མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་མང་སྤྱི་འཐུས་གྲོས་ཚོཊ་ལ་བསྐྱར་ཞིབ་དགོས་སམ།

བོད་ཀྱི་དུས་བབ།
༢༠༡༠/༠༩/༢༡
Share on FacebookShare on TwitterShare on EmailShare on Whatsapp

 

ཁ་སང་ཕྱི་ཚེས་ ༡༩ ཉིན་གྱི་སྒྲོན་མེ་རྩོམ་སྒྲིག་ཁང་དང་བཀའ་བློན་ཁྲི་པའི་ཚགས་པར་རྩོམ་སྒྲིག་ཚན་ཆུང་གཉིས་མཉམ་འབྲེལ་ཐོག་མེག་ལོར་ཉིན་སློབ་རྒྱལ་ཡུམ་ཆེན་མོའི་ཚོགས་ཁང་དུ།  ༼ བོད་ཀྱི་གྲོས་ཚོགས་བསྐྱར་ཞིབ་བགྲོ་གླེང་ ༽ ཞེས་པའི་བགྲོ་གླེང་འདུ་འཛོམས་ཞིག་གོ་སྒྲིག་བྱས་ཡོད། བགྲོ་གླེང་དེའི་ཐོག་ཆེད་དུ་གདན་ཞུ་བྱས་པའི་གཏམ་བཤད་མི་སྣ་ ༩ ཙམ་ཡོད་པ་དང་། ཁོང་ཅག་གིས་རང་རང་གི་བརྗོད་གཞིའི་ཐོག་སྐར་མ་ ༦ རེར་གཏམ་བཤད་གནང་རྗེས་དྲི་བ་དྲིས་ལན་དང་ཟུར་ཉན་པ་དག་གིས་སོ་སོའི་བསམ་ཚུལ་བཤད་ཡོད། བགྲོ་གླེང་དེ་ཉིན་རྒྱབ་ཆུ་ཚོད་ ༣ ནས་ཕྱི་དྲོའི་ཆུ་ཚ་ ༦ ཕྱེད་ཀའི་བར་འཚོགས་ཡོད་ལ། བགྲོ་གླེང་གོ་སྒྲིག་པ་རྨེའུ་དཀོན་རྒྱམ་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར། ཐེངས་འདིར་གཏམ་བཤད་གནང་མཁན་མང་ཆེ་བ་མི་རབས་གསར་པ་དང་དུས་རྒྱུན་གཏམ་བཤད་སྡིངས་ཆ་རིགས་སུ་མཐོང་དཀོན་པ་ཁག་ཅིག་ཕེབས་འདུག

 

བགྲོ་གླེང་གི་ཐོག་མར་དབུ་མའི་ལམ་ཚགས་པར་གྱི་རྩོམ་སྒྲིག་པ་རྨོག་རུ་བསྟན་པ་ལགས་ཀྱིས་༼ དབུ་མའི་ལམ་དང་འབྲེལ་བའི་བོད་མི་མང་གི་སྤྱི་འཐུས་ཇི་ལྟར་འོས་འདེམས་བྱེད་དགོས་སམ ༽ ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་དོན།  ང་རང་ཚོའི་གཞུང་འདི་མང་གཙོའི་གཞུང་ཡིན་པ་དང་། སྤྱི་འཐུས་ཀྱི་ལྟ་གྲུབ་ལ་ཚད་བཀག་མེད་སྟབས། ད་ལྟའི་སྤྱི་འཐུས་ཀྱི་གྲུབ་ཆའི་ནང་ཕྱེད་རང་བཙན་དང་ཕྱེད་དབུ་མའི་ལམ་གྱི་ལྟ་བ་འཛིན་མཁན་ཆགས་ཡོད། ཡིན་ནའང་། ད་ལྟའི་དུས་འདིར་གཞུང་གི་སྲིད་བྱུས་དེ་དབུ་མའི་ལམ་ཆགས་ཡོད་སྟབས། ང་ཚོའི་སྤྱི་འཐུས་དེ་ཡང་དབུ་མའི་ལམ་གྱི་ལྟ་བ་ལངས་ཕྱོགས་དང་མཐུན་དགོས་པ་རེད་དྲན་ཡོད། རྒྱུ་མཚན། ང་ཚོའི་གཞུང་དེ་དབུ་མའི་ལམ་གྱི་སྲིད་བྱུས་གཏན་འབེབས་བྱེད་མཁན་གྱི་གཞུང་ཞིག་ཡིན་པ་ལྟར།  ཁྲིམས་བཟོ་ལྷན་ཚོགས་ཀྱང་གཞུང་གི་ལྟ་བ་ལངས་ཕྱོགས་དང་མཐུན་པོ་བྱུང་ན། ཕྱི་གླིང་བ་དང་རྒྱ་མིའི་ལྟ་སྟངས་ལ་ཡག་པོ་ཡོད་པ་རེད། འོན་ཀྱང་། སྤྱི་འཐུས་ཀྱི་ཡག་སྡུག་དང་སྤུས་ཀ་སོགས་ལ་གཞུང་ངོས་ནས་ཚོད་འཛིན་དང་བཀག་རྒྱ་མེད་སྟབས། ལྟ་གྲུབ་དང་ལངས་ཕྱོགས་གང་འདྲ་ཞིག་ཡོང་མིན་དེ་རྒྱ་ཆེའི་མི་མང་ལ་རག་ལས་ཡོད་པ་རེད། ཅེས་བརྗོད་བྱུང་ལ།

 

བོད་ཀྱི་བང་ཆེན་ཚགས་པར་རྩོམ་སྒྲིག་ལས་རོགས་ཆོས་ཉིད་འོད་ཟེར་ལགས་ཀྱིས་༼ སྤྱི་འཐུས་དང་འབྲེལ་བའི་གསར་འགྱུར་ལེགས་ཉེས་ཀྱིས་སྤྱི་ཚོགས་ལ་ཤུགས་རྐྱེན་གང་གི་ཆེ་མིན་གྱི་རྒྱབ་ལྗོངས་ལ་གཞིགས་ཏེ་འོས་འདེམས་ཇི་ལྟར་བྱ་དགོས ༽ ཞེས་པའི་བརྗོད་གཞིའི་ཐོག སྤྱིར་ང་ཚོ་འཐབ་རྩོད་པ་ཞིག་ཡིན་པའི་ཆ་ནས་གསར་འགོད་པ་ཚོས་ཀྱང་། བོད་ཕྱི་ནང་དང་མི་མང་གི་བསམ་ཚུལ་སོགས་འཐབ་རྩོད་ཀྱི་ངོ་བོར་རྩོད་ལེན་བྱས་ཏེ་མི་མང་ལ་ངོ་འཕྲོད་བྱེད་ཀྱིན་ཡོད་ལ། མི་མང་དང་གཞུང་གཉིས་བར་གྱི་གནས་ཚུལ་དང་བསམ་ཚུལ། སྤྱི་ཚོགས་དང་ཆབ་སྲིད་ཀྱི་གནས་སྟངས་སོགས་མི་མང་ལ་དུས་ཐོག་ཏུ་མཁོ་གཏོང་བྱ་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད། སྤྱིར་དམངས་གཙོའི་སྤྱི་ཚོགས་ཆེན་པོའི་ནང་འཐབ་རྩོད་རང་ལ་དམིགས་ཏེ་གསར་འགྱུར་བརྒྱུད་ལམ་བཟོས་ཡོད་པ་དེ་འདྲ་ཡོད་ཀྱང་། ང་ཚོའི་སྤྱི་ཚོགས་ནང་དེ་འདྲ་མེད་སྟབས་གསར་འགོད་པ་ཚོས་རང་ཉིད་འཐབ་རྩོད་པ་ཡིན་པའི་འགན་འཁྲི་དང་རྒྱལ་སྤྱིའི་ཁྲིམས་སྒྲིག་གཞིར་བཟུང་ཐོག མི་མང་ལ་གནས་ཚུལ་གྱི་ཤུགས་རྐྱེན་ཡག་པོ་སླེབས་ཐུབ་པའི་སྒང་ལ་ནུས་ཤུགས་སྤུངས་པ་ཡིན་ན་ཕན་ཐོགས་ཆེན་པོ་ཡོད་པ་རེད་བསམ་ཡོད། ཅེས་བརྗོད་བྱུང་།

 

དུས་བབ་ཚགས་པར་གྱི་རྩོམ་སྒྲིག་ལས་རོགས་དོན་འགྲུབ་བཀྲ་ཤིས་ལགས་ཀྱིས་༼ བོད་མི་མང་གི་འཐུས་ཚབ་ཚད་ལྡན་ཞིག་ཡོང་ཐབས་སུ་གསར་འགྱུར་བརྒྱུད་ལམ་ཁག་གིས་འགན་ལེན་གང་འདྲ་བྱེད་དགོས་སམ ༽ ཞེས་པའི་བརྗོད་གཞིའི་ཐོག དེ་རིང་གི་གླེང་གཞི་འདི་ཧ་ཅང་གལ་གནད་ཆེན་པོ་དང་དུས་སུ་བབ་པ་ཞིག་རེད། འོན་ཀྱང་། ང་ཚོས་བརྗོད་གཞི་འདི་གླེང་དགོས་ན་མ་མཐར་ཡང་ ༡༩༦༠ ལོའི་ཟླ་ ༩ པའི་ཚེས་  ༢ ཉིན་སྤྱི་འཐུས་ལྷན་ཚོགས་ཐོག་མར་དབུ་བརྙེས་ཏེ། ད་ལོའི་ཕྱི་ཟླ་ ༩ ཚེས་ ༢ ཉིན་དམངས་གཙོའི་དུས་དྲན་ཐེངས་ ༥༠ བ་སྲུང་གཙི་བྱས་པའི་བར་གྱི་དགེ་སྐྱོན་ལེགས་ཉེས་ལ་རགས་ལྟ་ཞིག་བྱས་ཏེ། སྐབས་བཅོ་ལྔ་བའི་སྤྱི་འཐུས་འོས་འདེམས་ལ་གྲ་སྒྲིག་བྱ་དགོས་པ་རེད་དྲན་ཡོད། གཉིས་པ་ང་རང་གི་བརྗོད་གཞིའི་ཐོག་བཤད་རྒྱུ་མང་པོ་མེད། ད་ཆར་རྐུབ་སྟེགས་བཟུང་བསྡད་ཡོད་མཁན་དང་། གསར་དུ་རྐུབ་སྟེགས་སྟེང་འཛེག་ཡོང་མཁན་མགོ་བདེ་བོ་དག་གི་མགོ་སྐོར་འོག་མ་ཚུད་པ་བྱ་རྒྱུ་དང་། མང་ཚོགས་ཀྱི་ངོས་ནས་གསར་ལམ་ཁག་ཏུ་སླེབས་ཚད་ལ་མགོ་མི་འཁོར་བར་ཞིབ་འཇུག་བྱ་རྒྱུ་གལ་ཆེན་པོ་རེད་དྲན་ཡོད། ད་ཡོད་སྤྱི་འཐུས་ཁག་ཅིག་གི་བྱེད་སྟངས་ལ་བལྟས་ན། མང་ཚོགས་ཀྱི་ངོས་ནས་སྐབས་བཅོ་ལྔ་བའི་སྤྱི་འཐུས་གཟབ་ནན་ཐོག་མ་བདམས་པ་ཡིན་ན། མ་འོངས་པར་འདི་དག་སྐུ་དྲག་གསར་མ་མི་ཆགས་པའི་ངེས་པ་མི་འདུག ཅེས་བརྗོད་བྱུང་།

 

དབུས་གཞོན་ནུའི་ཚོགས་གཞོན་དོན་འགྲུབ་ལྷ་དར་ལགས་ཀྱིས་༼ རང་བཙན་དང་འབྲེལ་བའི་བོད་མི་མང་སྤྱི་འཐུས་འདེམས་སྒྲིག་ཇི་ལྟར་བྱ་དགོས ༽ ཞེས་པའི་བརྗོད་གཞིའི་ཐོག ༡༩༥༩ ལོར་ང་ཚོ་བཙན་བྱོལ་ཏུ་འབྱོར་བའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཐོག་མ་བོད་རང་བཙན་རེད། རང་བཙན་ངའི་ལྟ་བ་ཡིན་ཟེར་བ་ཞིག་ལོ་རྒྱུས་དང་འཐབ་རྩོད་ཀྱི་གནས་བབ་གང་གི་ཆ་ནས་ཀྱང་ཡོད་པ་མ་རེད། དེར་བརྟེན་སྤྱི་འཐུས་མི་རེ་ངོ་རེར་རང་བཙན་དང་འབྲེལ་བ་ཡོད་པར་མ་ཟད་རང་བཙན་གླེང་བའི་འགན་དབང་ཡོད། ཡིན་ནའང་། ད་ལྟ་སྤྱི་ཚོགས་ནང་མ་འོངས་པར་གྲོས་ཚོགས་ནང་རང་བཙན་གྱི་ལྟ་བ་འཁུར་མཁན་སླེབས་ན་འགྲིག་གི་མེད་པའི་གླེང་གཞི་ཞིག་ཡོང་གི་ཡོད་པ་རེད། དེའི་ཐད་གསལ་བོར་ཞུ་འདོད་པ་ནི། ལྷག་བསམ་རྣམ་དག་གིས་དབུ་མའི་ལམ་གྱི་སྲིད་བྱུས་འཛིན་མཁན་དང་སོ་སོར་ཡིད་ཆེས་ཡོད་པའི་ཐོག་འབད་བརྩོན་བྱེད་པ་ཡིན་ན། གཞོན་ལྷན་སྒྲིག་འཛུགས་ཀྱི་ངོས་ནས་གུས་བཀུར་ཞུ་པ་དང་ཆབས་ཅིག སྤྱི་འཐུས་གྲོས་ཚོགས་དེ་བོད་མི་ས་ཡ་དྲུག་གི་འཐུས་ཚབ་ཀྱི་ར་བ་ཞིག་ཡིན་སྟབས། རང་བཙན་གླེང་བའི་སྡིངས་ཆ་ཞིག་ཀྱང་ངེས་པར་དུ་དགོས་པ་རེད། ཅེས་བརྗོད་བྱུང་།

 

རྩོམ་པ་པོ་བོན་རྒྱ་བསྟན་འཛིན་རབ་རྒྱས་ལགས་ཀྱིས་༼ ཆོས་བརྒྱུད་ཁག་གི་སྤྱི་འཐུས་མི་དགོས་པའི་རྒྱབ་ལྗོངས་བཙན་པོ་གང་ཞིག་ཡོད་དམ་ཞེས ༽ ཞེས་པའི་བརྗོད་གཞིའི་ཐོག ང་རང་གིས་སྔོན་མ་ཆོས་རྒྱུད་སྤྱི་འཐུས་མི་དགོས་པའི་སྐོར་ལ་རྩོམ་ཡིག་སྔ་ཕྱི་གཉིས་སྤེལ་བ་ཡིན། ཆོས་བརྒྱུད་སྤྱི་འཐུས་ཟེར་བ་འདི་འདས་མ་འོངས་ད་ལྟ་གསུམ་དང་། འཕྲལ་ཕུགས་རྒྱང་གསུམ་གང་ནས་བལྟས་ཀྱང་དགོས་མཁོ་མེད་པ་གསལ་བོ་གསལ་རྐྱང་རེད། ཆོས་བརྒྱུད་སྤྱི་འཐུས་འདི་ལ་དབང་སྒྱུར་གྱི་དྲི་མ་ཞིག་ཡོད་པ་མ་ཟད། ཆོས་བརྒྱད་སྤྱི་འཐུས་འདེམས་སྟངས་དང་སོགས་དམངས་གཙོའི་ལྟ་གྲུབ་དང་འགལ་གྱིན་ཡོད། ཆོས་བརྒྱུད་སྤྱི་འཐུས་འདི་བདམས་པ་ལ་བརྟེན་ཏེ་ཆོས་ལུགས་པ་དང་ཆོས་ལུགས་ལ་བཀྲུས་ན་མི་དག་པ་དང་བཀྲ་མི་ཤིས་པའི་གནས་ཚུལ་མང་པོ་ཡོང་གི་ཡོད། དེ་བཞིན་ད་ལྟ་ཡོད་བཞིན་པའི་ཆོས་བརྒྱུད་སྤྱི་འཐུས་འདི་དག་དང་། ཡོང་རྒྱུ་བསྡད་པའི་ཆོས་བརྒྱུད་སྤྱི་འཐུས་དེ་དག་ལྟ་བུ་མ་གཏོགས། མ་འོངས་པར་ཆོས་བརྒྱུད་སྤྱི་འཐུས་ལ་བཟོ་བཅོས་རྒྱག་རྒྱུ་མེད་པ་དང་རྒྱག་སྟངས་མེད་པ་འདི་ཆོས་བརྒྱུད་སྤྱི་འཐུས་རྦད་དེ་དགོས་ཀྱི་མི་འདུག་ཟེར་བའི་རྒྱབ་ལྗོངས་བཙན་པོ་ཡིན། ཞེས་བརྗོད་བྱུང་།

 

སྒྱུ་རྩལ་པ་མགོ་ལོག་ཟླ་བྷེ་ལགས་ཀྱིས་༼ གཞིས་བཞུགས་བོད་རྒྱ་ཆེའི་མི་མང་གི་རེ་འདུན་དང་འཚམ་པའི་སྤྱི་འཐུས་ཇི་ལྟར་འཚོལ་དགོས ༽ ཞེས་པའི་བརྗོད་གཞིའི་ཐོག གཞིས་བཞུགས་བོད་མིའི་ཚབ་མཚོན་ཐུབ་པའི་སྤྱི་འཐུས་དེ་༸གོང་ས་མཆོག་གི་ཅི་གསུངས་བསྒྲུབ་ཐུབ་མཁན་དེ་རེད་བསམ་ལ།  དེ་བཞིན་གཞིས་བཞུགས་བོད་མིིའི་གནས་ཚུལ་ཡང་དག་ཤེས་མཁན་ཞིག་དང་། བོད་ནང་གི་གནས་སྟངས་དངོས་ལ་རྒྱུས་ཡོད་མཁན་བརྒྱུད་མྱོང་མཁན་ཞིག་ཡིན་ཚེ་གཞིས་ལུས་མི་མང་གི་ཚབ་མཚོན་ཐུབ་ཀྱི་རེད་དྲན་ཡོད། ལྷག་བསམ་དགོས་པ་གལ་ཆེན་པོ་ཡིན་ཡང་། རང་ཕྱོགས་ཆོལ་ཁ་དང་ཆོས་ལུགས་ལ་ཞེན་ཁོག་འཐེན་འཁྱེར་བྱེད་མཁན་གྱི་ལྷག་བསམ་དེ་མ་ཡིན་པར། གཟུ་བོར་གནས་པའི་ལྷག་བསམ་དེ་དགོས་པ་གལ་ཆེན་པོ་རེད། དེ་བཞིན། ད་ཡོད་ཆོས་བརྒྱུད་ཁག་གི་སྤྱི་འཐུས་དེ་མུ་མཐུད་ཡོང་དགོས་པ་གལ་ཆེན་པོ་ཡིན་པ་ལྟར། ད་སྔ་སྤྱི་འཐུས་ཀྱི་ཐོབ་ཐང་རག་མེད་པའི་ཆོས་བརྒྱུད་ཁག་ལ་ཡང་བོད་མི་མང་སྤྱི་འཐུས་ཀྱི་ཐོབ་ཐང་དགོས་ཀྱི་འདུག ཅེས་འབོད་སྐུལ་དང་རེ་བ་ཞུ་རྒྱུ་ཡིན་ཟེར།  

 

དབུས་གཞོན་ནུའི་རྒྱུན་ལས་བསྟན་འཛིན་དབྱངས་འཛོམས་ལགས་ཀྱིས་༼ བུད་མེད་ཀྱི་ནུས་པ་དང་ཆེ་མཐོང་ལ་འབྲེལ་བའི་བུད་མེད་སྤྱི་འཐུས་འོས་འདེམས་གང་འདྲ་ཞིག་བྱས་ན་ལེགས་སམ༽ ཞེས་པའི་བརྗོད་གཞིའི་ཐོག རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་བུད་མེད་ཀྱི་ནུས་པ་དང་ཆེ་མཐོང་ཡར་རྒྱས་སུ་ཕྱིན་པར་བརྟེན་ཏེ། བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་བུད་མེད་ཚོས་ཆབ་སྲིད་ཐད་འགན་བཞེས་སྟངས་ཀྱང་གང་འཚམ་ཡར་རྒྱས་ཕྱིན་ཡོད། ང་ཚོའི་གྲོས་ཚོགས་ནང་ད་སྔ་བུད་མེད་ལ་དམིགས་བསལ་སྤྱི་འཐུས་གཉིས་ཀྱི་ཐོབ་ཐང་ཡོད་པ་རེད། དེ་བཞིན། ད་ཆར་ཆོས་རྒྱུད་ཀྱི་སྤྱི་འཐུས་ཡོད་ཀྱང་བཙུན་མ་གཅིག་ཀྱང་སླེབས་ཐུབ་མེད་སྟབས། མ་འོངས་པའི་སྐབས་བཅོ་ལྔ་བའི་ཆོས་བརྒྱུད་སྤྱི་འཐུས་ནང་། བཙུན་མའི་སྤྱི་འཐུས་ཞིག་ངེས་པར་དུ་འདེམས་དགོས་ཀྱི་འདུག་ལ། མ་འོངས་པར་བཅའ་ཁྲིམས་རང་བཞིན་གྱི་ཐོག་ནས་བཙུན་མའི་སྤྱི་འཐུས་ཀྱི་ལམ་ཁ་ཞིག་བཟོ་དགོས་ཀྱི་འདུག ཅེས་བརྗོད་སོང་།

 

རྒྱལ་སྤྱིའི་བོད་དོན་རྒྱབ་སྐོར་འབྲེལ་མཐུད་པ་ཚེ་རིང་ཆོས་གྲུབ་ལགས་ཀྱིས་༼ བོད་དོན་རྒྱབ་སྐྱོར་དང་འབྲེལ་བའི་སྤྱི་འཐུས་ཇི་ལྟར་འཚོལ་དགོས་པ་དང་། བྱང་ཨ་རི་དང་ཡུ་རོབ། ཨེ་ཤ་ཡ་བཅས་ཀྱི་བོད་མིའི་གྲངས་འབོར་ལ་གཞིགས་ཏེ་སྤྱི་འཐུས་ཇེ་མང་དུ་གཏོང་དགོས་སམ་ ༽ ཞེས་པའི་བརྗོད་གཞིའི་ཐོག བར་ལམ་ཞིག་ནས་བོད་གཞུང་དང་མི་མང་བར་ལ་བར་ཁྱད་ཆེ་རུ་འགྲོ་བཞིན་ཡོད་པའི་བསམ་ཚུལ་ཞིག་སྤྱི་ཚོགས་ནང་ཡོང་གི་འདུག མཁས་དབང་ཁག་ཅིག་གིས་བར་ཁྱད་འདི་ཁ་སྐོང་བྱ་རྒྱུར་སྤྱི་འཐུས་གལ་ཆེན་ཡིན་ཚུལ་བརྗོད་ཀྱི་ཡོད་སྟབས། སྤྱི་འཐུས་ཚད་ལྡན་དང་ཡག་པོ་ཞིག་གདམ་རྒྱུ་དེ་ང་ཚོའི་ལས་འགན་ཆགས་ཡོད་པ་རེད། ད་ཆར་བོད་མི་མང་པོ་ཕྱི་རྒྱལ་ཁག་ཏུ་འགྲོ་བཞིན་ཡོད་སྟབས། ཨ་རི་གཙོས་ཡུ་རོབ་དང་ཨེ་ཤ་ཡའི་ནང་དུའང་སྤྱི་འཐུས་ཀྱི་ཐོབ་ཐང་སྤྲོད་རྒྱུར་དགོངས་པ་བཞེས་དགོས་ཀྱི་འདུག་ལ། ལུང་པ་འདི་དག་ནས་འཐུས་མི་རེ་སླེབས་པ་ཡིན་ན། བོད་དོན་འཐབ་རྩོད་ཀྱིས་མཚོན་པའི་ཆབ་སྲིད་ཀྱི་གནད་འགག་གལ་ཆེན་པོ་ཞིག་འགྲུབ་ཀྱི་ཡོད་པ་རེད། ཅེས་བརྗོད་བྱུང་།

 

མཐའ་མར་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་༼ སྙིང་རྗེ་གསར་གཏོད་ཀྱི་སྒོ་ནས་བོད་མི་མང་གི་འཐུས་མི་རྣམས་ཇི་ལྟར་འདེམས་སྒྲིག་བྱ་དགོས ༽ ཞེས་པའི་བརྗོད་གཞིའི་ཐོག སྤྱི་འཐུས་ཞེས་པ་དེ་སྤྱི་བའི་འཐུས་མི་ཞིག་ཡིན་སྟབས། བོད་མི་མང་གི་སྐུ་ཚབ་བྱས་ཏེ་སྤྱི་ཚོགས་ནང་གི་དཀའ་ངལ་རིགས་གཞུང་ལ་བསྐྱལ་ཐུབ་དགོས་པ་རེད། ཁོ་རང་ཚོའི་ཁེ་ཕན་གཅིག་པུ་མི་བསམ་པར་མི་མང་གི་འཐུས་མི་ཞིག་ཡིན་སྙམ་པའི་བསལ་བློ་འཛིན་མཁན་ཞིག་ཡིན་དགོས་པ་རེད། སྔར་ཡག་པོ་མེད་པ་ཞིག་མ་འོངས་པར་ཡག་པོ་བཟོ་དགོས་ན་ང་ཚོ་འོས་ཤོག་ལྡུག་མཁན་གྱི་ངོས་ནས་འགྱུར་བ་གཏོང་དགོས་པ་རེད། འོས་བླུགས་ཚར་བའི་རྗེས་ལ་ཡང་རང་དབང་སྤྲད་འཇོག་རྒྱུ་མ་ཡིན་པར་དུས་རྒྱུན་དོ་སྣང་དང་ཞིབ་འཇུག་བྱས་ཏེ། གསར་ལམ་ཁག་ནས་ཐེར་འདོན་བྱ་དགོས་པ་རེད།  མ་འོངས་པར་ཆོལ་ཁ་དང་ཆོས་བརྒྱུད། རང་བཙན་དང་དབུ་མའི་ལམ་གང་ཡིན་ཡང་མི་མང་གི་ལག་ཏུ་ཡོད་སྟབས། བོད་སྤྱི་བའི་ལས་དོན་ལ་སྲིད་ཞུ་སྒྲུབ་མཁན་གྱི་མི་སྣ་ཞིག་འདེམས་པར་ཐོག་མར་འོས་ལྡུག་མཁན་སོ་སོའི་ངོས་ནས་དྲང་པོ་དྲང་བཞག་བྱ་དགོས་པ་རེད། ཅེས་བརྗོད་བྱུང་།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༡ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༢ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༢ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༣ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༣ སྔོན་ལ།
The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

༢༠༢༥/༠༥/༠༨

མཆན། 6

  1. ཇོ་བོ་རྣམས་གཉིས། says:
    ལོ་ 15 སྔོན།

    སྒྱུ་རྩལ་པ་མགོ་ལོག་ཟླ་བྷེ་ལགས་ཁྱེད་ནས་ད་སྔ་སྤྱི་འཐུས་ཀྱི་ཐོབ་ཐང་རག་མེད་པའི་ཆོས་བརྒྱུད་ཁག་ལ་ཡང་བོད་མི་མང་སྤྱི་འཐུས་ཀྱི་ཐོབ་ཐང་དགོས་ཀྱི་འདུག ཅེས་འབོད་སྐུལ་ཞུས་འདུག་པས། ད་སྔ་སྤྱི་འཐུས་ཀྱི་ཐོབ་ཐང་རག་མེད་པའི་ཆོས་བརྒྱུད་ཁག་ཞེས་པ་དེ་ཆོས་ལུགས་གང་ལ་གོས་དགོས་བསམ། དེ་འདྲ་ཆོས་བརྒྱུད་ཀྱི་ཐོབ་ཐང་ད་ལྟ་༸གོང་ས་མཆོག་གིས་གནང་བ་དེར་མ་ཚུད་པ་ཞིག་ཟུར་དུ་ལུས་མེད་པ་ནི་ངས་སྤོབས་པ་ཆེན་པོས་བརྗོད་ཐུབ། དེ་མིན་ཁྱེད་ཀྱིས་བོད་མིའི་ཁྲོད་ཆོས་ལུགས་གསར་པ་ཞིག་སྤེལ་ཆར་ཡོད་དམ།

    Reply
  2. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    བོན་རྒྱ་བརྟན་རབ་ལགས་ལ་ཞུ་རྒྱུར། ཁྱེད་ཀྱིས་གསུངས་པས་༼ཆོས་བརྒྱུད་སྤྱི་འཐུས་རྦད་དེ་དགོས་ཀྱི་མི་འདུག་ཟེར་བའི་རྒྱབ་ལྗོངས་བཙན་པོ་ཡིན།༽ཞེས་པའི་རྒྱུ་མཚན་མདོར་བསྡུས་དེ་ཕྱོགས་གང་ལ་སྐོར་ཀྱང་རྒྱུ་མཚན་འདི་གཅིག་མཚུངས་སུ་ཡོད
    དཔེར་ན་ཆོལ་ཀའི་མིང་ཐོག་ནས་སྤྱི་མཐུས་སླེབ་ན་ཡང་དེ་མཚུངས་སུ་སྡུག་ཕྱོགས་ནས་བཤད་རྒྱུ་ཡོད་པ་རེད། འོན་ཀྱང་ཁྱེད་ཀྱི་མཐུས་ལ་དགག་པ་བྱས་པ་འདི་སྟོ་ནང་ནས་ཟོས་་་་སྒོང་ང་ཕྱི་ལ་བཏང་ཞེས་པ་རང་རེད། ངའི་བཤད་རྒྱུར་ཆོལ་ཁ་དང་ཆོས་ལུགས་གང་ཐད་ནས་སྤྱི་མཐུས་འདེབས་ཀྱང་སྐྱོན་ཡོད་ཡོད་པ་རེད།འོན་ཀྱང་སྐྱོན་ཕྱོགས་གཅིག་པོ་བཙལ་ནས་མོ་བསྡོད་པར་དགེ་མཚན་གྱི་ཕྱོགས་ནས་ཅུང་ཙམ་རེ་གླེང་དགོས་པ་མ་ཡིན་ནམ

    Reply
  3. རྐང་གསུམ། says:
    ལོ་ 15 སྔོན།

    དེ་རིང་གསར་འགྱུར་འདི་ཡག་པོ་ཞིག་བཀོད་འདུག་གསར་འགོད་པ་ཐུགས་རྗེ་ཆེ།

    Reply
  4. ལྗོངས་རྒྱུ་བ། says:
    ལོ་ 15 སྔོན།

    ཐོག་མར་སྒྲོན་མེ་རྩོམ་སྒྲིག་ཁང་གི་ཚོགས་མི་ལྷན་རྒྱས་རྣམས་ལ་འཚམ་འདྲི་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྤྱིར་བཏང་ནས། ང་རང་ལ་མཚོན་ན། སྒྲོན་མེ་རྩོམ་སྒྲིག་ཁང་གི་འབྲེལ་ཡོད་ལྷན་རྒྱས་རྣམས་ལ་གང་འཚམས་ཀྱི་རྒྱུས་མངའ་ཡོད། དེ་འདྲ་ཡིན་དུས། སྒྲོན་མེ་རྩོམ་སྒྲིག་ཁང་གི་ངོས་ནས་ད་ལྟའི་བར་དུ་ལས་དོན་གང་ཞིག་བསྒྲུབས་ཡོད་མེད་ཀྱི་གནས་ཚུལ་ལ་དེ་བས་ཀྱང་ཆ་རྒྱུས་ཡོད།
    ༢༠༠༧ལོར་《སྒྲོན་མེ་རྩོམ་སྒྲིག་ཁང་》ཟེར་བ་དེ་གསར་འཛུགས་བྱས་པ་ཞིག་རེད། དེའི་དམིགས་ཡུལ་ནི། ཤེས་རིག་ཁྱབ་སྤེལ་དང་སྤྱི་ཚོགས་ཞིབ་ཕྱི་ལ་དམིགས་པ་ཞིག་རེད།
    ༢༠༠༨ལོར་《སྒྲོན་མེ་》ཞེས་པའི་དཔེ་ཚོགས་ཤིག་རྩོམ་སྒྲིག་བྱས་ཡོད་པ་རེད། དེ་ཡང་ཕལ་ཆེར་བཙན་བྱོལ་ནང་ལ་བོད་ཕྱི་ནང་གི་རྩོམ་པ་པོ་འཛོམས་ཆེ་ཤོས་ཀྱི་དཔེ་ཚོགས་ཤིག་ཆགས་ཡོད།
    ༢༠༠༩ལོར་《སྒྲོན་མེ་ཆེད་རྩོམ་འགྲན་བསྡུར་》ཞེས་པའི་སྤྱི་ཡོངས་ལ་རྩོམ་ཡིག་འགྲན་བསྡུར་ཞིག་སྤེལ་ཏེ་འགྲན་རྩོམ་རྣམས་ཕྱོགས་བསྒྲིགས་བྱས་ཏེ་《ཤེས་རྟོགས་དང་ལག་ལེན་》ཞེས་པའི་ཆེད་དེབ་ཅིག་བཏོན་ཡོད་པ་རེད། དེའི་བརྗོད་གཞི་ཁག་ནི། ༡ ༸གོང་ས་མཆོག་གི་དགོངས་གཞི་དང་བོད་མི་རིགས་ཀྱི་ལག་ལེན་བར་གྱི་སྟོང་ཆའི་སྐོར་དང་། ༢ ནང་ཆོས་དང་ཚན་རིག་གཉིས་དཔྱད་བསྡུར་བྱེད་པའི་དགོས་པ་དང་ཐབས་ལམ། ༣ རིགས་གཅིག་རྐྱང་འཛིན་སྐྱེད་སྲིང་བྱེད་པའི་དམིགས་ཡུལ་དང་ཆ་རྐྱེན། ༤ མི་རིགས་གསར་པའི་ལངས་ཕྱོགས་དང་འགན་འཁྲིའི་བཅས་རེད།
    ༡༠༡༠ལོར་《བཀའ་བློན་ཁྲི་པ་》ཞེས་པའི་ཚགས་པར་ཞིག་བཏོན་དང་འདོན་བཞིན་པ་རེད། དེའི་ལེ་ཚན་ཁག་ནི། བཀའ་ ཁྲིའི་སྐོར་གྱི་རྒྱན་ཤེས་དང་རྩ་འཛིན་ལམ་སྟོན། གཞིས་བཞུགས་བོད་མིའི་རེ་འདུན་དང་བཀའ་འདྲི། ཆེད་རྩོམ་དང་བསམ་ཚུལ། བཅར་འདྲི་དང་འོས་གཞི། གསར་འགྱུར་དང་འོས་སྤྱོར། དཔྱད་གླེང་དང་སྤྱི་འཐུས་སྐོར་གྱི་ལེ་ཚན་ཞིག བཀའ་ཁྲིེའི་སྐོར་གྱི་བགྲོ་གླེང་དང་འོས་གཞིར་ལངས་མཁན་གྱི་འཆར་གཞི། རྩོམ་སྒྲིག་པའི་གཏམ་དང་ཕྱི་རྒྱལ་མི་སྣའི་བསམ་ཕྱོགས་སོགས་ཀྱི་གྲུབ་པའི་ཤོག་ངོས་བཅུ་གཉིས་ཅན་གྱི་ཚགས་པར་ཞིག་རེད།
    ད་དུང་《༢༠༡༡ལོའི་བཀའ་ཁྲིའི་འཚོལ་བ་》ཞེས་པའི་བགྲོ་གླེང་ཞིག་གོ་སྒྲིག་ཟིན་པ་དང་། ཁ་སང་ཡང་《བོད་ཀྱི་གྲོས་ཚོགས་བསྐྱར་ཞིབ་ཀྱི་བགྲོ་གླེང་》ཞིག་ཀྱང་གོ་སྒྲིག་བྱས་པ་སོགས་ལ་གཞིགས་ན། ཁ་ཡོད་ལག་ཡོད་ཀྱིས་སྒོ་ནས་བོད་ཀྱི་ཤེས་ཡོན་དར་སྤེལ་དང་སྤྱི་ཚོགས་ཁོ་ནར་དམིགས་པ་ཞིག་ཡིན་ཟེར་བའི་དོན་སྙིང་ཚང་འདུག་མོད། འོན་ཀྱང་། དྲ་གྲོགས་རྣམ་པར་དཔྱད་གཞིའི་རྒྱུ་ཆ་ཙམ་ཡིན་པ་ལས། མཐའ་གཅིག་ཏུ་ཡག་པོ་དང་ལེགས་པོ་འདུག་ཅེས་ཞུ་བ་མིན། དེ་འདྲ་ཡིན་དུས། ངེས་པར་དུ་རང་རང་གི་དགོངས་ཚུལ་གསུངས་རོགས་ཞུ།

    Reply
  5. ལྷ་ཆབ་སྦྱིན་པ། says:
    ལོ་ 15 སྔོན།

    ཉིན་དེའི་གསུང་བཤད་གནང་མཁན་དག་ལས་བོན་རྒྱ་བསྟན་འཛིན་རབ་རྒྱས་ཀྱིས་རང་གི་བརྗོད་གཞི་ཡི་སྟེང་ལ་བབ་ནས་གཏམ་བཤད་གནང་ཐུབ་སོང་། ད་དུང་དྲི་བ་ཁག་གི་ལན་ཡང་གནས་ལུགས་དང་བཅས་བརྒྱབས་སོང་། དེ་མིན་བང་ཆེན་རྩོམ་སྒྲིག་ལས་རོགས་ཡིན་ཟེར་བའི་ཆོས་ཉིད་འོད་ཟེར་གྱིས་ཐ་ན་རང་གི་བརྗོད་གཞིའི་ནང་དོན་ཡང་རྟོགས་ཐུབ་ཀྱི་མི་འདུག དེའི་ཁར་གཏམ་བཤད་ཀྱང་ཡ་མ་བརླ་ཞིག་བྱས་ནས་ཞབས་འདྲེན་ཏོག་ཙམ་ཞུས་སོང་། དངོས་གནས་ཉན་བསྡད་ནའང་ངོ་ཚ་དགོས་པ་ཙམ་བྱུང་།

    དེ་མིན་གཞན་དག་ནི་དེ་འདྲ་ཡིན་སྲིད། རང་རེའི་གཏམ་བཤད་པ་ཚང་མ་དེ་འདྲ་ལས་མེད། གཙོ་སྐྱོང་བ་དེ་ཤིན་ཏུ་བཟང་།

    Reply
  6. ཉི་ཟླའི་མགྲོན་བདག says:
    ལོ་ 15 སྔོན།

    བརྗོད་གཞི་ཡག་པོ་གནང་འདུག་པ་མ་ཟད་དྲིས་ལན་ཡང་གང་ལ་གང་མཚམས་ཡག་པོ་རེད།འོན་ཀྱང་དྲི་བ་དྲིས་ལན་གསལ་བོར་ཕུལ་མེད་པ་དེ་ཡག་པོ་མ་རེད།
    རྩོམ་སྒྲིག་ཚོགས་ཆུང་གཉིས་ལ་ཐུགས་རྗེ་ཆེ།མུ་མཐུད་དུ་བརྗོད་གཞི་གསར་བ་བྱས་ནས་ཚོགས་ཐུབ་པའི་རེ་བ་ཤུན་ཏུ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese