ད་ལོར་ངོ་ཤེས་པ་དང་མི་ཤེས་པ་མང་པོ་ཞིག་གིས་བོད་མི་སྡོད་ཡུལ་ཁག་གི་རྩིག་ངོས་དག་ལ་རང་ཉིད་སྦྱར་སོང་། གསར་འགྱུར་བརྒྱུད་ལམ་ཁག་ན་གླ་ཡོན་སྤྲད་ནས་རང་ཉིད་ཤོག་ངོས་མང་པོར་དཔར་སོང་། བོད་མི་རིགས་ལ་ཤ་ཞེན་ཆེན་པོ་ཡོད། བསྟན་པ་ཆབ་སྲིད་ལ་ནུས་པ་འདོན་འདོད་ཡོད། ཉམས་མྱོང་དང་ནུས་པ་ཕུན་སུམ་ཚོགས་པ་ཡོད་ཚུལ་གཙོ་བོར་བཀོད་ནས་སླེབས་སོང་། ལོ་ལྔ་བཅུ་ང་གཅིག་ཁད་ཀྱིས་ཕྱིན་པའི་ད་ཚོད། གཞི་ནས་མི་ཚོར་ལས་དོན་བྱེད་པའི་སེམས་ཤུགས་ཤིག་འཕར་བ་དང་། གཞི་ནས་རྩ་དོན་ཐད་ནུས་པ་འདོན་པའི་དྲན་ཚོར་ཞིག་སླེབས་པ་འདིས། མི་ལོ་ལྔ་བཅུའི་རིང་གི་འཆར་ཅན་གྱི་གོམ་འགྲོས་དེར་འགྱུར་བ་ཞིག་འགྲོ་བར་སྐུལ་འདེད་བྱེད་ཀྱི་ཡོད་པ་རེད་འདོད།
མི་འགྱངས་པར་རྩིག་ངོས་ཀྱི་མི་ཚོ་མང་ཚོགས་ཀྱི་འོས་ཤོག་གིས་བཀོག་ནས་རྐུབ་སྟེགས་བཞི་བཅུ་ཞེ་གྲངས་དེའི་ཉེ་སར་ཕབ་ཀྱི་རེད། དེ་དུས་རྩིག་ངོས་ཀྱི་མི་མང་པོ་ཞིག་ཟུར་ལ་འབུད་དགོས་ཆགས་ཀྱི་རེད། ཉེ་སར་ཕབ་ཟིན་པའི་རྗེས་ཐོག་དེར། མི་སྐོར་ཞིག་གིས་སླར་ཡང་རང་ཉིད་རྩིག་ངོས་ལ་སྦྱར་ནས་དཔའ་རྩལ་འཇོན་རྩལ་བསྡུར་དགོས། དེ་དག་གི་ནང་ནས་མང་ཚོགས་ཀྱིས་མི་རེ་རེའི་སྐེ་ལ་འོས་ཤོག་གི་ཞགས་པའི་མེ་ཏོག་རེ་བསྐོན་ནས་རྐུབ་སྟེགས་རེ་རེའི་སྟེང་ལ་དམིགས་འཛུགས་བྱེད་ཀྱི་རེད། འདི་ནི་མཐའ་མའི་འབབ་སྟེགས་དེ་རེད།
རྩིག་ངོས་ཀྱི་མི་མང་ཆེ་བས་ལབ་ནའང་འདྲ། ཕལ་ཆེ་བས་ལབ་ནའང་འདྲ། འདས་པའི་དུས་ཚོད་ནང་ག་ཤེད་ཅིག་ནས་འཇོན་ཡོད་རབས་དང་། དེ་ཤེད་ཅིག་ནས་བསྒྲུབས་ཡོད་རབས་རྐྱང་ལས། མ་འོངས་པར་འཆར་གཞི་འདི་ཡོད། འདི་སྒྲུབ་ཆེད་དུ་སྤྱི་འཐུས་ཀྱི་འོས་སུ་ཞུགས་ཀྱི་ཡོད་ཟེར་མཁན་ནི་ཧ་ལམ་མེད་ཚོད་དུ་འདུག ད་ལྟ་བཀའ་ཁྲི་གླེང་གིན་ཡོད་པ་ནང་བཞིན་སྤྱི་འཐུས་གླེང་ཤུགས་ཧ་ཅང་ཆུང་བ་ནི་གནད་འགག་འདིས་བྱས་ཡོད་པ་རེད་འདོད།
འོས་ཤོག་བླུ་ནའང་འདྲ་ལ། བསླུ་ནའང་འདྲ། རྩིག་ངོས་ཀྱི་མི་དག་ལས་རང་ཉིད་ངེས་པར་རྒྱལ་བར་འདོད་པ་དག་གིས། ད་ནི་འཆར་གཞི་རེ་དང་དམིགས་ཡུལ་རེ་འཁྱེར་ནས་རང་ཉིད་རྩིག་ངོས་ལ་སླེབས་དགོས་པ་གལ་ཆེ། འཆར་གཞི་མེད་པར་རང་ཉིད་རྒྱལ་ཐབས་བརྩོན་པ་ནི། ངའང་ཁོང་དང་འདྲ་སེར་ཡོད་ཟེར་བ་ཙམ་ལས། དེས་མང་ཚོགས་ཀྱི་སེམས་པའི་གཏིང་ལ་ཚོར་བ་དམིགས་བསལ་བ་གང་ཡང་སྤྲོད་ཐུབ་ཀྱི་ཡོད་པ་མ་རེད། ད་ནི་མང་ཚོགས་ཀྱི་སེམས་ཚོར་གཏིང་ནས་འགུག་ཤུགས་རེ་ཡོད་ན། དེའི་ཐད་ཀྱི་ཐབས་རྩལ་མངོན་དགོས་ཀྱི་འདུག དེའི་ཐད་ཀྱི་དྲག་རྩལ་ཡོད་ནའང་སྟོན་དགོས་ཀྱི་འདུག
ཉིས་སྟོང་བརྒྱད་ལོར་རྩིག་ངོས་འདི་དག་ཁྲག་གིས་བྱེར་བ་རེད། བེམ་རོ་དང་གཅར་རྡུང་གི་ཐལ་རྡུལ་གྱིས་བྱེར་བ་རེད། དུས་ད་ཚོད། ངས་འཇོན་ངས་ཐུབ་ཀྱི་རྣམ་པས་འཇོན་པོ་རྒོད་པོ་ཁྱུ་ཞིག་རྩིག་ངོས་འདིར་འཚང་ཁ་ཤིག་ཤིག་གིས་སླེབས་སོང་། ཤི་བོའི་རྗེས་ཀྱི་གསོན་པོ་ཚོ་འདི་ལྟར་སླེབས་ནས། འོས་ཤོག་གི་སློང་མོ་རྒྱག་པའི་ཚིག་ཕྲེང་དག་སྤེལ་བབ་ལ་བལྟས་ན། ད་ནི་རེ་བ་ཞིག་མངོན་གྱི་ཡོད་འདྲ་ཡང་། རྒྱ་ཆེའི་མང་ཚོགས་ལ་མཚོན་ན། སློང་མོ་རྒྱག་སྟངས་འདིར་ཡིད་ཆེས་བརྒྱ་ཆ་བརྒྱ་ནི་བྱེད་ཐུབ་ཀྱི་མེད་ཚོད་དུ་འདུག གང་ལ་ཟེར་ན། འོས་ཞུགས་པ་མང་དྲགས་ནས་མང་ཚོགས་མགོ་འཐོམ་པའི་ཚུལ་དུ་བསྐྱལ་འདུག
འཚང་ཁ་འདི་ལྟར་རྒྱག་སྟངས་ཅི་ཡིན་འཚོལ་མཁན་ཚོས། རྩོག་ངོས་ཀྱི་མི་ཚོར་རེ་བ་ཆེན་པོས་ཅེར་བསྡད་ཡོད་པ་ནི། ཁྱེད་ཚོས་རང་ཉིད་ཀྱི་འཆར་གཞི་དང་རང་ཉིད་ཀྱི་ཁས་ལེན་རེ་ངེས་པར་རྩིག་ངོས་འདིར་འཁྱེར་ཡོང་ནས་རང་ཉིད་དང་ལྷན་དུ་སྦྱོར་རོགས་ཞེས་རེ་བ་ཞུ་ཡི་ཡོད་པ་དང་འདྲ། རྩིག་ངོས་ཀྱི་མི་ཚོ། ཤོག་ངོས་ཀྱི་མི་ཚོ། ངོ་གདོང་གསལ་པོ་རེ་བསྟན་ནས་ཕེབས་དང་། མང་ཚོགས་ཀྱིས་འོས་ཤོག་གི་སྐུ་འགྱེད་ལ་སྟ་གོན་ཚགས་ཚུད་ཀྱིས་སྒུག་འདུག
སྲོང་བཙན་བུས་སྤྱི་འཐུས་འོས་མི་དག་གིས་འཆར་གཞི་གསལ་འདོན་མེད་པའི་ལྟ་ཚུལ་ཡང་དག་པ་ཞིག་གསལ་གསལ་ཐིང་ཐིང་ངང་བྲིས་འདུག་པས་རྒྱབ་སྐྱོར་ཡོད། རྩིག་ངོས་ཀྱི་མི་ཚོར་མ་མཐའ་ཡང་རང་ཉིད་ལ་འབངས་མིའི་སྐྱིད་སྡུག་གི་ཉམས་མྱོང་ངེས་པར་དུ་དགོས། ཁོང་ཚོ་་ནི་འབངས་མིའི་འཐུས་ཚབ་པ་ཞིག་ཡིན་པའི་ཆ་ནས་སྐྱིད་སྡུག་གྲོས་ཚོགས་ར་བའི་ནང་གླེང་ཐུབ་པའི་སྙིང་སྟོབས་དགོས། དེ་མིན་གྲོས་ཚོགས་ར་བ་ཟང་ཟིང་དུ་བསྐུར་བའི་འོས་མི་དག་ནམ་ཡང་མིག་གི་མཐོང་ཡུལ་དུ་གྱུར་འདོད་མེད། ན་ནིང་གི་དཔེ་མཚོན་དེས་མི་མང་གི་སེམས་ལ་ཁྲིགས་སེ་འབབ་འདུག་གི་རེད།
བྱང་ཨ་རིའི་སྤྱི་འཐུས་བསྟན་འཛིན་ཆོས་ལྡན་ལགས་ཡང་བསྐྱར་སྤྱི་འཐུས་འོས་གཞིར་ཕེབས་ཀྱི་མེད་པའི་གནས་ཚུལ་གོ་ཐོས་བྱུང་། ཡིནའི་བྱང་ཨི་རིའི་སྤྱི་འཐུས་སྐོར་སྐད་ཆ་ཤོད་མཁན་སུ་ཡང་མི་འདུག། ད་རེས་ཉེ་ཆར་ ༼ The Tibetan political review ༽ ཞེས་པའི་དྲ་གནས་ཤིག་མཐོང་བྱུང་བའི་ནང་གྲོས་གཞིའི་ཆེད་དུ་མི་དགུའི་མིང་ཐོ་ཞིག་བཏོན་འདུག་པས་ཐུགས་རྗེ་ཆེ། ད་ཆ་བྱང་ཨ་རིར་སྤྱི་འཐུས་གཉིས་ཀྱི་ཐོབ་ཐང་ཡོད་ཙང་ཁོང་ཚོའི་ནང་ནས་ཨ་རི་མ་ནེ་སོ་ཏའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཕྱི་ལུགས་སྨན་པ་ཚེ་དབང་དངོས་གྲུབ་ལགས་དང་། ཁེ་ན་ཌ་ཊོ་རན་ཊོ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ནོར་བུ་ཚེིརིང་ལགས་གཉིས་འོས་གཞིར་སླེབས་ན་དགའ་བསུ་ཞུ་རྒྱུ་ཡིན་། གཞི་རྩ་ཁོང་ཚོ་སུ་གཅིག་ལའང་སྒེར་འབྲེལ་ཕར་བཞག་སྐད་ཆ་ཡང་བཤད་མྱོང་མེད་ཙང་ཞིབ་ཆའི་གནས་ཚུལ་རྒྱུས་མེད། འོན་ཀྱང་གོ་ཐོས་ལྟར་བྱས་ན་ཁོང་གཉིས་ཀ་བོད་པའི་སྤྱི་ཚོགས་ལ་ཞབས་འདེགས་ཞུས་དང་ཞུ་བཞིན་པ་མ་ཟད། མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་སྟོན་རྒྱུ་ཡོད་པ་ཞིག་ཀྱང་རེད་འདུག། དེ་བཞིན་སྤྱི་འཐུས་ལས་ཐོག་པ་བསྟན་འཛིན་ཆོས་ལྡན་ལགས་རང་འཇགས་ཕེབས་ནའང་དགའ་བསུ་ཞུ་རྒྱུ་ཡིན་། ཁོང་ལ་ཆ་བཞག་ན་ནུབ་ཕྱོགས་ནང་འཚར་ལོང་དང་། སློབ་སྦྱོང་བྱས་པའི་གཞོན་སྐྱེས་སྤྱི་མཚུངས་ལྟར་་སྐབས་རེ་ཁ་རི་ཁ་ཐུག་ཚ་དྲགས་པའི་སྐྱོན་ཆ་ཡོད་ན་ལས་སྤྱི་དོན་ཐོག་ལྷག་བསམ་རྣམ་དག་གི་ཐོག་ནས་དགེ་འདོན་སྐྱོན་སེལ་བྱེད་མཁན་ཞིག་ཡིན་པའི་མཐོང་ཚུལ་བྱུང་། གང་ལྟར་གནད་དོན་མང་པོ་ཞིག་གྲོས་ཚོགས་ནས་མང་མོས་ཐག་གཅོད་བྱེད་ཀྱི་ཡོད་ཙང་ཤེས་འཇོན་ཡོད་པའི་སྤྱི་མི་ཚད་ལྡན་རྐྱང་རྐྱང་སླེབས་ཐབས་མ་བྱས་ན་ཉེན་ཁ་ཆེན་པོ་རེད་འདུག།
འོས་གཞི་མྱུར་དུ་མ་འདོན་ན་བདུན་ཕྲག་གཉིས་ལས་མི་འདུག་ག།
ཡག་པོ་བྲིས་འདུག་་་་་་་ཐུགས་རྗེ་ཆེ་་་་་་་ཡིན་ནའང་ངས་དུས་རྒྱུན་དུ་འདི་ལྟར་བསམ་ནས་ཡོད། ང་ཚོས་སྐབས་བཅོ་ལྔ་བའི་སྤྱི་འཐུས་ཀྱི་ཁྲོད་དུ་ད་ལྟའི་སྐབས་བཅུ་བཞི་བའི་བོད་མི་མང་གི་སྤྱི་འཐུས་ལས་ཐོག་པ་ཚོ་ཡོང་ཐུབ་མིན་གཙོ་བོ། ད་ལྟའི་སྤྱི་འཐུས་ར་བའི་ནང་གི་གནད་དོན་གཉིས་ཀྱི