༼ བོད་
ཐེངས་འདིའི་གྲོས་ཚོགས་ནང་བཅའ་ཁྲིམས་བསྐྱར་བཅོས་དགོས་པའི་ཁྲིམས་འཆར་ཞིག་བསླེབས་ཡོད། འདི་མཐར་གཏུགས་ན་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་གང་ཟག་སྒེར་བ་ཞིག་གི་ཆེད་དུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གི་རྩ་ཚིག “ ཡུན་ཚད་གཉིས་བསྟུད་མར་བཀའ་བློན་ཁྲི་པའམ་བཀའ་བློན་གྱི་ལས་ཁུར་བྱེད་བཞིན་པ་མ་ཡིན་པ” ཞེས་པའི་ཚིག་དེ་ཕྱིར་བསྡུ་བྱ་དགོས་པའི་ཁྲིམས་འཆར་བཏོན་པ་རེད། ད་དུང་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་འདི་བསྣམས་ཕེབས་མཁན་སྤྱི་འཐུས་དང་རྒྱབ་སྐྱོར་གནང་མཁན། སྤྱི་འཐུས་གཞན་ཁག་ཅིག་བཅས་ཀྱིས་མིང་དང་གྲངས་མ་ངེས་པའི་ས་གནས་མང་ཚོགས་ག་གེ་མོ་དང་ཆེ་གེ་མོའི་མངོན་འདོད་ཡིན་ཟེར་ནས་བཅའ་ཁྲིམས་བསྐྱར་བཅོས་དགོས་པའི་ཨུ་ཚུགས་མཐར་བསྐྱལ་བྱས་སོང་། འདི་ནི་འཇིགས་སྣང་རྙིང་པ་ཞིག་གིས་ནག་ཉེས་གསར་པ་གསོག་འདོད་པ་རེད།
མི་མང་པོ་ཞིག་གིས་ན་ནིང་གཞེ་ནིང་ཞིག་ནས་བཀའ་བློན་ཁྲི་པའི་སྐོར་ལ་སེམས་འཁུར་བྱས་པ་རེད། ཁག་ཀྱང་ཡོད་པ་མ་རེད། ༧གོང་ས་མཆོག་གི་བཀའ་དགོངས་ལྟར། བཀའ་བློན་ཁྲི་པ་མང་ཚོགས་ཀྱིས་ཐད་ཀར་འོས་འདེམས་བྱེད་པའི་ལས་རིམ་མགོ་བཙུགས་མ་ཐག བཀའ་ཤག་སྐབས་བཅུ་གཉིས་དང་བཅུ་གསུམ་གྱི་བཀའ་ཁྲི་མ་རག་པའི་ལྟས་ངན་དེས་བཙན་བྱོལ་མི་མང་ལ་འཇིགས་སྣང་ཆེན་པོ་ཞིག་སྐུལ་ཡོད་ལ། འཇིགས་སྣང་དེའི་འོག་ནས་ཨ་ཆད་འུ་ཐུག་གི་སྒྲུང་གཏམ་མང་པོ་ཞིག་བཟོས་ཡོད། དེ་ནི་བཙན་བྱོལ་སྤྱི་ཚོགས་ཁྲོད་བཀའ་བློན་ཁྲི་པའི་ལས་འགན་འཁུར་ཐུབ་མཁན་མེད་སོང་བ་མ་ཡིན་པར། སྐབས་དེར་འོས་གཞི་ཟམ་གདོང་རིན་པོ་ཆེའི་ཁ་གཏད་དུ་ལངས་རྒྱུའི་བློ་སྤོབས་མེད་སོང་བ་དང་གཅིག ཧོལ་རྒྱུགས་ཐོད་བརྒལ་ལྟ་བུའི་དམངས་གཙོའི་ལམ་ཆེན་ཐོག་བགྲོད་པའི་ཉམས་མྱོང་གིས་མ་འདང་བ་གཉིས་རེད།
བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་འདིས་ད་ལོའི་ཕྱི་ཟླ་གསུམ་པའི་གྲོས་ཚོགས་ནང་དུ་ཡང་འཚང་ཁ་ཐེངས་གཅིག་བརྒྱབ་མྱོང་ཞིང་། སྐབས་དེར་ཁྲིམས་འཆར་དེའི་རྒྱབ་ལྗོངས་སུ་མང་ཚོགས་གང་མང་ཞིག་གི་སེམས་འཁུར་དང་ལྷག་བསམ་ལྷད་མེད་པ་ཞིག་ཡོད་པ་དངོས་ཡོད་ཡིན། གང་ཡིན་ཟེར་ན། མང་ཚོགས་ཀྱི་སེམས་ནང་ཅུང་བག་ལ་ཉལ་བའི་སྔར་གྱི་འཇིགས་སྣང་དེར། སྤྱི་ཟུར་ཐུབ་བསྟན་བསམ་འགྲུབ་གཙོས་པའི་དོ་ཁུར་ཅན་སྐོར་ཞིག་གི་ལྷག་བསམ་རྨ་མེད་པའི་འབོད་སྒྲ་དེས་མང་ཚོགས་ལ་སླར་ཡང་དྲན་བསྐུལ་ཐེབས་ཏེ། སེམས་འཁུར་དང་བྲེལ་འཚུབ་ཅིག་གིས་ཀུན་ནས་བསླངས་ཏེ་བསྐྱར་དུ་ནག་འཐོམ་མེར་སོང་། འཇིགས་སྣང་དེའི་འོག་ནས་མང་ཚོགས་ཀྱིས་ཡང་བསྐྱར་ཨ་ཆད་འུ་ཐུག་གི་ལས་དོན་མང་པོ་ཞིག་བསྒྲུབ་རྒྱུའི་སྟ་གོན་བྱས།
ད་ལོ་བཙན་བྱོལ་བོད་མིའི་བསམ་ཡུལ་ལས་འདས་པའི་གནས་ཚུལ་གཞན་ཞིག་བྱུང་བ་ནི། འདས་པའི་ལོ་ངོ་ལྔ་བཅུའི་རིང་མངོན་འགྱུར་བྱ་མ་ཐུབ་པའི་དམངས་གཙོའི་ལམ་སྲོལ་ཐོག་མཆོང་བསྐྱོད་ཆེན་པོ་ཞིག་བྱུང་ཞིང་། བཀའ་བློན་ཁྲི་པའི་འོས་མི་སྟག་འདྲ་གཟིག་འདྲ་སྐོར་ཞིག་གཅིག་རྗེས་གཉིས་མཐུད་དུ་མང་ཚོགས་ཀྱི་མདུན་དུ་ཐོན་ཏེ། བོད་མི་ཚོས་ཁ་འཁྱེར་བྱེད་བཞིན་པའི་བཟང་སྤྱོད་དང་རིག་གཞུང་གི་ར་བ་གུ་དོག་དེ་ལས་ཤོར་ཏེ་སྤྱི་ཚོགས་ཡོང་ཚ་ཚ་འུར་འུར་བཟོས། ཡོ་ལང་ཆེན་པོ་འདིས་སྔར་གྱི་མང་ཚོགས་དཀྱུས་མའི་སེམས་ཀྱི་འཇིགས་སྣང་དེ་སྨིག་རྒྱུ་བཞིན་ཡལ་དུ་བཅུག འོན་ཀྱང་། རྔོན་པ་བཞིན་སྒུག་ཡོད་པའི་སྐབས་འཚོལ་བ་སྐོར་ཞིག་གིས་ཆེས་མཇུག་མཐའི་རེ་བ་ཉག་ཅིག་དེར་ཤི་འཐམ་བྱས་ཏེ། སྔོན་མའི་མང་ཚོགས་ཀྱི་སེམས་ཚོར་ཉི་ཚེ་བ་དེར་དབུགས་གསར་པ་མཐུད་ཅིང་། བཅའ་ཁྲིམས་བསྐྱར་བཅོས་ཀྱི་དགོས་མཁོ་གསར་པ་བཙལ་ཏེ། ཨུ་ཚུགས་ཀྱིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེར་རྩེད་མོ་ཐེངས་གཅིག་རྩེད།
བསམ་བློ་རྣལ་དུ་ཕོབས་ལ་ཞིབ་འདང་ཞིག་རྒྱོབས་དང་། ཐེངས་འདིར་བཀའ་བློན་ཁྲི་པ་བཟང་དྲགས་ཏེ། བཅའ་ཁྲིམས་བཅོས་དགོས་ན། ནམ་ཞིག་བཀའ་བློན་ཁྲི་པ་ངན་དྲགས་ན་ཅི་བྱ། དེ་བཞིན་དུ། བཀའ་བློན་སྒེར་དང་སྤྱི་འཐུས་སྒེར་གྱི་ཆེད་དུ་བཅའ་ཁྲིམས་ཀྱིས་བབ་བསྟུན་བྱ་དགོས་ན། ནམ་ཞིག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དེ་ཐང་ཆུའམ། ཀ་ར་དབུགས་རྒྱག་ལྟར་གང་དུ་འཐེན་ཆོག་ཆོག་དང་ག་རེ་བཟོ་ཆོག་ཆོག་ཅིག་ཆགས་མི་སྲིད་པའི་ངེས་མེད།
བགྲོས་ཚོགས་སྐབས་བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་བཀའ་ཁྲི་དུས་ཡུན་དང་འབྲེལ་བའི་གྲོས་གཞི་དེར་གྲོས་མོལ་མི་དགོས་པ་གནང་རོགས་ཅེས་དང་། ཁོང་རང་སྐུ་སྒེར་གྱི་ངོས་ནས་བཀའ་ཁྲི་ཐེངས་གསུམ་པ་དགོས་མིན་གྱི་གྲོས་གླེང་དེ་མང་གཙོ་གོང་འཕེལ་ལ་གནོད་ཚབ་ཆེ་ལུགས་སོགས་བརྗོད་དེ་ལ་ངོ་རྒོལ་གྱི་རྣམ་པ་སྟོན་པ་དེས་ཁོང་ཉིད་སྐྱེས་བུ་དམ་པ་ཡིན་པ་ཚང་མས་ཤེས་ཐུབ་པ་བྱུང་ཡོད་ཀྱང་། དེ་ནི་རང་ཉིད་ལ་དགག་ཕྱོགས་པའི་དགག་བྱ་བྱེད་པར་དོགས་པའི་གསུང་ཙམ་ལས་མང་གཙོ་ཐུགས་ལ་བཞག་ནས་གསུངས་པ་ཞིག་མ་རེད། མ་གཞི་རིན་པོ་ཆེར་ཐུགས་ཁག་རྩ་ནས་ཡོད་པ་མ་རེད། སྤྱི་འཐུས་ཚུལ་ཁྲིམས་བསྟན་འཛིན་ལགས་ནས་རིན་པོ་ཆེས་ཁོང་དང་དངོས་སུ་འབྲེལ་བའི་གནད་དོན་ཞིག་ལ་རྒྱབ་སྐྱོར་གནང་ཤེས་ཀྱི་མ་རེད་ལ་དེ་ང་ཚོས་བསམ་བློ་གཏོང་དགོས་རེད་ཅེས་པ་དེ་རྒས་པོ་ཤེས་རབ་ཆེ་ལ་མང་གཙོའི་ལམ་ལུགས་རྒྱུས་མངའ་ཆེ་བའི་དྲང་གཏམ་ཞིག་རེད། བསྟན་འཛིན་མགོན་པོས་རྒྱབ་སྐྱོར་མི་བྱེད་ཅེས་པའི་རྒྱུ་མཚན་གཅིག་ནི་ཁོ་ཨམ་ཞེན་ཡིན་པ་ང་ཚོ་ཚང་མས་ཤེས་ཀྱང་། བཀའ་ཁྲིའི་དུས་ཡུན་ཐེངས་གསུམ་པ་དགོས་དང་མི་དགོས་དེ་གང་ཟག་ཟམ་གདོང་རིན་པོ་ཆེ་ལྟ་བུ་བསྐྱར་དུ་བཀའ་ཁྲིར་འཁོད་མིན་ལས་ཀྱང་ང་ཚོས་བཙན་བྱོལ་ནང་མང་གཙོའི་ཁྲིམས་དེ་ཇི་ལྟར་ལག་ལེན་དུ་འཁེལ་གྱི་ཡོད་མེད་ཀྱི་ཡིག་ཚད་ཅིག་རེད།
དྲང་པོར་བྱེད་ན་མང་གཙོའི་ལམ་ལུགས་ནང་ཟམ་གདོང་རིན་པོ་ཆེ་ལྟ་བུ་གནས་དོན་དང་ཁེ་གྱོང་དངོས་སུ་འབྲེལ་བའི་མི་ཞིག་ཡོད་མེད་གལ་ཆེ་བའི་ཆ་ཞིག་མ་རེད། ང་ཚོ་མི་མང་གི་དངོས་སམ་སྤྱི་འཐུས་བརྒྱུད་དེ་འོས་བསྡུའི་ལམ་ནས་གནས་དོན་ཇི་ལྟར་ཐག་གཅོད་བྱེད་མིན་དེ་དེ་ལས་ཀྱང་གལ་ཆེ་བ་རེད།
དེ་འདྲ་སོང་ཙང་ང་ཚོས་ཁྲིམས་ཅིག་ནམ་ཞིག་གསར་བཟོ་དང་བསྒྱུར་བཅོས་བྱ་འདོད་ཡོད་པ་དེ་ཉིད་དུ་ཁེ་གྱོང་དངོས་སུ་འབྲེལ་བའི་གང་ཟག་ཡོད་མིན་ལ་མ་ལྟོས་པར་མང་གཙོའི་འོས་བསྡུའི་ལམ་ནས་གསར་བཟོ་དང་བཅོས་བསྒྱུར་ཐུབ་རྒྱུ་དང་། ནམ་ཞིག་ཁྲིམས་ག་གེ་མོ་ཞིག་མི་དགོས་པའི་མཚམས་དེ་ཉིད་དུ་དེ་མེད་པར་བཟོ་ཐུབ་དགོས། དེ་འདྲ་སོང་ཙང་ད་ལན་གྱི་བཀའ་ཁྲི་ལན་གསུམ་པ་ལང་ཆོག་མིན་གྱི་ཐད་ཐག་གཅོད་དེས་སྤྱི་འཐུས་ལྷན་ཁང་དེ་ཉིད་ཁྲིམས་བཟོ་སྡེ་ཚན་ཞིག་ཡིན་པའི་ཆ་ནས་རང་གིས་ནམ་འདོད་ལྟར་དུ་ཟམ་གདོང་རིན་པོ་ཆེ་ལྟ་བུ་གང་ཟག་ཞིག་བཀའ་ཁྲི་ལན་གསུམ་པ་ལངས་ཆོག་རྒྱུ་དང་། སྤྱི་འཐུས་ཀྱིས་འདོད་བློ་མ་བྱུང་བའི་མཚམས་སུ་འོས་བསྡུའི་ལམ་ནས་ཕྱིར་འབུད་བྱ་རྒྱུའི་དབང་ཚད་ཡོད་ཀྱང་བློ་ཁོག་མེད་པའི་མངོན་རྟགས་གསལ་པོ་རེད།
ད་ལན་བསྟན་འཛིན་མགོན་པོས་ང་དགག་བྱ་ཡོད་ཅེས་པ་དེས་མ་འོངས་པར་ང་ཚོ་སྤྱི་འཐུས་ནས་ཟམ་གདོང་རིན་པོ་ཆེ་ལྟ་བུ་མི་མང་གིས་སྤྱི་བོར་བསྐུར་བའི་གང་ཟག་ཞིག་བླག་བརྙེད་པ་མི་འདུག་ཅེས་པའི་ཕམ་ཁའི་སྨྲེ་ངག་ཅིག་ཀྱང་རེད།
བོད་ཀྱི་དུས་བབ་གསར་འགོད་པས་ཤུགས་གང་ཡོད་ཀྱི་མི་དམངས་མང་ཚོགས་ལ་ཐད་ཀར་བསམ་བློ་དབྱེ་ཞིབ་ཀྱིས་གོ་སྐབས་མང་པོ་སྤྲོད་རྒྱུ་ཡོད་པ་མ་ཟད།
མི་དམངས་མང་ཚོགས་ཀྱི་དོ་སྣང་དེ་ཙམ་མེད་ཀྱང་གསར་འགོད་གསར་བསྒྲགས་དེ་ཚོ་མིག་གིས་མཐོང་མ་ཐག་སེམས་ཤུགས་སྐྱེས་དགོས་པ་ཞིག་ངང་གིས་ཆགས་འོང་གི་འདུག དེ་ནི་གསར་འགོད་པས་རང་རིགས་མི་དམངས་ལ་ལྷག་བསམ་རྣམ་དག་གིས་སྐུལ་མ་ཤུགས་ཆེན་བཏང་པའི་འབྲས་བུ་རྣལ་མ་ལས་གཞན་གང་ནས་ཡིན།
རྒྱུན་མཚན་དེ་དག་ལ་བརྟེན་ནས་གསར་འགོད་པ་སྤྱི་ཡོངས་ལ་ངས་སྙིང་ཐག་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དགོས་མཚན་ལྡན་པའི་ཆ་ཤས་གཅིག་བཤད་ན་འདི་འདྲ་རེད། དུས་བབ་དྲ་ཚིགས་ནང་ནས་བཀའ་བློན་ཁྲི་བའི་འོས་མི་ཚང་མའི་གནས་ཡུལ་དང་། ཆུ་ཚད་གང་འདྲ་ཡིན་མིན། སྔོན་ཆད་ཕྱག་ལས་གང་འདྲ་གནང་ཡོད་མེད། གནང་ནས་ཀྱང་གཞུང་སྒེར་ཚང་མར་ཕན་ཐོགས་གང་བྱུང་ཡོད་མེད་སོགས་ཐད་ལ་ཞིབ་ཚགས་ཀྱི་ཁྱབ་བསྒྲགས་བྱེད་རྒྱུ་འདུག དེ་ཚོ་དངོས་ནས་བོད་མིའི་སྤྱི་ཚོགས་ལ་དགོས་མཁོ་ཤིན་ཏུ་ཆེ་པའི་གཏམ་རིན་ཆེན་རིལ་བུ་རང་ལས་གཞན་གང་ཡིན་ཟེར་ནས་ངས་སྐད་གསེངས་མཐོན་པོས་བརྗོད་འདོད་འདུག་ལ་ད་དུང་ཡིན་ན་འང་མུ་མཐུད་ནས་བརྗོད་ངེས་ཡིན་ཞེས་གཏམ་བཅའ་བཞགས་པ་ཡིན།
དེང་སང་བལ་ཡུལ་གྱི་ནང་ན་བཀའ་བློན་ཁྲི་བའི་འོས་གཞིའི་སྟེང་དུ་དམིགས་བསལ་ཟི་ཟི་ལང་ལོང་བྱེད་རྒྱུ་འདུག ཡིན་ནའང་ཟི་ཟི་ལང་ལོང་དེ་ནི་བཟང་ཕྱོགས་ཀྱི་ཟང་ཟིང་མ་ཡིན་པར་སྡུག་ཕྱོགས་ཀྱི་ཟིང་ཟིང་རེད་བསམ་གྱི་འདུག གང་ཡིན་ཟེར་ན་མང་པོ་ཞིག་གིས་ཆོལ་ག་དང་ཆོས་ལུགས་ས་གནས་བཅས་ཀྱི་དབྱེ་འབྱེད་ཁོ་ནའི་ཐོག་ནས་བཀའ་བློན་ཡིན་ན་འང་འདྲ་སྤྱི་འཐུས་ཡིན་ནའང་འདྲ་ཚང་མས་ཕྱོགས་ཞེན་གྱི་ཐོག་ནས་གསར་བསྒྲགས་དང་ཡིག་ཆ་འགྲེམས་སྤེལ་བྱེད་པའི་དུས་ཟིང་གི་སྐབས་ལ་སླེབས་འདུག
ཕྱོགས་གཅིག་ནས་ལྟོས་ནས་དགའ་དགོས་པ་ཞིག་དང་། ཕྱོགས་གཅིག་ནས་ལྟོས་ནས་སེམས་པ་སྐྱོ་དགོས་པའི་གནད་དོན་ཞིག་རེད་བསམ་གྱིན་འདུག གང་ཡིན་ཟེར་ན་ང་ཚོ་བཙན་བྱོལ་བ་ཆགས་ནས་ལོ་ངོ་ལྔ་བཅུ་ལྷག་ཕྱིན་ཟིན་པ་རེད། དེང་རབས་ཀྱི་སྤྱི་ཚོགས་ནང་ནས་བསྡད་དེ་ལོ་ངོ་དེ་དག་འདས་ཟིན་པ་རེད།
ད་དུང་བསམ་བློ་རྙིང་ཞེན་གྱི་ཚིལ་དྲགས་ཆགས་པ་དེ་ཚོ་བསྒྱུར་མ་ཐུབ་པར་སྔར་གཞིན་གནས་བསྡད་པ་ཡིན་ན་དེ་ཚོ་ཡིད་སྐྱོ་དགོས་པའི་གནས་ཤིག་མ་རེད་དམ་ཞེས་དྲི་ཚིག་ཅིག་ཀྱང་ངང་གིས་སླེབས་འོང་གི་འདུག
མང་པོ་ཞིག་གིས་ལྷག་བསམ་རྣམ་དག་གི་ཐོག་ནས་གཞུང་ལ་བློ་སེམས་དཀར་པོའི་ཐོག་ནས་ཞབས་ཞུ་ཞུ་གི་ཡོད་པ་དེ་འང་ང་ཚོས་གསལ་བོར་ཤེས་གལས་རེད། ཡང་མང་པོ་ཞིག་གིས་བསམ་བློ་གང་འདྲ་ཞིག་བཏང་ཡོད་ངས་ཀྱང་ཤེས་མ་སོང་གང་ཡིན་ཟེར་ན་ཚ་ཚ་འུར་འུར་གྱི་ཕྱོགས་ཞེན་གྱི་གསར་བསྒྲགས་མང་པོ་བྱས་པ་དེས་ཀྱང་གང་ཞིག་མཚོན་གི་ཡོད་མེད་ངས་ཀྱང་བཤད་ཤེས་མ་སོང་།
རབས་ཡིན་ན་བོད་རིགས་ཚང་མས་དཔུང་པ་མཉམ་འདེགས་དང་། སེམས་པ་གཅིག་མཐུན་གྱི་རྡོག་རྩེ་ཟད་པོ་དེ་མདུན་དུ་བསྐྱོད་པའི་རེ་བ་སྙིང་ཐེག་ནས་ཞུ་རྒྱུ་ཡིན།་ འདི་ནི་རྒན་པོའི་སེམས་པ་འདུག་མ་ཐུབ་པའི་ནང་སྙིང་ཕྱི་ལ་བྱོ་བ་ཡིན་ཟེར་ན་མི་ཆོག་པ་མེད།
བདེན་པའི་རི་བོར་འབྲས་བུ་གཡུར་དུ་ཟ་པའི་ས་བོན་འདེབས་རྒྱུ་ལས་གཞན་གང་ཡང་བཤད་རྒྱུ་མེད།
དྲ་གྲོགས་ཚོ་ཕྱི་ལོ་ 2010 ཟླ 9 ཚེས་ 26 རེས་གཟའ་ཉི་མའི་ཉིན་གྱི་ཕྱི་དྲོ་དུས་ཚོད་གཅིག་དང་ཕྱེད་ཀའི་སྟེང་བོད་གཞུང་ཟློས་གར་ཁང་དུ་སཱ་ར་མཐོ་སློབ་དང་། ནོར་གླིང་མཐོ་སློབ། སྨན་རྩིས་ཁང་མཐོ་སློབ་བཅས་ཀྱི་དང་བླངས་སློབ་མ་ཁག་གིས་མི་རབས་གསར་པའི་བཀའ་ཁྲིའི་བགྲོ་གླེང་ཞེས་པ་ཞིག་བཀོད་བསྒྲིགས་བྱས་འདུག་པས་ངེས་པར་དུ་ཕེབས་རོགས་ཞུ། ཞིབ་ཕྲའི་གནས་ཚུལ་ཤེས་འདོད་ན་གུས་པས་ཟིན་བྲིས་སུ་ཕེབས་པར་ཞུ། ཟིན་བྲིས་ཁ་བྱང་https://tibettimes.net/wordpress/blogs.php?id=305&post_id=11689
རྩོམ་སྒྲིག་པའི་གསུངས་པ་ལ་རྒྱབ་སྐྱོར་གཙང་མ་ཡོད།
གང་ཡིན་ཟེར་ན་རྒྱུ་མཚན་མང་པོ་བཤད་དགོས་པ་མི་འདུག
རྩོམ་སྒྲིག་པས་འགྲེལ་བཤད་གཙང་ཐག་ཆོད་པ་ཞིག་ཞུས་ཚར་འདུག
དེ་ལས་ལྷག་པའི་འགྲེལ་བཤད་ཅིག་ག་ལ་དགོས།
གཙོ་བོ་ངས་འདི་ནས་བཤད་རྒྱུ་ཞིག་ལ།
སྔོན་ཆེད་ཕྱི་རྒྱལ་གྱི་མཁས་པ་ཞིག་གིས་གསུངས་དོན།
ཁྱེད་ཀྱིས་གསུངས་པའི་སྐད་ལ་ངས་རྒྱབ་སྐྱོར་བྱེད་འདོད་མེད་ན་འང་།
ཁྱེད་རང་གི་ལྟ་བ་གསོན་པོ་ཐད་ཀར་སྤྱི་ཚོགས་ནང་ཞེད་སྣང་མེད་པའི་ཐོག་ནས་ཤོད་ཐུབ་པ་དེ་ལ་ངས་སྙིང་ཐེག་པ་ནས་རྒྱབ་སྐྱོར་གཙང་མ་ཞུ་གི་ཡོད་ཅེས་པ་ལྟར།
དེ་འདྲ་སོང་ཙང་ང་ཚོའི་མི་བུའི་སྤྱི་ཚོགས་ནང་ནོར་འཆུག་དང་འགལ་ཟླ་ཏོག་ཙམ་ཡོང་མི་སྲིད་པ་ཞིག་གཏན་ནས་མིན། དོན་ཆུང་ལ་བཟོད་སྒོམ་མ་བྱས་པ་ཡིན་ན་དོན་ཆེན་འཆུག་འགྲོ་ཞེས་མན་ངག་ཀྱང་ཡོད། དེ་དག་ལ་བསམ་བློ་རེ་བཏང་སྟེ་མི་འདང་ས་དང་མི་ཁེབས་ས་ཡོད་པ་དེ་ཚོར་རིག་པའི་རྩལ་གྱིས་ནུས་པ་བཏོན་ནས་ཁ་གསབ་བྱ་རྒྱུ་ལས་ཚིག་ངན་གྱི་མི་གཞིའི་དབང་པོར་དམའ་འབེབས་བྱས་པ་ཡིན་ན་སྤྱི་ཚོགས་འཐོར་བཤིག་ཏུ་འགྲོ་བ་ལས་རྡོག་རྩ་གཅིག་སྒྲིལ་བྱེད་མི་ཐུབ་པ་གསལ་བོ་ཡིན།
བཀའ་ཁྲི་ཟམ་གདོང་བཀའ་བློན་ཁྲི་བའི་ཁྲི་ཐོག་ལ་ཡག་པོ་བསྡད་སོང་། ཕོ་གསར་རྫིག་པོའི་ཚོའི་མཉམ་དུ་མོ་ཌའི་ནང་ནས་ཡང་ཡར་མར་ལ་མང་པོ་འགྲོ་སོང་། ལས་ཀ་ཡང་ཡག་ཐག་ཆོད་བྱས་ཡོད་པ་རེད་འདོད། ཡིན་ན་ཡང་ལོ་ངོ་འདི་དག་གི་རྗེས་ནས་འགྲོ་ཡ་རང་རེད། མི་ཁ་ཤས་དང་ཚོགས་པ་རེ་ཟུང་གིས་ཟམ་གདོང་བླ་མ་ཡང་བསྐྱར་བཀའ་ཁྲིར་འདུག་རྒྱུའི་རེ་བ་བཏོན་པ་དེ་སྤྲིན་པ་མེད་པར་ཆར་བ་རེ་བ་དང་གཅིག་ཚང་རེད། བཀའ་ཁྲི་ཁོ་རང་གིས་གནས་སྟངས་དེ་ལ་ལན་གསལ་བོ་མ་བརྒྱབ་པ་དེ་གནས་ཚུལ་སྐྱོ་བོ་རེད། ཡང་མིན་ན་བཀའ་ཁྲི་ཟམ་གདོང་ཆོག་གིས་བཙན་བྱོལ་བོད་གཞུང་ཁྱེར་ནས་དམྱལ་བ་འགྲོ་འདོད་ཡིན་རྒྱུ་རེད།
རྩོམ་སྒྲིག་གཏམ་ལས་ལེན་རྒྱུ་ཆེན་པོ་མི་འདུག སྒྲུབ་བྱེད་ཆ་མི་ཚང་བ་ཞིག་རེད།
ཡིན་ཡང་ཕྲན་ཡང་ “ ཡུན་ཚད་གཉིས་བསྟུད་མར་བཀའ་བློན་ཁྲི་པའམ་བཀའ་བློན་གྱི་ལས་ཁུར་བྱེད་བཞིན་པ་མ་ཡིན་པ” ཞེས་པའི་ཚིག་དེ་ཕྱིར་བསྡུ་བྱ་དགོས་པའི་ཁྲིམས་འཆར་བཏོན་པ་དེར་མོས་མཐུན་མེད་མཁན་ཞིག་ཡིན་ལགས།
རྩོམ་སྒྲིག་པས་གསུངས་པ་བདེན་པ་རེད། དེང་དུས་ཀྱི་སྤྱི་ཚོགས་འདིར་ཆབ་སྲིད་པའི་སྐད་ཆ་ཕལ་མོ་ཆེ་སྣང་གནས་མི་མཐུན་པ་ཤ་སྟག་རེད་འདུག
མི་དམངས་ཀྱི་མངོན་འདོད་ཡིན་ཁུལ་གྱི་བཅའ་ཁྲིམས་རིན་པོ་ཆེར་འགྱུར་བ་གཏོང་ཐབས་བྱེད་པ་ནི་ངོ་མ་བསམ་བཞིན་བསམ་བཞིན་དྭོགས་པ་ཆེ་རུ་ཆེ་རུ་དང་། གཏིང་ཟབ་ཏུ་ཟབ་ཏུ་འགྲོ་ཡི་འདུག མི་མང་གི་འདོད་པ་ཡིན་ན་བོད་མི་བརྒྱ་ཆ་ག་ཚོད་ཀྱིས་མངོན་འདོད་ཡིན་མིན་གསལ་ཁ་མེད་པ་དང་གཅིག གཉིས་ནས་དུས་ད་ལྟ་བར་དུ་གྲོས་ཚོགས་ནང་བགྲོ་གླེང་མ་བསླེབས་པ་གང་ཡིན་ནམ། ཚོགས་དུས་སྔ་མ་རྣམས་སུ་སྤྱི་འཐུས་རྣམ་པས་མི་མང་གི་མངོན་འདོད་གང་ཡིན་མི་ཤེས་པ་ཡིན་ནམ། ཡང་ན་དོ་སྣང་མ་བྱས་པ་རེད།
གང་ལྟར་ང་ཚོ་ཚང་མས་སོ་སོའི་རྣམ་དཔྱོད་བཏོན་པ་ལས་གཞན་གྱིས་ཟེར་ཟློས་ཀྱི་རྗེས་སུ་འབྲངས་ན་ཉེན་ཁ་འདུག
སྤྱིར་བཅའ་ཁྲིམས་བཟོ་བཅོས་རྒྱབ་དང་མི་རྒྱབ་ནི་སྤྱི་མཐུས་སམ་གྲོས་ཚོགས་ཀྱི་དབང་ཚད་ཡིན་མོད་ཀྱང་། ད་རེས་ནི་བཀའ་ཁྲི་དང་སྤྱི་མཐུས་འོས་འདེམས་ཀྱི་སྐབས་མཚམས་འདི་འདྲ་ཞིག་ལ་བཅའ་ཁྲིམས་བསྐྱར་བཅོས་ཀྱི་གླེང་ཀློང་གྲོས་ཚོགས་ཀྱི་རྭ་བར་འཁྱེར་བ་འདི་ནི་སྐབས་འཚོལ་རིང་ལུགས་པའི་བྱ་སྤྱོད་གཅིག་རང་རེད། དེ་སྔོན་བཅའ་ཁྲིམས་ལ་བཅོས་ཀྱི་གླེང་ཀློང་ཙམ་ལས་གྲོས་ཚོགས་རྭ་བར་སླེབས་པར་སྤྱི་འཐུས་རྣམས་པས་དགག་བྱ་མཛད་བཞིན་པ་ཡིན། ཧ་ཧ་ང་ཚོ་བཙན་བྱོལ་གྱི་གྲོས་ཚོགས་དེ་ལོ་རེ་ནས་ལོ་རེ་ཇེ་སྡུག་རེད།
རྩོམ་སྒྲིག་པའི་སྐད་ཆ་ལ་རྒྱབ་སྐྱོར་གཙང་མ་ཡོད་། གཞན་གྲོས་འཆར་སྟོན་མཁན་དེ་དག་གིས་གྲོས་འཆར་འདི་འདྲ་སྟོན་པ་དེ་ཟམ་འདོང་རིན་པོ་ཆེའི་ཆེད་དུ་མིན། མ་འོངས་བཀའ་བློན་ཁྲི་པ་དེ་དག་གིས་ཆེད་ཡིན་ཚུལ་བཤད་འདུག། དེ་ནི་དངོས་གནས་རྒོད་དྲོ་བ་ཞིག་ཏེ་མ་འོངས་བཀའ་བློན་ཁྲི་པ་དེ་དག་གི་ཁྲོད་གཏུད་མ་ལོ་གསུམ་སྡོད་ན་བཟང་དང་ངན་ཅི་རིགས་ཡོད་པས་སུའི་ཆེད་ཡིན། མ་གཞི་རྒྱ་དམར་གྱིས་རྒྱུན་དུ་བཙན་བྱོལ་གཞུང་ལ་མང་གཙོ་ཡང་དག་ཡོད་མ་རེད་ཞེས་སྐྱོན་བརྗོད་བྱེད་བཞིན་པ་དེ་ལ་ཡང་ལན་འདེབས་བྱེད་རྒྱུའི་ཚབ་ཏུ་རོག་པ་ཞིག་མི་ཆག་བའི་ངེས་པ་མེད་པས་སོ།