དེ་རིང་ཕྱི་དྲོའི་ཆུ་ཚོད་ ༣ སྟེང་མེག་ལོར་ཉིན་སློབ་རྒྱལ་ཡུམ་ཆེན་མོའི་ཚོགས་ཁང་དུ། སྒྲོན་མེ་རྩོམ་སྒྲིག་ཁང་དང་བཀའ་བློན་ཁྲི་པའི་ཚགས་པར་རྩོམ་སྒྲིག་ཚན་ཆུང་གཉིས་མཉམ་འབྲེལ་ཐོག ༼ བོད་ཀྱི་གྲོས་ཚོགས་བསྐྱར་ཞིབ་བགྲོ་གླེང་ ༽ ཞེས་པའི་བགྲོ་གླེང་འདུ་འཛོམས་ཞིག་བྱས་ཡོད་ལ། བགྲོ་གླེང་སྟེང་ཆེད་དུ་གདན་ཞུ་བྱས་པའི་གཏམ་བཤད་གནང་མཁན་བཞུགས་སྒར་ཁུལ་གྱི་ཚོགས་པ་སྒྲིག་འཛུགས་ཁག་གི་སྐུ་ཚབ་དང་། གསར་འགོད་པ། རང་དབང་གི་རྩོམ་པ་པོ་སོགས་མི་སྣ་ ༩ ཙམ་ཞུགས་ཡོད། ནམ་རྒྱུན་དང་མི་འདྲ་བའི་རྣམ་པ་གསར་བ་ཞིག་ནི། གཏམ་བཤད་གནང་མཁན་ཕལ་ཆེ་བ་མི་རབས་གསར་པ་དང་། དུས་རྒྱུན་གྱི་གཏམ་བཤད་སྡིངས་ཆ་ཁག་ཏུ་དེ་ཙམ་མཐོང་དཀོན་པ་སྐོར་ཞིག་ཕེབས་འདུག
བགྲོ་གླེང་གི་ཐོག་མར་སྒྲོན་མེ་རྩོམ་སྒྲིག་པ་རྨེའུ་དཀོན་རྒྱམ་ལགས་ཀྱིས་སྒྲོན་མེ་རྩོམ་སྒྲིག་ཁང་ངོ་སྤྲོད་དང་སྦྲགས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་བསྐྱར་ཞིབ་དགོས་པའི་རྒྱུ་མཚན་ངོ་སྤྲོད་གནང་ཡོད། སྐབས་དེར་བགྲོ་གླེང་གནང་མཁན་དག་གིས་རང་རང་གི་བརྗོད་གཞིའི་ཐོག་སྐར་མ་ ༦ རེར་གཏམ་བཤད་གནང་མཐར་མང་ཚོགས་དང་དྲི་བ་དྲིས་ལན་མགོ་འཛུགས་བྱས་ཡོད་ལ། བགྲོ་གླེང་དེ་ཉིན་རྒྱབ་ཆུ་ཚོད་ ༣ ནས་ཕྱི་དྲོའི་ཆུ་ ༦ དང་ཕྱེད་ཀའི་བར་འཚོགས་ཏེ། འདས་མ་འོངས་ད་ལྟ་གསུམ་གྱི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དགེ་སྐྱོན་དང་། ལྷག་པར་དུ་སླེབས་ལ་ཉེ་བའི་སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་ཚད་ལྡན་ཞིག་འདེམས་སྟངས་སྐོར་ལ་བགྲོ་གླེང་བསམ་ཚུལ་སྤེལ་རེས་བྱས་ཏེ་ཚོགས་ར་ཡོངས་འཁྲུག་ཆ་དོད་པོ་ཞིག་བྱུང་ཡོད།
ཐེངས་འདིའི་བགྲོ་གླེང་ཐོག་གི་བརྗོད་གཞི་ཁག་ནི། ༼ བོད་མི་མང་གི་འཐུས་ཚབ་ཚད་ལྡན་ཞིག་ཡོང་ཐབས་སུ་གསར་འགྱུར་བརྒྱུད་ལམ་ཁག་གིས་འགན་ལེན་ག་འདྲ་བྱེད་དགོས་སམ ༽ ཞེས་པ་དང་། ༼ སྤྱི་འཐུས་དང་འབྲེལ་བའི་གསར་འགྱུར་ལེགས་ཉེས་ཀྱིས་སྤྱི་ཚོགས་ལ་ཤུགས་རྐྱེན་གང་གི་ཆེ་མིན་གྱི་རྒྱབ་ལྗོངས་ལ་གཞིགས་ཏེ་འོས་འདེམས་ཇི་ལྟར་བྱ་དགོས ༽ ཞེས་པ། ༼ རྙིང་བརྗེ་གསར་གཏོད་ཀྱི་སྒོ་ནས་བོད་མི་མང་གི་འཐུས་མི་རྣམས་འདེམས་སྒྲིག་ཇི་ལྟར་བྱ་དགོས ༽ ཞེས་པ། ༼ ཆོས་བརྒྱུད་ཁག་གི་སྤྱི་འཐུས་མི་དགོས་པའི་རྒྱབ་ལྗོངས་བཙན་པོ་གང་ཞིག་ཡོད་དམ ༽ ཞེས་པ། ༼ དབུ་མའི་ལམ་དང་འབྲེལ་བའི་བོད་མི་མང་གི་སྤྱི་འཐུས་ཇི་ལྟར་འོས་འདེམས་བྱེད་དགོས་སམ ༽ ཞེས་པ།
༼ རང་བཙན་དང་འབྲེལ་བའི་བོད་མི་མང་གི་སྤྱི་འཐུས་འདེམས་སྒྲིག་ཇི་ལྟར་བྱེད་དགོས་པ་གཟིགས་ཀྱི་ཡོད་དམ་ ༽ ཞེས་པ། ༼ བུད་མེད་ཀྱི་ནུས་པ་ཆེ་མཐོང་དང་འབྲེལ་བའི་བུད་མེད་སྤྱི་འཐུས་འོས་འདེམས་གང་འདྲ་ཞིག་བྱས་ན་ལེགས་སམ་ ༽ ཞེས་པ། ༼ བོད་དོན་རྒྱབ་སྐྱོར་དང་འབྲེལ་བའི་སྤྱི་འཐུས་ཇི་ལྟར་འཚོལ་དགོས་པ་དང༌། བྱང་ཨ་རི་དང་ཡོ་རུབ། ཨེ་ཤ་ཡ་བཅས་ཀྱི་བོད་མིའི་གྲངས་འབོར་ལ་གཞིགས་ཏེ་སྤྱི་འཐུས་ཇེ་མང་དུ་གཏོང་དགོས་སམ ༽ ཞེས་པ། ༼ གཞིས་བཞུགས་བོད་རྒྱ་ཆེའི་མི་མང་གི་རེ་འདུན་དང་འཚམ་པའི་སྤྱི་འཐུས་ཇི་ལྟར་འཚོལ་དགོས་པ་གཟིགས་ཀྱི་ཡོད་དམ ༽ ཞེས་པ་བཅས་ཀྱི་ཐོག་བགྲོ་གླེང་བྱས་ཡོད།
གསར་འགོད་པ། དོན་འགྲུབ་བཀྲ་ཤིས།
དྲ་གྲོགས་ལྷན་རྒྱས་ལ་ཞུ་རྒྱུར། ཁ་སང་གི་བགྲོ་གླེང་དེ་ཉིན་རྒྱབ་ཆུ་ཚོད་ ༣ ནས་ཕྱི་དྲོའི་ཆུ་ཚོད་ ༧ མ་ཟིན་ཙམ་བར་གནང་ཡོད། དུས་ཐོག་ལ་ཀློག་པ་པོ་དག་གི་སྦྱན་ལམ་ལ་འབུལ་ཆེད་མདང་ནུབ་ཆུ་ཚོད་ ༡༢ ཡས་མས་སུ་གསར་འགྱུར་སྙིང་བསྡུས་ཤིག་དྲ་ཐོག་ལ་བཀོད་པ་ཡིན། སྐབས་དེར་པར་དང་གསར་འགྱུར་རྒྱས་པ་འབྲི་རྒྱུའི་ཆ་རྐྱེན་དང་དུས་ཚོད་མེད་སྟབས་འདི་ཙམ་གྱིས་འཐུས་པར་བྱས་པ་ཡིན། ད་ཆར་ཁ་སང་གི་བགྲོ་གླེང་སྐོར་གྱི་གསར་འགྱུར་རྒྱས་པ་ཞིག་འདི་གའི་གསར་འགོད་པས་བཟོ་བཞིན་ཡོད་སྟབས། མི་འགྱངས་པར་དྲ་ཐོག་ལ་སྤེལ་རྒྱུ་ཡིན།
གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ལགས། བགྲོ་གླེང་འཚོགས་སྲིན་པ་ཡིན་ན་མཇུག་འབྲས་གང་འདྲ་ཡོད་པ་དེ་ལ་ལེགས་ཉེས་གང་འདྲ་བྱུང་ཡོད་མེད་མི་འགོད་པ་ཅི་ཡིན་ནམ།
དྲ་གྲོགས་ཚོས་བསམ་བློ་གཏོང་དགོས་པ་ཞིག་ལ། བགྲོ་གླེང་བ་མི་རེ་རེའི་སྐར་ཆ་དྲུག་ལ་བཤད་པའི་སྐད་ཆ་འདིར་བཀོད་ན་རིང་དྲག་པས་སྐྱོན་ཡོད་པ་དང་། ལྷག་དོན་བགྲོ་གླེང་བ་གཙོ་བོ་ཞིག་དོན་བཀྲ་ཡིན་པས་དེ་ལྟར་བཀོད་ན་ཡང་ཁྱེད་ཅག་གིས་སྐྱོན་རྒྱག་གི་རེད།
དེའི་ཕྱིར་རྙོག་མེད་པའི་སྒོ་ནས་བགྲོ་གླེང་གི་བརྗོད་གཞི་ཁག་ལ་གཟིགས་ཞིབ་གནང་རོགས། གཤམ་ནས་འདི་ཡིན།
ཆེད་ཞུས་བགྲོ་གླེང་བ་རྣམས་ཀྱི་མཚན་དང་བརྗོད་གཞི་ཁག་གཤམ་གསལ།
༡༽ བོད་ཀྱི་དུས་བབ་རྩོམ་སྒྲིག་ལས་རོགས་དོན་འགྲུབ་བཀྲ་ཤིས།
བརྗོད་གཞི། བོད་མི་མང་གི་འཐུས་ཚབ་ཚད་ལྡན་ཞིག་ཡོང་ཐབས་སུ་གསར་འགྱུར་བརྒྱུད་ལམ་ཁག་གིས་འགན་ལེན་ག་འདྲ་བྱེད་དགོས་སམ།
༢༽ བོད་ཀྱི་བང་ཆེན་རྩོམ་སྒྲིག་ལས་རོགས་ཆོས་ཉིད་འོད་ཟེར།
བརྗོད་གཞི། སྤྱི་འཐུས་དང་འབྲེལ་བའི་གསར་འགྱུར་ལེགས་ཉེས་ཀྱིས་སྤྱི་ཚོགས་ལ་ཤུགས་རྐྱེན་གང་གི་ཆེ་མིན་གྱི་རྒྱབ་ལྗོངས་ལ་གཞིགས་ཏེ་འོས་འདེམས་ཇི་ལྟར་བྱ་དགོས།
༣༽ བོད་དོན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས།
བརྗོད་གཞི། རྙིང་བརྗེ་གསར་གཏོད་ཀྱི་སྒོ་ནས་བོད་མི་མང་གི་འཐུས་མི་རྣམས་འདེམས་སྒྲིག་ཇི་ལྟར་བྱ་དགོས།
༤༽ཤེས་རིག་ལས་ཁུངས་ཀྱི་རིགས་གཅིག་རྐང་འཛིན་པ་ཨ་འབྲུག་དཀོན་མཆོག
བརྗོད་གཞི། ད་ལྟའི་སྤྱི་འཐུས་ཀྱི་གྲུབ་ཆ་དང་སྒྲོམ་གཞི་ལ་གཞིགས་ནས་མ་འོངས་པའི་སྒྲོམ་གཞི་སོགས་ཀྱི་ཁ་ཕྱོགས་ཇི་ལྟར་བསླང་དགོས།
༥༽ རྩོམ་པ་པོ་བོན་རྒྱ་བསྟན་འཛིན་རབ་རྒྱས།
བརྗོད་གཞི། ཆོས་བརྒྱུད་ཁག་གི་སྤྱི་འཐུས་མི་དགོས་པའི་རྒྱབ་ལྗོངས་བཙན་པོ་གང་ཞིག་ཡོད་དམ།
1
༦༽ དབུ་མའི་ལམ་དུས་དེབ་རྩོམ་སྒྲིག་པ་རྨོག་རུ་བསྟན་པ།
བརྗོད་གཞི། དབུ་མའི་ལམ་དང་འབྲེལ་བའི་བོད་མི་མང་གི་སྤྱི་འཐུས་ཇི་ལྟར་འོས་འདེམས་བྱེད་དགོས་སམ།
༧༽ དབུས་གཞོན་ལྷན་གྱི་ཚོགས་གཞོན་དོན་འགྲུབ་ལྷ་དར།
བརྗོད་གཞི། རང་བཙན་དང་འབྲེལ་བའི་བོད་མི་མང་གི་སྤྱི་འཐུས་འདེམས་སྒྲིག་ཇི་ལྟར་བྱེད་དགོས་པ་གཟིགས་ཀྱི་ཡོད་དམ།
༨༽ དབུས་གཞོན་ལྷན་གྱི་རྒྱུན་ལས་བསྟན་འཛིན་དབྱངས་འཛོམས།
བརྗོད་གཞི། བུད་མེད་ཀྱི་ནུས་པ་ཆེ་མཐོང་དང་འབྲེལ་བའི་བུད་མེད་སྤྱི་འཐུས་འོས་འདེམས་གང་འདྲ་ཞིག་བྱས་ན་ལེགས་སམ།
༩༽ བུད་མེད་ཉམས་ཞིབ་པ་ཤར་གླིང་ཟླ་སྒྲོན།
བརྗོད་གཞི། ད་ལྟའི་བུད་མེད་སྤྱི་འཐུས་ཡོང་སྟངས་འགྲིགས་མིན་དང་མ་འོངས་པར་ལམ་ཁ་གང་ཞིག་གི་ཐོག་ཏུ་འགྲོ་དགོས་པ་མཐོང་གི་ཡོད་དམ།
༡༠༽ རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་གྱི་འབྲེལ་མཐུད་པ་ཚེ་རིང་ཆོས་གྲུབ།
བརྗོད་གཞི། བོད་དོན་རྒྱབ་སྐྱོར་དང་འབྲེལ་བའི་སྤྱི་འཐུས་ཇི་ལྟར་འཚོལ་དགོས་པ་དང༌། བྱང་ཨ་རི་དང་ཡོ་རུབ། ཨེ་ཤ་ཡ་བཅས་ཀྱི་བོད་མིའི་གྲངས་འབོར་ལ་གཞིགས་ཏེ་སྤྱི་འཐུས་ཇེ་མང་དུ་གཏོང་དགོས་སམ།
༡༡༽ སྒྱུ་རྩལ་བ་མགོ་ལོག་ཟླ་བྷེ།
བརྗོད་གཞི། གཞིས་བཞུགས་བོད་རྒྱ་ཆེའི་མི་མང་གི་རེ་འདུན་དང་འཚམ་པའི་སྤྱི་འཐུས་ཇི་ལྟར་འཚོལ་དགོས་པ་གཟིགས་ཀྱི་ཡོད་དམ།
གོ་སྒྲིག་པ། སྒྲོན་མེ་རྩོམ་སྒྲིག་ཁང་དང་བཀའ་བློན་ཁྲི་པའི་ཚགས་པར་རྩོམ་སྒྲིག་ཚན་ཆུང་།
འཚོགས་ཡུལ། མེག་ལོར་ཉིན་སློབ་རྒྱལ་ཡུམ་ཚོགས་ཁང་།
ཐོག་མར་སྒྲོན་མེ་རྩོམ་སྒྲིག་ཁང་གི་ཚོགས་མི་ལྷན་རྒྱས་རྣམས་ལ་འཚམ་འདྲི་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྤྱིར་བཏང་ནས། ང་རང་ལ་མཚོན་ན། སྒྲོན་མེ་རྩོམ་སྒྲིག་ཁང་གི་འབྲེལ་ཡོད་ལྷན་རྒྱས་རྣམས་ལ་གང་འཚམས་ཀྱི་རྒྱུས་མངའ་ཡོད། དེ་འདྲ་ཡིན་དུས། སྒྲོན་མེ་རྩོམ་སྒྲིག་ཁང་གི་ངོས་ནས་ད་ལྟའི་བར་དུ་ལས་དོན་གང་ཞིག་བསྒྲུབས་ཡོད་མེད་ཀྱི་གནས་ཚུལ་ལ་དེ་བས་ཀྱང་ཆ་རྒྱུས་ཡོད།
༢༠༠༧ལོར་《སྒྲོན་མེ་རྩོམ་སྒྲིག་ཁང་》ཟེར་བ་དེ་གསར་འཛུགས་བྱས་པ་ཞིག་རེད། དེའི་དམིགས་ཡུལ་ནི། ཤེས་རིག་ཁྱབ་སྤེལ་དང་སྤྱི་ཚོགས་ཞིབ་ཕྱི་ལ་དམིགས་པ་ཞིག་རེད།
༢༠༠༨ལོར་《སྒྲོན་མེ་》ཞེས་པའི་དཔེ་ཚོགས་ཤིག་རྩོམ་སྒྲིག་བྱས་ཡོད་པ་རེད། དེ་ཡང་ཕལ་ཆེར་བཙན་བྱོལ་ནང་ལ་བོད་ཕྱི་ནང་གི་རྩོམ་པ་པོ་འཛོམས་ཆེ་ཤོས་ཀྱི་དཔེ་ཚོགས་ཤིག་ཆགས་ཡོད།
༢༠༠༩ལོར་《སྒྲོན་མེ་ཆེད་རྩོམ་འགྲན་བསྡུར་》ཞེས་པའི་སྤྱི་ཡོངས་ལ་རྩོམ་ཡིག་འགྲན་བསྡུར་ཞིག་སྤེལ་ཏེ་འགྲན་རྩོམ་རྣམས་ཕྱོགས་བསྒྲིགས་བྱས་ཏེ་《ཤེས་རྟོགས་དང་ལག་ལེན་》ཞེས་པའི་ཆེད་དེབ་ཅིག་བཏོན་ཡོད་པ་རེད། དེའི་བརྗོད་གཞི་ཁག་ནི། ༡ ༸གོང་ས་མཆོག་གི་དགོངས་གཞི་དང་བོད་མི་རིགས་ཀྱི་ལག་ལེན་བར་གྱི་སྟོང་ཆའི་སྐོར་དང་། ༢ ནང་ཆོས་དང་ཚན་རིག་གཉིས་དཔྱད་བསྡུར་བྱེད་པའི་དགོས་པ་དང་ཐབས་ལམ། ༣ རིགས་གཅིག་རྐྱང་འཛིན་སྐྱེད་སྲིང་བྱེད་པའི་དམིགས་ཡུལ་དང་ཆ་རྐྱེན། ༤ མི་རིགས་གསར་པའི་ལངས་ཕྱོགས་དང་འགན་འཁྲིའི་བཅས་རེད།
༡༠༡༠ལོར་《བཀའ་བློན་ཁྲི་པ་》ཞེས་པའི་ཚགས་པར་ཞིག་བཏོན་དང་འདོན་བཞིན་པ་རེད། དེའི་ལེ་ཚན་ཁག་ནི། བཀའ་ ཁྲིའི་སྐོར་གྱི་རྒྱན་ཤེས་དང་རྩ་འཛིན་ལམ་སྟོན། གཞིས་བཞུགས་བོད་མིའི་རེ་འདུན་དང་བཀའ་འདྲི། ཆེད་རྩོམ་དང་བསམ་ཚུལ། བཅར་འདྲི་དང་འོས་གཞི། གསར་འགྱུར་དང་འོས་སྤྱོར། དཔྱད་གླེང་དང་སྤྱི་འཐུས་སྐོར་གྱི་ལེ་ཚན་ཞིག བཀའ་ཁྲིེའི་སྐོར་གྱི་བགྲོ་གླེང་དང་འོས་གཞིར་ལངས་མཁན་གྱི་འཆར་གཞི། རྩོམ་སྒྲིག་པའི་གཏམ་དང་ཕྱི་རྒྱལ་མི་སྣའི་བསམ་ཕྱོགས་སོགས་ཀྱི་གྲུབ་པའི་ཤོག་ངོས་བཅུ་གཉིས་ཅན་གྱི་ཚགས་པར་ཞིག་རེད།
ད་དུང་《༢༠༡༡ལོའི་བཀའ་ཁྲིའི་འཚོལ་བ་》ཞེས་པའི་བགྲོ་གླེང་ཞིག་གོ་སྒྲིག་ཟིན་པ་དང་། ཁ་སང་ཡང་《བོད་ཀྱི་གྲོས་ཚོགས་བསྐྱར་ཞིབ་ཀྱི་བགྲོ་གླེང་》ཞིག་ཀྱང་གོ་སྒྲིག་བྱས་པ་སོགས་ལ་གཞིགས་ན། ཁ་ཡོད་ལག་ཡོད་ཀྱིས་སྒོ་ནས་བོད་ཀྱི་ཤེས་ཡོན་དར་སྤེལ་དང་སྤྱི་ཚོགས་ཁོ་ནར་དམིགས་པ་ཞིག་ཡིན་ཟེར་བའི་དོན་སྙིང་ཚང་འདུག་མོད། འོན་ཀྱང་། དྲ་གྲོགས་རྣམ་པར་དཔྱད་གཞིའི་རྒྱུ་ཆ་ཙམ་ཡིན་པ་ལས། མཐའ་གཅིག་ཏུ་ཡག་པོ་དང་ལེགས་པོ་འདུག་ཅེས་ཞུ་བ་མིན། དེ་འདྲ་ཡིན་དུས། ངེས་པར་དུ་རང་རང་གི་དགོངས་ཚུལ་གསུངས་རོགས་ཞུ།
གསར་འགོད་པ་ལགས། གསར་འགྱུར་འདི་ལྟར་སྤེལ་སྟངས་ཤིག་ཡོད་ནི་འུ་རེད། བགྲོ་གླེང་བ་རྣམས་མི་རབས་གསར་པ་དང་། དུས་རྒྱུན་གྱི་གཏམ་བཤད་སྡིངས་ཆ་ཁག་ཏུ་དེ་ཙམ་མཐོང་དཀོན་པ་སྐོར་ཞིག་ཕེབས་འདུག་ལབ་ན་བགྲོ་གླེང་གནང་མཁན་གྱི་མི་བུ་དེ་ཚོ་མི་མང་གིས་ངོས་འཛིན་བྱེད་ཐུབ་ཀི་རེད་དམ། ད་རུང་གསར་འགྱུར་འདིའི་ནང་ཧ་ཅང་སྟོང་ཆ་ཆེན་པོ་ཞིག་ཡོད་པ་ནི། མི་རབས་གསར་བའི་བགྲོ་གླེང་བ་དེ་ཚོས་སྐར་མ་ ༦ རེར་གཏམ་བཤད་གནང་བའི་སྙིང་དོན་རྣམ། གསར་འགྱུར་འདིའི་ནང་དུ་འགོད་མ་ཐུབ་པ་ནི་གསར་འགྱུར་འདིའི་སྟོང་ཆ་ཆེན་པོ་རེད། གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ལགས། རྗེས་ཕྱོགས་གསར་འགྱུར་གྱི་རིགས་འདི་ལྟར་མ་སྤེལ་རོགས། གསར་འགྱུར་སྤེལ་ན་དོན་གནད་ཆ་ཚང་འདུས་པ་ཞིག་འགོད་རོགས་ཞེས་ཞུ་སྐུལ་བྱེད་བཞིན་ཡོད། གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ལགས་ཐུགས་ལ་ཕོག་ཡོད་ན་དགོངས་དག་ཞུ། འདི་ནི་ངོས་འཛིན་མི་བྱེད་ཐབས་མེད་རེད།
བགྲོ་གླེང་གནང་སར་ཕེབས་པའི་སྐུ་མགྲོན་དགུ་དེ་དག་གི་མཚན་བྱང་འདི་རུ་འདྲེན་ཐུབ་པ་ཡིན་ན་ཡག་པོ་འདུག་ལ། ཞོར་དུ་ཁོང་ཚོས་སྐད་ཆ་མདོར་བསྡུས་རེ་འདི་རུ་བཀོད་ཐུབ་པ་ཡིན་དེ་བས་ཀྱང་འཚམ་པོ་དང་། ཀློག་སྤྲོ་བོ་ཞིག་དང་རྒྱང་རིང་གི་ཡུལ་གྲུ་ཁག་ན་གནས་པའི་བོད་རིགས་གཞོན་སྐྱེས་ང་འདྲ་བ་དག་གི་བསམ་ཚུལ་ཕྲན་པུ་རེ་ཡང་བཤད་རྒྱུར་ཕན་སྲིད་པ་རེད་ལ། བསམ་ཚུལ་དེས་ཀྱང་བོད་གཞིས་བྱེས་གཉིས་ཀྱི་སྤྱི་ཚོགས་ལ་ཕན་ཐོག་ཅུང་རེ་ཡོད་མི་སྲིད་པ་མིན་ལགས།