

བསྟན་འཛིན་ཉིན་བྱེད།

བཙན་ བྱོལ་དུ་ཡོད་པའི་བོད་རིགས་གཞོན་སྐྱེས་མང་པོ་ཞིག་གིས་ང་ལ་ཁྱོད་ཀྱི་ལྟ་བ་ རང་བཙན་ཡིན་ནམ་དབུ་མའི་ལམ་ཡིན་ཞེས་དྲི་བ་འདོན་གྱི་འདུག དེས་ཤུགས་ཀྱིས་ང་ཚོའི་སྤྱི་ཚོགས་ནང་བོད་ཀྱི་གནད་དོན་སེལ་ཐབས་བྱེད་རྒྱུའི་ ཐད་འགལ་བ་ཞིག་ཡོད་པ་གསལ་པོར་མཚོན་གྱི་ཡོད། འདྲི་བ་འདིར་ངས་ལན་འདི་འདྲ་ཞིག་རྒྱག་གི་ཡོད། ངའི་ལྟ་བ་ནི་རང་བཙན་ཡང་མིན་ལ་དབུ་མའི་ལམ་ཡང་མིན། ངའི་ལྟ་སྤྱོད་གཉིས་ནི་བཙན་བྱོལ་རེད། གློ་བུར་དུ་བལྟས་ན་ལན་འདི་ཡ་མཚན་ཅན་ཞིག་ཏུ་མཐོང་སྲིད། ཡིན་ནའང་འདི་དངོས་ཡོད་གནས་སྟངས་ཞིག་ཡིན་པ་རེད། ད་ལྟའི་ཆར་དངོས་ཡོད་གནས་ཚུལ་ནི་ང་ལ་རང་བཙན་གྱི་གདམ་ག་མེད་ལ་རང་སྐྱོང་གི་ གདམ་ག་ཡང་མེད། ང་ལ་གདམ་ག་གཅིག་ཡོད་པ་དེ་ནི་མུ་མཐུད་དེབ་གསེར་པོ་འཁྱེར་ཏེ་བཙན་བྱོལ་བྱེད་ རྒྱུའམ་ཡང་ན་རང་དབང་ཅན་གྱི་རྒྱལ་ཁབ་ཨ་རི་ལྟ་བུ་ཞིག་གི་མི་སེར་བྱེད་རྒྱུ་དེ་ ཡིན་པ་རེད།

སྤྱིར་ རང་བཙན་དང་རང་སྐྱོང་གཉིས་ཀ་བོད་མིའི་བསྒྲུབ་བྱའམ་མ་འོངས་མངོན་འདོད་ཅིག་ཡིན་ ཅིང་། མདོར་བསྡུས་ན་དེ་གཉིས་ཀ་བོད་རིགས་གཞིས་བྱེས་མཉམ་འཛོམས་ཡོང་རྒྱུའི་དམིགས་ ཡུལ་ཙམ་ཞིག་རེད། དམིགས་ཡུལ་དེ་གཉིས་ནས་གང་རུང་ཞིག་བསྒྲུབ་པར་གནས་སྟངས་མང་པོ་ཞིག་ལ་རག་ལུས་ ཀྱི་ཡོད་པ་རེད། གང་ལྟར་བོད་ཀྱི་གནད་དོན་འདི་ནི་བོད་མི་རིགས་ཀྱི་ལས་དབང་དང་འབྲེལ་བའི་གནད་ དོན་རྐྱང་པ་ཞིག་མིན་ལ། གནད་དོན་འདིའི་ཐད་སྟོབ་ཆེན་རྒྱལ་ཁབ་མང་པོ་ཞིག་གི་ཆབ་སྲིད། དཔལ་འབྱོར། དེ་བཞིན་སྲུང་སྐྱོབ་ཁེ་ཕན་སོགས་དང་འབྲེལ་བ་གཏིང་ཟབ་ཡོད་པ་ཞིག་རེད། བོད་ཀྱི་ལས་དབང་ནི་རྒྱ་ནག་དང་རྒྱ་གར་ཨ་རི་སྟོབས་ཆེན་རྒྱལ་སོགས་ཀྱི་དབར་ འབྲེལ་ལམ་འཕེལ་རྒྱས་ཇི་བྱུང་དང་འབྲེལ་བ་ཟབ་པོ་ཡོད་པ་ཞིག་ཡིན་པ་ནི་སྨོས་མི་ དགོས།

ད་ ལྟའི་ཆར་ཨ་རི་དང་རྒྱ་ནག་གཉིས་ཀྱི་དབར་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གནད་ དོན་ཐད་མི་མཐུན་ཕྱོགས་མང་པོ་ཡོད་ནའང་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་གཅིག་ལ་ གཅིག་རྟེན་དུ་གནས་ཡོད་པ་རེད། ཨ་རིའི་ཚོང་བདག་མང་པོ་ཞིག་གིས་རྒྱ་ནག་གི་ལས་མི་རིན་གོང་དམའ་པོ་ཡོད་པ་དེ་ བེད་སྤྱད་ཀྱིས་རྒྱ་ནག་ནང་མ་འཛུགས་ཤུགས་ཆེ་བྱེད་བཞིན་ཡོད། དེ་རྐྱེན་པས་ཚོང་ཟོག་རྣམས་རིན་གོང་དམའ་པོར་བཟོ་སྐྲུན་གྱིས་ཚོང་བདག་དང་། ཚོང་ཟོག་ཉོ་སྒྲུབ་བྱེད་མཁན་གྱི་ཨ་རིའི་མི་སེར་རྣམས་ལ་ཁེ་ཕན་ཤུགས་ཆེ་རག་གི་ ཡོད་པ་རེད། ལྷག་པར་དུ་ད་ལྟའི་ཆར་ཨ་རིའི་དཔལ་འབྱོར་ཉམས་རྒུད་འགྲོ་བཞིན་པ་དང་། བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་དཀའ་རྙོག་སེལ་རྒྱུའི་ཐད་ཨ་རིར་རྒྱ་ནག་གི་ རོགས་རམ་དགོས་ཀྱི་ཡོད་སྟབས་བོད་དོན་ཐོག་ཨ་རི་གཞུང་ནས་རྒྱབ་སྐྱོར་གྱི་རྣམ་པ་ ཤུགས་ཆུང་དུ་བཏོན་དགོས་ཀྱི་ཡོད། དཔེར་ན་སྲིད་འཛིན་ཨོ་སྦ་མས་ན་ནིང་རྒྱ་ནག་ཏུ་གཟིགས་སྐོར་མ་བསྐྱོད་གོང་བོད་ རྒྱ་ནག་གི་ཆ་ཤས་རེད་ཅེས་བརྗོད་པ་དང་གོང་ས་མཆོག་ཨ་རིའི་རྒྱལ་ས་ཝ་ཤིང་ཏོན་དུ་ ཡོད་སྐབས་མཇལ་འཕྲད་མི་གནང་རྒྱུའི་ཐག་གཅོད་གནང་བ་དེ་ཚོས་ད་ལྟའི་ཆར་རྒྱ་ནག་ འདི་ཨ་རིར་དགོས་མཁོ་ཡོད་པ་གསལ་པོར་མཐོང་ཐུབ།

སྤྱིར་ ཨ་རི་གཞུང་གིས་བོད་རྒྱ་ནག་གི་ཆ་ཤས་ཡིན་པར་ངོས་འཛིན་བྱེད་ཀྱི་ཡ ོད་ནའང་། ཞོར་དུ་བོད་མི་རིགས་ཀྱི་མཐུན་མོང་མིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་གོམས་གཤིས་སོགས་མི་ཉམས་རྒྱུན་འཛིན་ཡོང་རྒྱུའི་སྲིད་བྱུས་ཤིག་གཏན་ འབེབས་བྱེད་ཀྱི་ཡོད། འདིས་བོད་ཀྱི་གནད་དོན་འདི་ཨ་རིས་བློས་གཏོང་མེད་པ་གསལ་པོར་མཚོན་ཐུབ། མདོར་ན་ཨ་རིའི་གཞུང་ནས་རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་ཚོགས་མི་རྣམ་པ་དང་། རྒྱ་ནག་གཞུང་དབར་གྲོས་མོལ་ཡོང་རྒྱུའི་སྐུལ་འདེད་མུ་མཐུད་བྱེད་དེ་བོད་ལ་ཚད་ མཐོའི་རང་སྐྱོང་ཞིག་འཐོབ་རྒྱུའི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད། ཡིན་ནའང་ད་ལྟའི་ཆར་སྲིད་བྱུས་འདི་ལམ་ལྷོང་བྱུང་མེད། དེའི་རྒྱུ་རྐྱེན་གཙོ་བོ་ནི་རྒྱ་ནག་གི་འཁྲེགས་བཟུང་སྲིད་བྱུས་ལ་ཐུག་ཡོད།

ཉེ་ ཆར་ལྷོ་ཕྱོགས་གཞིས་ཆགས་སྦེལ་ཀོབ་ཏུ་གོང་ས་སྐྱབས་མགོན་ཆེན་པོས་བོད་ཀྱི་གཞོན་ ནུ་ལྷན་ཚོགས་ཀྱིས་རང་བཙན་རྩོད་བཞིན་ཡོད་པ་དེ་བོད་མི་རིགས་ཀྱི་ཐོབ་ཐང་རྩོད་ ཀྱི་ཡོད་པ་རེད་དེ་ང་ཚོས་དབུ་མའི་ལམ་གྱི་ཐོག་ནས་བོད་ལ་ཚད་མཐོའི་རང་སྐྱོང་ རྩོད་ཀྱི་ཡོད་པ་དེ་དངོས་ཡོད་ཆབ་སྲིད་ག ནས་སྟངས་དང་མཐུན་གྱི་ཡོད་པ་རེད་ཅེས་གསུངས་ཡོད། བཀའ་མོལ་དེ་ནི་ད་ལྟའི་ཆར་བདེན་པ་ཞིག་ཡིན་ཏེ། བོད་རང་བཙན་ལ་ཨ་རི་དང་རྒྱ་གར་གཙོས་རྒྱལ་ཁབ་སུ་ཞིག་གིས་ཀྱང་རྒྱབ་སྐྱོར་བྱེད་ ཀྱི་མེད། གོང་དུ་བཤད་པ་བཞིན་སྟོབས་ཆེན་རྒྱལ་ཁབ་དེ་ཚོས་བོད་རྒྱ་ནག་གི་ཆ་ཤས་སུ་ངོས་ འཛིན་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་གོམས་གཤིས་སོགས་སྲུང་སྐྱོབས་ཏེ། མདོར་ན་བོད་ལ་ཚད་མཐོའི་རང་སྐྱོང་ཡོང་བའི་སྐྱབས་སྐྱོར་དངོས་ཤུགས་རྒྱུད་གསུམ་ ནས་བྱེད་ཀྱི་ཡོད།

ཡིན་ ནའང་ང་ཚོས་ཤེས་དགོས་པ་ཞིག་ལ་སྲིད་བྱུས་ཞེས་པ་དེ་འགྱུར་བའི་རང་བཞིན་ཞིག་ཡིན་ ཅིང་། དེ་ནི་རྟག་པ་ཞིག་ག་ལ་ཡིན། དཔེར་ན་ད་ལྟའི་ཆར་རྒྱ་གར་དང་ཨ་རི་གཉིས་ནས་བོད་ལ་རང་སྐྱོང་མ་གཏོགས་རང་བཙན་ གྱི་རྒྱབ་སྐྱོར་བྱེད་ཀྱི་མེད་པ་དེ་བདེན་ཞིང་། འོན་ཀྱང་མ་འོངས་སྲིད་བྱུས་འདི་རང་གར་གནས་སྲིད་ལ། དེར་འགྱུར་ལྡོག་གིས་བོད་ལ་རང་ཐག་རང་གཅོད་དམ་རང་བཙན་གྱི་རྒྱབ་སྐྱོར་བྱེད་ པའི་སྲིད་བྱུས་ཤིག་ཀྱང་གཏན་འབེབས་བྱེད་མི་སྲིད་པ་ཞིག་མིན། གཙོ་བོ་འགྱུར་བ་གང་འདྲ་ཞིག་འགྲོ་མིན་ནི་གོང་དུ་བརྗོད་པ་ལྟར་ཨ་རི་དང་རྒྱ་གར་ དེ་བཞིན་རྒྱ་ནག་དབར་གྱི་འབྲེལ་ལམ་འཕེལ་ཕྱོགས་ལ་རག་ལུས་པ་ཞིག་རེད།

དཔེར་ ན་ཨ་རི་དང་རྒྱ་གར་གྱིས་བོད་ཐོག་འཛིན་པའི་སྲིད་བྱུས་ཀྱི་འདས་པའི་ལོ་རྒྱུས་ལ་ ཞིབ་ལྟ་བྱེད་ན་ང་ཚོར་ལེགས་བྱ་མང་པོ་ཞིག་རག་རྒྱུ་ཡོད། ཕྱི་ལོ་ ༡༩༥༩།༥༠ སྐབས་བོད་གཞུང་གྱིས་ཞུ་གཏུགས་ཇི་ལྟར་བྱས་ཀྱང་རྒྱ་གར་གྱི་སྲིད་འཛིན་ནེ་རུས་ བོད་རང་བཙན་གྱི་རྒྱབ་སྐྱོར་གནང་མེད་མོད། བོད་ལ་གྲོས་མཐུན་དོན་ཚན་བཅུ་བདུན་གྱི་གནས་བབ་འོག་རང་སྐྱོང་ཡོང་རྒྱུའི་རྒྱབ་ སྐྱོར་གནང་བ་མ་ཟད། གྲོས་མཐུན་དེ་དག་ལྷག་བསམ་རྣམ་དག་གིས་རྒྱ་ནག་གཞུང་ནས་ལག་བསྟར་བྱ་དགོས་ཞེས་ སྲིད་བློན་ཀྲའོ་ཨེན་ལེར་ཐད་ཀར་བརྗོད་ཡོད་པ་རེད། ཡིན་ནའང་སྐབས་དེར་ཨ་རིས་བོད་ལ་རང་ཐག་རང་གཅོད་ཀྱི་སྐྱབས་སྐྱོར་བྱས་ཡོད། དེའི་རྒྱུ་རྐྱེན་གཙོ་བོ་ནི་སྐབས་དེར་ཨ་རིའི་སྲིད་བྱུས་གཙོ་བོ་ནི་ཨུ་རུ་ མཚོན་པས་དམར་པོའི་རྒྱལ་ཁབ་རྒྱ་ནག་སོགས་ཁ་གཏད་གཅོག་རྒྱུ་ཡིན་པས་ཡིན།