་ཐོག་ལ་ང་ཚོས་བསམ་བློ་གཏོང་དགོས་པར་འདོད་བཞིན་ཡོད། གནད་དོན་གཅིག་ནི་་་་་་་སྤྱིར་སྤྱི་འཐུས་སུ་དང་སུ་ཡིན་རུང་མི་བུ་རང་ཉིད་ཀྱི་ནུས་སྟོབས་ལ་བརྟེན་ནས་དམངས་ལ་ལས་དོན་སྒྲུབ་བྱེད་ཀྱི་སྟོབས་ཤུགས་ཡོད་ཚད་ཀྱི་རྨང་གཞི་ནི་སློབ་སྦྱོང་དང་མི་གཞི་འདི་རེད། དེའི་ཕྱིར་ད་ལྟའི་སྤྱི་འཐུས་ཚོས་སྤྱི་འཐུས་ར་བ་ནས་རང་གི་ལྟ་སྤྱོད་དང་འབྲེལ་བའི་མི་གཞི་ལེགས་ཉེས་གཉིས་ཀ་སྟོན་བཞིན་ཡོད་སྟབས། འོས་འཕེན་མཁན་ང་དང་ཁྱོད་འཚུད་པའི་བོད་མི་ཚོས་ཁོང་ཚོའི་ལྟ་སྤྱོད་ལ་བལྟས་ནས་མི་བུ་སོ་སོས་བསམ་བློ་གཏོང་དགོས་པ་ཞིག་རེད། གནད་དོན་གཉིས་པ་ནི། སྤྱི་འཐུས་ཀྱི་རྐུབ་སྟེགས་ལ་དགའ་བའི་སྤྱི་འཐུས་མིང་འཛིན་པ་ཚོས་གནད་དོན་འདི་རེད། བོད་མི་ཞིག་ཡིན་ན་རང་གི་རྒྱལ་ཁབ་ཀྱི་གྲོས་ཚོགས་ར་བའི་ནང་རྐུབ་སྟེགས་ཀྱི་གྲངས་ཁ་ཅི་ཙམ་ཡོད་མེད་གསལ་བོ་མཁྱེན་རྒྱུ་རེད། དེ་བཞིན་ཟླ་དྲུག་རེའི་མཚམས་ཀྱི་བོད་མི་མང་སྤྱི་འཐུས་ཚོགས་དུས་ཀྱི་སྐབས་གང་དང་གང་ལ་ང་ཚོས་བལྟས་ན་གྲོས་ཚོགས་ར་བའི་ནང་རྐུབ་སྟེགས་ཅི་ཙམ་སྟོང་བ་ཡིན་མིན་ཡང་ཁ་གསལ་ངང་ཤེས་ཐུབ། སྤྱིར་སྤྱི་འཐུས་ར་བའི་ནང་གི་རྐུབ་སྟེགས་སྟོང་བ་རྣམ། སྤྱི་འཐུས་ཚོགས་དུས་ཀྱི་སྐབས་གང་དང་གང་ལ་བལྟས་ན། ནམ་རྒྱུན་སྟོང་བ་ཡིན་ཡིན་པ་རེད། འདི་དག་ནི་སྤྱི་དོན་གྱི་ཆེད་དུ་དུས་ནམ་ཡིན་རུང་མི་བུ་རང་ཉིད་ཀྱི་དུས་ཚོད་གཏོང་མི་ཐུབ་པའི་སྤྱི་མི་རུལ་སུངས་པ་ཚོ་རེད། ཁོང་ཚོའི་རིགས་ནི་སྤྱི་འཐུས་ཀྱི་མིང་ལ་དགའ་མཁན་དང་སྤྱི་དོན་གྱི་ལས་ལ་ནམ་ཡང་ཁ་གྲག་འདོད་མེད་པའི་སྤྱི་མི་རྒྱལ་ཚོང་བ་ཚོ་རེད།
འོ་ངས་མདོར་བསྡུས་ནས་བཤད་ན་ད་ལྟའི་སྤྱི་འཐུས་ལས་ཐོག་པ་ཚོ་སྐབས་བཅོ་ལྔ་བའི་བོད་མི་མང་གི་སྤྱི་འཐུས་ཀྱི་ཁྲོད་དུ་འོས་འཕེན་དང་མི་འཕེན་གཙོ་བོ་ལྟ་ས་གཉིས་ཡོད་ནི་རེད་ཟེར་གྱིན་ཡོད། གཅིག་སློབ་སྦྱོང་དང་མི་གཞི་ཡིན། གཉིས་པ་ཟླ་དྲུག་རེའི་མཚམས་ཀྱི་ཚོགས་དུས་སོ་སོ་ལ་ཆ་ཤས་ལེན་ཐུབ་ཀྱིན་ཡོད་མེད་ལ་ང་ཚོས་བལྟས་ནས་ད་གཟོད་འོས་འཕེན་གྱི་བྱ་བ་ལ་ཞུགས་དགོས་ཞེས་པ་འདི་གཉིས་ཡིན། འདི་གཉིས་ཀྱི་ནང་ནས་ཀྱང་གནད་དོན་ཕྱི་མ་དེ་ཧ་ཅང་གལ་ཆེན་པོ་ཞིག་ཡིན། སྤྱི་འཐུས་ཀྱི་མིང་ཁུར་ནས་སྤྱི་འཐུས་ར་བའི་ནང་ན་གོམ་པ་སྤོ་འདོད་མེད་པའི་སྤྱི་འཐུས་ཤིག་ང་ཚོ་ལ་ནམ་ཡང་དགོས་གལ་ཡོད་ནི་མ་རེད། འདི་བོད་མི་ཚང་མས་ལྟ་དགོས་སའི་གནད་དོན་ཞིག་རེད་དྲན་གྱི་འདུག།
སྲོང་བཙན་བུ་རྒོད་ཀྱིས་བཤད་པ་ལ་གནས་ལུགས་ཆེན་པོ་འདུག ད་ནི་ངེས་པར་དུ་མ་འོངས་པའི་འཆར་གཞི་གླེང་ཚད་རེད། དེ་ཡང་མི་རང་ཉིད་ཀྱིས་གླེང་ཚོད་རེད།
ད་དུང་རྩིག་ངོས་ཀྱི་མི་དག་ལ་དགོད་ཀྱི་ཡོང་རྐྱེན་ཡང་ཁ་ཤས་འདུག
ཁ་ཤས་ཀྱིས་རང་མི་གཅིག་གཉིས་རེ་ངོ་སྤྲོད་ཀྱི་ཆེད་དུ་ཁ་ཤས་རོགས་པར་འཐེན་ནས་སྦྱོར་གི་འདུག
ཁ་ཤས་ཀྱིས་རྒས་ཀོག་ཤི་ལ་ཁད་ཚོའི་མང་ཐོ་བསྡུས་ནས་སྦྱོར་གི་འདུག དེ་ཚོས་སྐུ་སྒེར་ནང་འཁྱེར་གི་ཨེ་ཡོད་ཀྱང་བསམས་ཀི་འདུག
ཁ་ཤས་ཀྱིས་རང་གི་ཕ་ཡུལ་གཅིག་པ་ཆ་ཚང་གི་མིང་ཐོ་བསྡུས་ནས་སྦྱོར་གི་འདུག
ད་དུང་ཁ་ཤས་ཀྱིས་འོས་སྦྱོར་གྱི་བྱེད་པོའི་མིང་ཙམ་ཡང་འདོན་ཐུབ་ཀི་མི་འདུག དེ་དག་ནི་རང་ཉིད་དང་པོར་བཞག་ནས་རྩིག་ངོས་ལ་སྦྱོར་མཁན་ཚོ་རེད།
ད་བཤད་ནས་རྫོགས་མཐའ་མི་འདུག
ཐེངས་གཅིག་བཀླགས་པ་ཡིན་དུས་ཁོམ་བྱུང་ན་རིམ་གྱིས་བཅར་ཆོག།