སྐབས་ དེར་རྒྱ་གར་གཞུང་གིས་བོད་རྒྱ་ནག་གི་ཆ་ཤས་སུ་ངོས་འཛིན་དང་། རྒྱ་ནག་དམར་པོའི་གཞུང་འདི་རྒྱ་ནག་མི་དམངས་ཀྱི་སྐུ་ཚབ་ངོ་མ་ཡིན་པ་སོགས་ཀྱི་ རྒྱབ་སྐྱོར་མང་པོ་བྱས་ཡོད། དེའི་རྒྱུ་རྐྱེན་གཙོ་བོ་ནི་སྲིད་བློན་ནེ་རུས་རྒྱ་དཀར་ནག་གཉིས་ཀར་བཙན་རྒྱལ་ རིང་ལུགས་ཀྱི་ཉམས་མྱོང་གཅིག་མཚུངས་ཡོད་སྟབས་ཕྱོགས་གཉིས་བར་རང་བཞིན་གྱིས་ སྐྱིད་སྡུག་ཉམས་མྱོང་བརྗེད་རེས་ཀྱིས་ཨེ་ཤའི་མཐུན་སྒྲིལ་ཞིག་ཏུ་འགྱུར་རྒྱའི་ རེ་བ་བཅངས་ཡོད། ཡིན་ནའང་ཕྱི་ལོ་ ༡༩༦༢ ལོར་རྒྱ་གུང་བྲན་གྱིས་རྒྱ་གར་ལ་བཙན་འཛུལ་བྱས་པ་དེས་ནེ་རུའི་དམིགས་ཡུལ་དང་ རེ་བ་ཡོང་རྫོགས་དམར་གསོད་ཀྱིས་རྒྱ་དཀར་ནག་གི་བུ་སྤུན་གྱི་འབྲེལ་བར་འགྱུར་ ལྡོག་གིས་གཅིག་གིས་གཅིག་ལ་དགྲ་བོར་ངོས་འཛིན་བྱེད་འགོ་འཚུགས་པ་རེད།

འགྱུར་ ལྡོག་དེ་འདྲ་བྱུང་བར་བརྟེན་རྒྱ་གར་གྱིས་བོད་ཐོག་འཛིན་པའི་སྲིད་བྱུས་ལའང་ འགྱུར་བ་ཤུགས་ཆེ་ཕྱིན་ཡོད་ཅིང་། དེའི་མཚོན་དོན་གཙོ་བོ་ནི་ཕྱི་ལོ་ ༡༩༦༥ ལོར་ཐེངས་དང་པོར་རྒྱ་གར་གྱིས་བོད་ཀྱི་གནད་དོན་ཐོག་མཉམ་འབྲེལ་རྒྱལ་ཚོགས་ ཀྱིས་བཞག་པའི་གྲོས་ཆོད་ལ་རྒྱབ་སྐྱོར་བྱས་ཡོད་པ་མ་ཟད། སྲིད་བློན་ཤ་སྟྲི་མཆོག་ནས་བཙན་བྱོལ་བོད་གཞུང་ལ་རྒྱ་གར་གཞུང་ནས་ཁྲིམས་མཐུན་ ངོས་འཛིན་གནང་རྒྱུའི་ཐག་གཅོད་གནང་ཡོད། འོན་ཀྱང་བློ་ཕམ་པ་ཞིག་ལ་སྲིད་བློན་ཤ་སྟྲི་མཆོག་གློ་བུར་དུ་འདས་གྲོངས་སུ་ ཕྱིན་ནས་སྲིད་བྱུས་དེ་ལམ་ལྷོང་བྱུང་མེད།

དེ་ བཞིན་ཨ་རིའི་གྲོས་ཚོགས་ནས་ཀྱང་བོད་ཆོལ་གསུམ་ཡོངས་རྫོགས་རྒྱ་ནག་མི་དམངས་ སྤྱི་མཐུན་རྒྱལ་ཁབ་ཀྱིས་བཙན་འོག་ཏུ་ཡིན་པ་དང་། གོང་ས་མཆོག་གིས་སྣེ་འཁྲིད་པའི་བཙན་བྱོལ་བོད་གཞུང་དེ་བོད་མི་མང་གི་སྐུ་ཚབ་ ངོ་མ་ཡིན་པའི་གྲོས་ཆོད་གཅིག་བཞག་ཡོད་པ་རེད། དེས་ག་རེ་བཏོན་གྱི་ཡོད་ཅེ་ན། ཨ་རིའི་མང་ཚོགས་ནས་བོད་རང་བཙན་ལ་རྒྱབ་སྐྱོར་ཡོད་པ་དང་ཨ་རིའི་གཞུང་ནས་བོད་ ཐོག་འཛིན་པའི་སྲིད་བྱུས་དེ་མཁྲེགས་བཟུང་ཞིག་མིན་པར་འགྱུར་བའི་རང་བཞིན་ཞིག་ ཡིན་པ་དེ་རེད། མདོར་ན་ཨ་རི་གཞུང་ནས་དེ་རིང་བོད་རང་སྐྱོང་ལ་རྒྱབ་སྐྱོར་ཡོད་ནའང་མ་འོངས་་ བོད་ལ་རང་ཐག་རང་གཅོད་དམ་རང་བཙན་གྱི་རྒྱབ་སྐྱོད་བྱེད་སྲིད་པ་དེ་རེད།

ཨ་ རིའི་གཞུང་གིས་རྒྱལ་སྤྱིའི་ཐོག་སྲིད་བྱུས་འཛིན་པའི་དམིགས་ཡུལ་གཙོ་བོ་ནི་ཨ་ རི་རྒྱལ་ཁབ་དེ་མུ་མཐུད་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཆེ་ཤོས་སུ་གནས་རྒྱུ་ དེ་རེད། ད་ལྟའི་ཆར་ཨ་རིའི་ནང་མ་འོངས་རྒྱ་ནག་དེ་ཨ་རིའི་སྟོབས་ཤུགས་ལ་ཉེན་ཁ་བསྐྲུན་ སྲིད་པའི་དོགས་པ་བྱེད་མཁན་ཇེ་མང་དུ་འགྲོ་གི་ཡོད། ཉེན་ཁ་དེ་དག་གདོང་ལེན་བྱེད་པར་ཨ་རིའི་གཞུང་ནས་རྒྱ་ནག་དང་སྙིང་ཉེ་པོ་མེད་ པའི་རྒྱལ་ཁབ་རྒྱ་གར་དང་ཝི་ཏི་ནམ་སོགས་དང་འབྲེལ་ལམ་དམ་ཟབ་འཛུགས་གི་ཡོད། དཔེར་ན་ཨ་རིའི་གཞུང་ནས་རྒྱ་གར་དང་ཝི་ཏི་ནམ་གཉིས་ཀར་རྡུལ་ཕྲན་འཁྲུལ་ཆས་ཀྱི་ རྒྱབ་སྐྱོར་བྱེད་བཞིན་པ་དེས་རྒྱ་ནག་གི་སྟོབས་ཤུགས་འཕེལ་རྒྱས་འགྲོ་བཞིན་པ་ དེར་བཀག་རྒྱ་བྱེད་པའི་སྲིད་བྱུས་ཤིག་རེད་ཅེས་བརྗོད་ན་མི་འགྲིགས་པ་མེད་སྙ།

དམག་ ཆེན་གཉིས་པའི་རྗེས་ཨ་རི་དང་ཨུ་རུ་སུ་གཉིས་བར་གྲང་དམག་བྱུང་ཞིང་། སྐབས་དེར་ཨ་རིའི་སྟོབས་ཤུགས་ལ་ཨུ་རུ་སུས་ཉེན་ཁ་ཚད་མེད་བསྐྲུན་ཡོད། དེར་བརྟེན་ཨ་རིའི་དམིགས་ཡུལ་དང་སྲིད་བྱུས་ཡོངས་རྫོགས་ཨུ་རུ་སུའི་དམར་པོའི་ ཕྱོགས་ཁག་རྩ་མེད་གཏོང་རྒྱུར་ཟིན་པ་རེད། རྒྱུ་མཚན་དེར་བརྟེན་ཨ་རིའི་གཞུང་ནས་སྐབས་དེར་བོད་ལ་རང་ཐག་རང་གཅོད་ཀྱི་ཐོབ་ ཐང་ལ་རྒྱབ་སྐྱོར་དང་དེ་བཞིན་བོད་ལ་དྲག་པོའི་རོག་རམ་ཡང་སྤྲད་ཡོད་པ་རེད། ཡིན་ནའང་ཕྱི་ལོ་ ༡༩༧༨ ལོར་ཨ་རི་དང་རྒྱ་གུང་བྲན་དབར་འབྲེལ་ལམ་བསྐྱར་གསོ་བྱས་པར་བརྟེན་ཨ་རི་གཞུང་ ནས་བོད་ལ་དྲག་པོའི་རོགས་རམ་དེ་མཚམས་འཇོགས་བྱས་ཡོད། ཡིན་ནའང་ཨ་རིས་བོད་ལ་ཞི་བའི་རོགས་སྐྱོར་མུ་མཐུད་བྱས་ཡོད། སྐབས་དེར་ཨ་རིས་རྒྱ་གུང་བྲན་ཏང་མཉམ་གྲོགས་འབྲེལ་བྱེད་རྒྱུའི་དམིགས་ཡུལ་གཙོ་ བོ་ནི་ཨུ་རུ་སུའི་སྟོབས་ཤུགས་ཁ་གཏད་གཅོག་རྒྱུའི་ཆེད་དུ་རེད། གང་ལྟར་ཨ་རིས་ཨུ་རུ་སུའི་ཉེན་ཁ་དེ་མཐའ་མ་མེད་པར་བཟོས་ཏེ་སླར་ཡང་འཛམ་གླིང་ ནང་འགྲན་ཟླ་བྲལ་བའི་སྟོབས་ཆེན་རྒྱལ་ཁབ་ཅིག་ཏུ་གནས་ཐུབ་པ་བཟོས་ཡོད།

ཨ་ རིས་གུང་བྲན་ཏང་དང་ལག་འབྲེལ་གྱིས་ཨུ་རུ་སུའི་སྟོབས་ཤུགས་རྩ་མེད་བཏང་བ་དེ་ ནས་ང་ཚོར་ལེགས་བྱ་ཞིག་ལེན་རྒྱུ་ཡོད་ལ། གོང་དུ་བརྗོད་པ་བཞིན་ཨ་རིའི་ནང་སྣེ་ཡོད་མི་སྣ་མང་པོ་ཞིག་གིས་མ་འོངས་རྒྱ་ནག་ དེ་བཞིན་དེ་སྔའི་ཨུ་རུ་སུ་ནང་བཞིན་སྟོབས་ལྡན་རྒྱལ་ཁབ་ཅིག་ཏུ་འགྱུར་ཏེ་ཨ་ རིར་ཉེན་ཁ་བསྐྲུན་སྲིད་པའི་དོགས་པ་དང་དཔྱད་ཞིབ་མང་པོ་བྱེད་བཞིན་ཡོད། གལ་ཏེ་དངོས་གནས་དེ་འདྲ་ཞིག་བྱུང་ན་ཨ་རིས་བོད་ཐོག་འཛིན་པའི་ད་ལྟའི་སྲིད་ བྱུས་དེར་འགྱུར་ལྡོག་གིས་བོད་ལ་དངོས་ཤུགས་རྒྱུད་གསུམ་ནས་རང་ཐག་རང་གཅོད་དམ་ རང་བཙན་གྱིས་རྒྱབ་སྐྱོར་བྱེད་དེ་རྒྱ་ནག་གི་སྟོབས་ཤུགས་ལ་དོ་ཕོག་གཏོང་རྒྱུ་ ཡིན་པ་ཐེ་ཚོམ་མེད།

གཙོ་བོ་མུ་མཐུད་དཔལ་འབྱོར་སྟོབས་ཤུགས་འཕེལ་རྒྱས་འགྲོ་བཞིན་པའི་ རྒྱ་ནག་འདི་བཞིན་མ་འོངས་ཁ་ཕྱོགས་གང་འདྲ་ཞིག་ཏུ་འགྲོ་རྒྱུ་ཡིན་པ་དང་དེས་ཨ་ རིའི་སྟོབས་ཤུགས་ལ་ཉེན་ཁ་བསྐྲུན་མིན་དེ་དང་ཨ་རིས་བོད་ཐོག་འཛིན་པའི་སྲིད་ བྱུས་ལ་འབྲེལ་བ་ཐད་ཀར་ཡོད། གལ་ཏེ་རྒྱ་ནག་འདི་བཞིན་གུང་བྲན་ཏང་གི་བརྗོད་པ་བཞིན་ཞི་བའི་སྒོ་ནས་ཡར་རྒྱས་ ཏེ་རྒྱ་ནག་དམག་ཆེན་གཉིས་པའི་རྗེས་ཀྱི་ཉེ་ཧོང་ལྟར་དཔལ་འབྱོར་ཡར་རྒྱས་དང་ སྟབས་བསྟུན་ཆབ་སྲིད་དམངས་གཙོའི་རང་དབང་ལའང་ཡར་རྒྱས་གཏོང་ན་ཨ་རིས་ད་ལྟའི་ཆར་ འཛིན་བཞིན་པའི་བོད་ཀྱི་སྲིད་བྱུས་ཏེ་བོད་ལ་ཚད་མཐོའི་རང་སྐྱོང་ཡོང་བའི་ སྐྱབས་སྐྱོར་བྱེད་རྒྱུ་ཡིན། འོན་ཀྱང་རྒྱ་གུང་བྲན་ཏང་གིས་རྒྱ་ནག་གི་དཔལ་འབྱོར་དང་དམག་དོན་ཁོ་ནར་རྒྱ་ བསྐྱེད་གཏོང་རྒྱུ་ལས་ཆབ་སྲིད་རང་དབང་དང་དམངས་གཙོར་རྡོག་རོལ་མུ་མཐུད་གཏོང་ ཚེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དེས་ཨ་རིར་ཉེན་ཁ་བཟོ་རྒྱུ་ཡིན་ན་ཨ་ རིས་དེ་དག་གདོང་ལེན་བྱེད་ཆེད་རྒྱ་གར་གྱི་དམག་དོན་དང་དཔལ་འབྱོར་ལ་རྒྱབ་ སྐྱོར་དང་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ ་ཐེ་ཚོམ་མེད།

དེར་བརྟེན་ང་ཚོ་བོད་མིའི་ངོས་ནས་བོད་ཀྱི་ཙ་དོན་ཐོག་ འཛིན་པའི་སྲིད་བྱུས་དང་ལྟ་བ་རྣམས་འཁྲེགས་བཟུང་མིན་པར་གུ་ཡངས་སམ་དབྱིན་ཇིའི་ ནང་བརྗོད་པ་བཞིན་ flexible དགོས་པ་མ་ཟད་བོད་ཀྱི་རང་དབང་འཐབ་རྩོད་ཐད་རྒྱ་གར་དང་ཨ་རི་སོགས་སྟོབས་ཆེན་ རྒྱལ་ཁབ་ཀྱི་དཔལ་འབྱོར་དང་ཆབ་སྲིད་ཁེ་ཕན་སོགས་དང་འབྲེལ་བ་གཏིང་ཟབ་ཡོད་པ་དེ་ ཤེས་པར་བྱེད་དགོས། གལ་ཏེ་དེ་འདྲ་ཤེས་ཚེ་བཙན་བྱོལ་ནང་རང་བཙན་དང་དབུ་མའི་ལམ་མམ་རང་སྐྱོང་གི་ གཞོང་པ་སྟོང་པའི་གཞོང་འཛིང་འདི་འཚམ་འཇོག་གིས་ཕྱོགས་གཉིས་དབར་མཐུན་སྒྲིལ་དང་ གཅིག་སྒྲིལ་བརྟན་པོ་ཞིག་ཡོང་ཐུབ།།

གང་ ལྟར་ད་ལྟའི་དངོས་ཡོད་གནས་སྟངས་ནི་ང་ལ་བོད་རང་བཙན་ཡང་མེད་ལ། ཚད་མཐོའི་རང་སྐྱོང་ཡང་མེད། ང་ལ་གནས་བབ་གཅིག་ཡོད་པ་དེ་ནི་བཙན་བྱོལ་བྱེད་རྒྱུ་དེ་རེད། གལ་ཏེ་མ་འོངས་བོད་ལ་རང་བཙན་འཐོབ་ནའང་ཕྱིར་ལོག་བྱེད་རྒྱུ་ཡིན་ལ། ཚད་མཐོའི་རང་སྐྱོང་ཐོབ་ནའང་ཕྱིར་ལོག་བྱེད་རྒྱུ་ཡིན། གནས་བབ་དེ་གཉིས་ནས་གང་འདྲ་ཞིག་འཐོབ་མིན་ནི་རྒྱ་ནག་དང་རྒྱ་གར་དེ་བཞིན་ནུབ་ ཕྱོགས་སྟོབས་ཆེན་རྒྱལ་ཁབ་ཨ་རིས་རྣམས་ཀྱི་དབར་དཔལ་འབྱོར་དང་ཆབ་སྲིད་འཐབ་ བྱུས་འབྲེལ་ལམ་གྱི་འགྱུར་ལྡོག་ལ་རག་ལུས་པ་ཡིན།།

འབྲེལ་ཡོད་གསར་འགྱུར།

Mobile App

འཛམ་གླིང་ཡུལ་གྲུ་གང་སར་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་རྗེས་དྲན་ཞུ་བཞིན་འདུག

ཆུ་ཚོད་ ༥ སྔོན་ལ།
Press Statement From The Office of His Holiness The Dalai Lama
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་ནས་བྱུང་མེད་པའི་གསལ་བསྒྲགས་གནང་།

ཆུ་ཚོད་ ༩ སྔོན་ལ།
Delhi High Court, Image Representational (Photo/Shutterstock)
Mobile App

རྒྱ་གར་གྱི་མཐོ་རིམ་ཁྲིམས་ཁང་གིས་བོད་མི་ཞིག་ལ་རྒྱ་གར་གྱི་མི་སེར་ཐོབ་ཐང་སྤྲོད་དགོས་པའི་བཀའ་ཁྱབ་བཏང་།

༢༠༢༦/༠༢/༠༧
Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༦
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

༢༠༢༦/༠༢/༠༦
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥

མཆན། 5

  1. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    རྣམ་དཔྱོད་དང་ཤེས་རབ་ལྡན་པའི་དྲ་གྲོགས་སྡེ་དགེ་བ་འཇིགས་མེད་ཡེ་ཤེས་བློ་གྲོས་དང་རྨེའུ་དཀོན་རྒྱམ་ལགས་རྣམ་གཉིས་ཁམས་བཟང།
    ཁྱེད་རྣམ་པ་གཉིས་དྲ་ཐོག་ཕེབས་ཡོང་རྒྱུ་མི་འདུག་པས་ང་ཅོ་རི་སེམས་པ་སྐྱོ་ཙམ་ཡོང་གི་འདུག་ལགས།
    ཁྱེད་རྣམ་པ་གཉིས་སྤྱི་དོན་གླེང་ཡ་ཉམ་སོང་ངམ། འོན་ན་གྲུབ་འབྲས་མི་འདུག་བསམ་པས་ཡིན་ནམ།
    ལུང་རིག་རྒྱལ་ལགས་ཁམས་བཟང་་་་་་ཁྱེད་ཡང་གོ་རྒྱུ་མེད་མཁན་འདྲ་ཞིག་ཆགས་སོང་ད། དེ་འདྲ་གནང་མི་ཉན་ཨ། བཀའ་ཁྲིས་ང་ཚོ་ལ་བཀའ་རྒྱ་བཏང་བ་ནི་ཕ་མས་ཕྲུ་གུ་ལ་བཀའ་རྒྱ་བཏང་བ་བཞིན་རེད་སྙམ། ང་ནི་སེམས་པ་དགའ་ནས་བསྡད་ཡོད། གོ་དགོས་མཁན་དེའི་གོ་འདུག་བསམ་ནས།

    ཁྱེད་ཚོ་གསུམ་དྲ་ཐོག་ཏུ་ཕེབས་རོགས་ཞུ་རྒྱུ་ཡིན།

    Reply
  2. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཁྱེད་རྣམ་པ་གོང་གི་རྩོམ་བྲིས་པ་དང་འོག་གི་མཆན་འདེབས་པ་ཚང་མས་གནད་ལུགས་ཡོད་པ་ཤ་དག་གསུངས་འདུག

    དཔེར་ན། རྒྱལ་ཁབ་སུ་འདྲ་ཅིག་ཡིན་ནའང་རང་གི་རྒྱལ་ཁབ་ཐོབ་པའི་ཆེད་དུ་རང་གི་ཁ་གཏད་ཀྱི་དགྲ་བོ་དེ་དང་ལྟ་སྤྱོད་མི་མཐུན་མཁན་ཚོ་མཉམ་འབྲེལ་བྱེད་ནས་ཁ་གཏད་དགྲ་བོར་འདུལ་ཐབས་བྱེད་ཀྱི་ནི་དགྲ་འདུལ་གཉེན་སྐྱོང་གི་ཆོས་ཉིད་ཤིག་ཡིན་པར་སྣང།

    རྒྱ་གར་དང་ཨ་རི་གཉིས་ཀྱིས་དངོས་ཡོད་གནས་སྟངས་ཀྱི་ཐོག་གི་དགྲ་བོ་ནི་རྒྱ་དམར་གཞུང་འདི་རེད། འདིའི་སྟོབས་ཤུགས་བཅག་པའི་ཆེད་དུ་བོད་འདིར་རང་བཙན་དང་ཁ་བྲལ་གྱི་ལམ་ནས་སྟོབས་ཤུགས་བཅག་དགོས་པ་ལས་རང་སྐྱོང་དང་རྒྱ་བོད་མི་རིགས་མཐུན་སྒྲིལ་གྱི་ཐོག་ནས་སྟོབས་ཤུགས་བཅག་ཐབས་མེད་པ་རེད་འདོད།
    རྒྱ་གར་གྱིས་བོད་ཐོག་འཛིན་པའི་སྲིད་ཇུས་ནི་རྒྱ་གར་ནག་གཉིས་བུ་སྤུན་འགྲིག་མཐུན་བྱུང་དུས་བོད་རང་བཙན་ལ་རྒྱབ་སྐྱོར་བྱས་མེད་པ་ཞིག་རེད། བུ་སྤུན་གཉིས་དགྲ་ཆགས་དུས་བོད་རང་བཙན་རེད་ཟེར་བ་ལས་ལྷག་གཅིག་ཁེ་ཕན་གང་ཡང་མེད་པ་རེད།

    དེས་སང་ཨ་རི་དང་རྒྱ་གར་གཉིས་ཀྱིས་བོད་རང་བཙན་ལ་འདོད་མོས་ཡོད་པ་ལས་རྒྱ་བོད་མཐུན་སྒྲིལ་དང་རང་སྲིད་རང་སྐྱོང་བྱེད་ན་འདོད་པ་ག་ནས་ཡོང།
    གལ་སྲིད་ཨ་མེ་རི་ཀས་མཐའ་གཅིག་ཏུ་རྒྱ་བོད་གཉིས་མཐུན་སྒྲིལ་བྱུང་ན་བསམ་པ་ཡིན་ན་དམར་ཕྱོགས་པ་དང་འགྲིག་མཐུན་འཛུགས་མཁན་༧གོང་ས་མཆོག་ལ་མང་གཙོ་གསེར་གྱི་རྟགས་མ་ཕུལ་གྱི་མ་རེད་པྭ།

    ང་རང་ཚོ་རྒྱ་ནག་དམར་པོའི་རྩ་ཁྲིམས་འོག་ཏུ་འགྲོ་མཁན་མི་ཞིག་ལ་ཡང་དག་པའི་མང་གཙོ་ལྟ་བ་ཁུར་ནས་ཡོང་བཅུག་གི་མ་རེད་པྭ།
    ཁྱེད་ཚོ་སུ་ཡིས་གསུང་རོགས་བྱེད་ན་འགྲིག
    སྐུ་ཚབ་རྒྱ་ནག་ཏུ་སྐད་ཆ་བཤད་མཁན་ཕེབས་བཞིན་པ་དང་༧གོང་ས་མཆོག་ལ་ཨ་རི་གྲོས་ཚོགས་ཀྱིས་མང་གཙོ་གསེར་གྱི་རྟགས་མ་ཕུལ་དོན་གང་ཡིན་ནམ་?????????????ལེན་དགོས་དོན་གང་ཡིན་ནམ།

    ངས་བསམ་ཚུལ་ལ་ང་རང་ཚོ་ཕྱོགས་གཅིག་ལ་ཡིད་ཆེས་བློ་གཏད་བྱེད་དགོས་པ་ལས་ཕར་ཕྱོགས་ཚུར་ཕྱོགས་གཉིས་ཀ་ཡིན་མདོག་མདོག་བྱས་བསྡད་ན་མཐར་མ་སུ་གང་གི་རྒྱབ་སྐྱོར་མ་རག་པ་གཅིག་ཡོང་གི་རེད་སྙམ།

    དཔེར་ན། སྐྱེས་དམན་ཞིག་ལ་ཆ་བཞག་ནའང་ཁྱོ་ག་གཉིས་ལ་ཡིན་མདོག་མདོག་བྱས་བསྡད་མཁན་ཚོ་མཐར་མ་ཕྲུ་གུ་ཞིག་སྐྱེས་ཀྱང་ཁྱོ་ག་གཉིས་ཀས་ཁ་ཡ་མ་བྱེད་པས་ཉ་ལུ་རེ་ཁུར་ནས་འགྲོ་བ་མང་ཙམ་མཐོང་རྒྱུ་ཡོད།

    དགའ་དང་བཀྲ་ཤིས་ལ་དགའ་་ཆང་ས་ལྭ་ལྭའི་མཉམ་དུ་རྒྱག་པ་ཡིན་ན་་་་་་་་་་་ག་རེ་ག་རེ་ཡོང་གི་རེད་དམ།

    Reply
  3. ཨ་མཆོད་འཇམ་ཚུལ། says:
    ལོ་ 15 སྔོན།

    ཁྱེད་ཀྱིས་དཔྱད་ཞིབ་ཧ་ཅང་ལེགས་པོ་ཞིག་གནང་འདུག ངས་ཀྱང་ནམ་རྒྱུན་དེ་འདྲ་ཞིག་བསམ་བཞིན་ཡོད། རྒྱལ་ཁབ་སུ་ཡིན་ཡང་རང་གི་སྟོབས་ཤུགས་ལ་གདོང་ལེན་བྱེད་མཁན་དེ་མེད་པར་གཏོང་རྒྱུ་དང་ཡང་ན་དེའི་སྟོབས་ཤུགས་གཅོག་པའི་ཐབས་ཤེས་ཙམ་ཡིན་རུང་ངེས་པར་དུ་བྱེད་ཀྱི་རེད། དེའི་ཆེད་དུ་གང་ཡང་བྱེད་ཀྱི་རེད། ལོ་རྒྱུས་དང་དྲང་བདེན་གང་ལ་ཡང་མི་བལྟ། གྲུབ་འབྲས་ལ་བལྟ། དེས་ན་མ་འོངས་པར་བོད་ཀྱི་རང་བཙན་ལ་རྒྱབ་སྐྱོར་མི་བྱེད་པའི་ངེས་པ་ཡེ་ནས་མེད་ལ། མ་གཞི་ནས་ད་ལྟ་ཡང་རང་བཙན་ལ་རྒྱབ་སྐྱོར་མེད་པར་བདག་གིས་ཡེ་ནས་མི་བསམ། མདུན་དུ་ཐོན་ནས་རྒྱབ་སྐྱོར་མེད་པ་ཙམ་གྱིས་དོན་དུ་མེད་པ་ནམ་ཡང་མཚོན་མི་ཐུབ།
    ལྷག་པར་དུ་རྒྱ་གར་དང་ཨ་རི་གཉིས་ཀྱིས་ནག་འདི་ཁོང་གཉིས་ལ་ཁ་གཏད་གཅོག་མཁན་ཞིག་ཏུ་འགྱུར་བཞིན་པའི་ངེས་ཤེས་གཅིག་མཐུན་དུ་བྱུང་ན་ཁོང་གཉིས་མཉམ་འབྲེལ་གྱིས་འཐབ་ཇུས་འདིང་སྲིད། དེ་དུས་བོད་ཀྱི་རང་སྐྱོང་ཕར་ཞོག་རང་བཙན་བྱེད་ལ་རྒྱབ་སྐྱོར་བྱ་ངེས་ཡིན།
    “མ་འོངས་བོད་ལ་རང་གབཙན་འཐོབ་ནའང་ཕྱིར་ལོག་བྱེད་རྒྱུ་ཡིན་ལ། ཚད་མཐོའི་རང་སྐྱོང་ཐོབ་ནའང་ཕྱིར་ལོག་བྱེད་རྒྱུ་ཡིན།”་གསུང་པ་དངོས་འབྲེལ་རེད། འོན་ཀྱང་ད་ལྟ་ནས་བཟུང་རང་བཙན་བློས་བཏང་ན་མ་འོངས་པར་རང་བཙན་ཞེས་པ་ཞིག་ཐོབ་རྒྱུ་ཧ་ཅང་ཇེ་རིང་དུ་སོང་བ་རེད།

    Reply
  4. ཇོ་རུ་ཚེ་རིང་། says:
    ལོ་ 15 སྔོན།

    སྤྱི་བམ་གྱི་ཆ་ནས་ད་ལྟའི་དངོས་ཡོད་གནས་ཚུལ་ལ་དེ་ལྟར་དུ་སྣང་། ཡིན་ནའང་། མི་རིགས་ཤིག་གི་འཐབ་རྩོད་ཡིན་པའི་ཆ་ནས་གནད་གཙོ་བོ་གཅིག་མ་གཏོགས་གཉིས་ཡོད་པ་མ་རེད། དེ་ནི་བོད་མི་རིགས་འདི་དུས་ནས་དུས་སུ་རང་གི་ངོ་བོ་དང་འདུ་ཤེས་མ་བརླགས་པར་རང་སྟེང་ནས་གསོན་པོར་གནས་ཐུབ་མིན་དེ་རེད། རྒྱའི་ཚད་མཐོའི་རང་སྐྱོང་སྤྲད་ཀྱང་རུང་། ཨ་རིའི་རང་ཐག་གཅོད་ལ་རྒྱབ་སྐྱོར་བྱས་ཀྱང་རུང་། རྒྱ་གར་གྱིས་བོད་རྒྱ་ནག་གི་ཆ་ཤས་སུ་ཁས་བླངས་ཡར་རུང་། མི་རིགས་ཐར་ལམ་དེར་མ་སོན་ཚེ་བོད་མི་རིགས་ཀྱི་གནད་དོན་སྔར་བཞིན་གནས་ཀྱི་རེད། ང་ཚོའི་མི་རབས་འདིས་གྲོས་ཆོད་རེ་བཞག་ཏེ་ཐག་གཅོད་འདྲ་བྱས་ཀྱང་། མ་འོངས་པར་དེ་བརྡལ་བཤིག་ཏུ་འགྲོ་ངེས།
    གནད་དོན་གཅིག་པུ་འདི་གཞི་རྩ་བཟུང་ནས་ད་གཟོད་རྒྱལ་སྤྱིའི་ཆབ་སྲིད་གར་སྟེགས་བེད་སྤྱོད་བྱེད་དགོས་པ་རེད། རང་བཙན་དང་རང་སྐྱོང་ཟེར་བ་དེ་ནི་དུས་རབས་གཅིག་གཉིས་རིང་གི་ཆབ་སྲིད་སྒྲིག་གཞིའི་མངོན་སྟངས་ལྟ་བུ་རེད། མི་རིགས་ཤིག་གི་འཆི་གསོན་ནི་ད་གཟོད་མི་རིགས་དེས་དུས་ནས་དུས་སུ་བརྩོན་ལེན་བྱེད་དགོས་པའི་འཐབ་རྩོད་ངོ་མ་དེ་རེད་ལ། མི་རིགས་དེའི་བུ་རབས་ཚ་རྒྱུད་ཀྱི་ཕྲག་ཏུ་ཡོད་པའི་འོས་འགན་ལྕི་མོ་དེའང་རེད། མཐར་དེད་ན་མི་རིགས་ཟེར་བ་ནི་རིག་གཞུང་གི་མངོན་མཚོན་རེད། དཔེར་ན། བོད་མི་སུ་ཞིག་ཡིན་རུང་། དེས་བོད་སྐད་མི་ཤེས་པ། བོད་ཀྱི་གོམས་གཤིས་ལ་དགའ་འགུ་མེད་པར་གྱུར་ཟིན་པའི་ཚེ་ན། མི་དེའི་ངོས་ཐད་ནས་བཤད་ན་ཁོ་རང་གི་མི་རིགས་ཀྱི་འཐབ་རྩོད་རྩ་བ་ནས་རྫོགས་ཚར་བ་རེད། ཁོས་ཅི་ཞིག་བརྩད་ནའང་དེ་ནི་མི་རིགས་དང་རིག་གཞུང་གི་འདུ་ཤེས་དང་དབྱེ་བའི་མ་ཁྱབ་པའི། འགྲོ་བ་མི་སྤྱི་ལ་སྤྱི་མཚུངས་སུ་ཡོད་པའི་ལྟོ་གོས་འཚོ་རྒྱབ་ཀྱི་ཁེ་དབང་ཙམ་རེད། མི་རིགས་ལས་དོན་འཐབ་རྩོད་པ་ཞིག་ལ་མཚོན་ན་འདི་གཉིས་ཀྱི་དབྱེ་བ་གསལ་བོ་རྟོག་རྒྱུ་གལ་ཆེ་གི། དེང་སྐབས་འུ་ཅག་བཙན་བྱོལ་བ་ཕལ་མོ་ཆེ་འདི་གཉིས་དབྱེ་བགར་མ་ཤེས་པར་མགོ་རྨོངས་ནས་བསྡད་འདུག་པ་འདྲ།

    Reply
  5. ཁང་གསར་རྡོ་རྗེ། says:
    ལོ་ 15 སྔོན།

    བསྟན་འཛིན་ཉིན་བྱེད་ངེད་གཉིས་ཀྱི་བསམ་ཚུལ་རྦད་དེ་མཐུན་སོང་། དེ་རིང་ལུས་པོ་ཐང་ཆད་ཀྱང་། ཁྱེད་ཀྱི་རྩོམ་འདི་བཀླགས་རྗེས་གཅིག་མ་བྲིས་རང་བྲིས་ཆགས་སོང་།
    ངས་ཀྱང་གནད་དོན་དེ་ཐེངས་དུ་མར་ནན་བཤད་བྱས་པ་ཡིན། ད་ལྟའི་འཕེལ་ཕྱོགས་ལ་བལྟས་ན། ཨ་རི་དང་རྒྱ་གར་གྱིས་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་མ་སྲིད་པ་མ་རེད། དཔེར་ན། རྒྱ་ནག་གིས་མངོན་སུམ་འཛེམས་མེད་དུ་བྱང་ཀོ་རི་ཡའི་དྲག་པོའི་སྲིད་གཞུང་ལ་རྒྱབ་སྐྱོར་དང་འབྲེལ་ལམ་མངོན་གསལ་དུ་འཛིན་བཞིན་ཡོད་སྟབས། ཨ་རིས་ལྷོ་ཀོ་རི་ཡ་དང་མཉམ་སྦྲེལ་གྱིས་དཔུང་ངོམ་དམག་སྦྱོང་བྱས་པ་རེད། དེ་ཡང་རྒྱ་ནག་རང་གི་ས་མཚམས་མདུན་དེར་བྱས་པ་རེད། དེ་བཞིན་ཨ་རིས་ཉི་ཧོང་དང་རྒྱ་གར་གཉིས་ལའང་དམིགས་བསལ་གྱིས་འབྲེལ་ལམ་ཉེ་བོ་བསྐྲུན་ཏེ། རྒྱ་ནག་གི་འཕེལ་རྒྱས་ལ་བཀག་རྒྱ་བཟོ་བཞིན་ཡོད། ཐེ་ཝན་ལའང་རོགས་སྐྱོར་ཆེན་པོ་བྱས་ཡོད། ཨོ་བྷ་མ་སྲིད་གཞུང་གིས་ཚོང་དང་ཁྲལ། འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ཐད་ནས་རྒྱ་ནག་ལ་མཁྲེགས་པོ་བྱས་མེད་ཀྱང་། རྒྱལ་སྲུང་དང་དམག་དོན་གྱི་ཐད་ནས་ཨོ་བྷ་མས་སྲིད་ཇུས་ཧ་ཅང་མཁྲེགས་པོ་བྱེད་ཐུབ་སོང་། དེ་ནི་མི་མང་པོའི་ཚོད་དཔག་ལས་བརྒལ་བ་ཞིག་རེད།

    རྒྱ་ནག་གིས་ཨ་རིའི་སྤྱོད་ཚུལ་དེར་མ་འདོད་པ་མཚོན་བྱེད་དུ། ཉེ་དུས་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་་རྒྱ་གར་གྱི་དམག་དཔོན་ཞིག་ལ་ཐོངས་མཆན་ལུགས་མཐུན་མ་སྤྲད་པའི་གནས་ཚུལ་བཟོས་ཏེ། ཀ་ཤི་རྨིར་རྒྱ་གར་གྱི་མ་རེད་མདོག་མདོག་བྱེད་བཞིན་ཡོད། དེར་རྒྱ་གར་མི་དམངས་ཁོང་ཁྲོ་ལངས་ཏེ། དེས་ན། བོད་དང་ཤིན་ཅང་གཉིས་ནས་རྒྱ་གར་དུ་ཡོང་མཁན་ཚོར་ཡང་། ཤོག་སྟེབས་ཅན་གྱི་ཐོངས་མཆན་མི་འདྲ་བ་ཞིག་སྤྲོད་དགོས་ཟེར་བཞིན་འདུག དེ་བཞིན་རྒྱ་དཀར་ནག་གཉིས་བར་གྱི་ས་མཚམས་ཀྱི་རྙོག་དྲ་དེ་ཧ་ཅང་ཆེན་པོ་ཆགས་ཡོད། ལོ་འདིར་ལས་དབང་ལྟ་བུས་པ་ཀི་སི་ཐན་ནང་ཆུ་ལོག་ཚབས་ཆེན་རྒྱུག་སྟེ། དཀའ་ངལ་ཧ་ཅང་ཆེན་པོར་གྱུར་ཡོད། དཀའ་ངལ་དེ་ནི་ཕལ་ཆེར་ལོ་ ༥ ནང་སེལ་ཐུབ་པ་ཞིག་མ་རེད། དེར་བརྟེན་དེ་སྔོན་པ་ཀི་སི་ཐན་གྱིས་རྒྱ་གར་ལ་འཇིགས་ཉེན་བཟོ་བཞིན་པའི་ཉེན་ཁ་དེ་ཧ་ཅང་གིས་ཆུང་དུ་སོང་བ་རེད། འོན་ཀྱང་རྒྱ་ནག་གི་སྟོབས་ཤུགས་མངོན་གསལ་གྱིས་འཕེལ་རྒྱས་སོང་ཡོད། ད་ལྟ་རྒྱ་གར་ལ་ཉེན་ཁ་ཆེ་ཤོས་ཀྱི་ཁ་གཏད་དམ་དགྲ་གཙོ་བོ་དེ་རྒྱ་ནག་ཆགས་ཚར་བ་རེད། རྒྱ་ནག་གིས་པ་ཀི་སེ་ཐན་ལ་དྲག་པོའི་རོགས་རམ་བྱེད་ངེས་རེད། དེ་བཞིན་བལ་ཡུལ་ལའང་བྱེད་བཞིན་པ་རེད། གནས་ཚུལ་གྱི་འཕེལ་རིམ་འདི་ཚོར་དཔྱད་ན། ཁྱེད་ཀྱིས་གསུངས་པ་བཞིན། མ་འོངས་པར་རྒྱ་གར་དང་ཨ་རིས་བོད་ལ་འཛིན་པའི་སྲིད་ཇུས་འགྱུར་སྲིད་པ་རེད།

    འགྱུར་བ་དེ་ཧོབ་སྟེ་ཡོང་སྲིད་ལ་རིམ་པས་ག་ལེ་ག་ལེར་ཡོང་སྲིད་པའང་རེད། གཙོ་བོ་ང་ཚོས་འདི་ཚོའི་འཕེལ་རིམ་ལ་བལྟས་ཏེ་གོ་སྐབས་མ་ཤོར་བ་བྱེད་དགོས། ༡༩༦༠ ནས་ ༡༩༨༠ བར་གྱི་བཙན་བྱོལ་བོད་མིའི་ཚགས་ཤོག་དེ་ཚོའི་ཐོག་འཕོ་འགྱུར་དེ་ཚོའི་སྐོར་མང་ཙམ་གསལ་འདུག ཉེ་ལམ་ནས་རང་རེའི་ཚགས་ཤོག་ཁག་གིས་གནད་དོན་འདི་ཚོར་དོ་སྣང་བྱེད་ཚད་ཧ་ཅང་གིས་ཉུང་དུ་སོང་འདུག དེ་ཆབ་སྲིད་ཐོག་ནས་བཤད་ན་སྐྱོན་ཆེན་པོ་ཞིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese