ང་ཚོས་རྒྱ་ནག་གཞུང་གིས་བོད་གཞུང་ལ་སྐུ་དྲག་དང་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཡིན་ཚུལ་སོགས་ལུང་འདྲེན་བྱེད་ཀྱིན་པའི་རིགས་ལ་བརྡ་ལན་སྤྲོད་ཆེད་མི་ཚང་དཀྱུས་མ་ནས་འཚར་ལོངས་བྱུང་བའི་བཀའ་ཁྲི་ཞིག་གདམ་དགོས་པ་རེད་ཟེར།
དེ་རིང་ཕྱི་ཚེས་ ༢༦ ཉིན་གྱི་ཕྱི་དྲོ་ས་རཱ་དང་ནོར་གླིང་། སྨན་རྩིས་ཁང་བཅས་ངྷ་སའི་ཉེ་འཁྲིས་ཀྱི་མཐོ་རིམ་སློབ་གཉེར་ཁང་གསུམ་གྱི་དང་བླངས་སློབ་མ་ཁག་ཅིག་མཉམ་རུབ་ཐོག བོད་གཞུང་ཟློས་གར་ཚོགས་ཁང་དུ་མི་རབས་གསར་བའི་བཀའ་ཁྲི་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་ཡོད་ལ། བགྲོ་གླེང་བ་ནི་ཉམས་ཞིབ་པ་ཀླུ་མཁར་བྱམས་དང་ཨ་འབྲུག་དཀོན་མཆོག རྩོམ་པ་པོ་བོན་རྒྱ་བསྟན་འཛིན་རབ་རྒྱས་བཅས་རེད།
དང་བླངས་སློབ་མའི་འཐུས་ཚབ་གྲྭ་བཀྲ་ཤིས་འགྱུར་མེད་ལགས་ཀྱིས། ཐེངས་འདིའི་བགྲོ་གླེང་དེ་མི་སྒེར་དང་ཚོགས་པ། མི་ཆེན་དང་སྐུ་དྲག་སོགས་སུ་གང་ལའང་འབྲེལ་བ་མེད་པར་མཐོ་སློབ་གསུམ་གྱི་དང་བླངས་སློབ་མ་ཚོས་སླེབས་ལ་ཉེ་བའི་བཀའ་སྤྱི་གཉིས་ཀྱི་འོས་འདེམས་ཐད་མི་རབས་གསར་པ་དང་ཤེས་ཡོན་པ། རྩོམ་པ་པོ་དག་གིས་དོ་སྣང་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་ཆེད་དང་། ལྷག་པར་དུ་༸གོང་ས་མཆོག་དང་མི་རབས་རྒན་པ། དེ་བཞིིན་བོད་རྒྱ་ཆེ་མི་མང་གིས་ཚེ་སྲོག་གི་འགྲོ་གྲོན་བཏང་བའི་མི་རིགས་ཀྱི་འཐབ་རྩོད་དེར་མི་རབས་གསར་བས་འགན་ལེན་དགོས་པའི་དུས་ལ་སླེབས་ཡོད་པ། རྒྱ་ནག་གཞུང་གིས་༧གོང་ས་མཆོག་དང་མི་རབས་རྒན་པ་རྫོགས་ཚེ་བོད་ཀྱི་གནད་དོན་མེད་བརླག་ཏུ་འགྲོ་རྒྱུ་ཡིན་ཚུལ་དང་བཙན་བྱོལ་བོད་གཞུང་ནི་སྐུ་དྲག་ལམ་ལུགས་དང་བཀས་བཀོད་རྒྱུན་འཛིན་ཞིང་བྲན་ལམ་ལུགས་ཡིན་ཚུལ་སོགས་བོད་གཞིས་ལུས་མི་མང་དང་། འཛམ་གླིང་མི་མང་ལ་ལུང་འདྲེན་བྱེད་ཀྱིན་པའི་རིགས་ལ་བརྡ་ལན་གསལ་བོ་ཞིག་སྟོན་དགོས་པ་སོགས་ལ་དམིགས་ཏེ། ང་ཚོས་མི་རབས་གསར་བའི་ཁྲོད་ཀྱི་མི་ཚང་དཀྱུས་མ་ནས་སྐྱེས་པའི་ཤེས་འཇོན་གཉིས་ལྡན་གྱི་བཀའ་ཁྲི་ཞིག་འོས་འདེམས་བྱ་ཆེད་བགྲོ་གླེང་འདི་གོ་སྒྲིག་བྱས་པ་ཡིན་ཞེས་འགྲེལ་བརྗོད་བྱས།
ཉམས་ཞིབ་པ་ཨ་འབྲུག་དཀོན་མཆོག་ལགས་ཀྱིས་༸གོང་ས་མཆོག་གི་དགོངས་དོན་དང་མི་རབས་གསར་བའི་བཀའ་ཁྲི་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་དོན། ༸གོང་ས་མཆོག་གི་དགོངས་གཞི་དང་ཐུགས་རེ། ལམ་སྟོན་བཅས་ཆ་ཚང་བསྒྲུབ་ཐུབ་མཁན་གྱི་མི་ཞིག་དགོས་ཚེ་ཧ་ལམ་འཛམ་གླིང་འདིའི་སྟེང་རྙེད་ཁག་པོ་རེད་བསམ་གྱི་ཡོད། ཡིན་ནའང་། གནད་དོན་གཙོ་བོ་ཁོང་གི་དགོངས་པ་དང་ལམ་སྟོན་ལག་བསྟར་བྱེད་པའི་སྙིང་སྟོབས་དང་ཆོད་སེམས་ཡོད་མཁན་ཞིག་ང་ཚོར་ངེས་པར་དུ་དགོས་པ་རེད། འདས་པའི་མི་ལོ་ལྔ་བཅུའི་རིང་ང་ཚོའི་སྤྱི་ཚོགས་དང་གཞུང་གི་ངོས་ནས་ཁོང་གི་དགོངས་པ་དང་ཐུགས་རེ་བཅས་ལག་བསྟར་བྱེད་ཐུབ་མེད་པའི་གནས་སྟངས་ཆགས་ཡོད་པ་རེད་ལ། ད་ལྟ་བཀའ་ཁྲིའི་འོས་འདེམས་སོགས་མང་གཙོ་འཕེལ་རྒྱས་ཀྱི་བརྒྱུད་རིམ་གང་འཚམ་ཞིག་ལ་སླེབས་ཡོད་པའི་སྐབས་འདིར་ཡང་།བོད་སྤྱི་ཚོགས་ཁྱོན་ཡོངས་ནས་བལྟས་ཚེ་མང་གཙོ་དང་ལེན་བྱེད་ཐུབ་མེད། དེ་ཡང་གཙོ་བོ་ཁོང་གི་མང་གཙོའི་ལམ་སྲོལ་འདི་མགོ་བཙུགས་དུས་ནས་མི་མང་དང་མགོ་ཁྲིད་ཀྱི་ངོས་ནས་དང་ལེན་བྱས་མེད་པར་མ་ཟད། འགོག་རྐྱེན་དང་འཕྱ་སྨོད་བྱས་པར་རྐྱེན་བྱས་ཏེ་ཁོང་གི་དགོངས་པ་བཞིན་ཚད་མཐོ་བོ་ཞིག་ལ་སླེབས་ཐུབ་ཀྱིན་མེད་པའི་གནས་སྟངས་ཆགས་ཡོད། ཕྱོགས་གཞན་ཞིག་ནས་ང་ཚོས་རྩ་ཁྲིམས་དང་ལེན་བྱེད་ཐུབ་མེད། ཁོང་གིས་བོད་མི་རིགས་ཀྱི་མདུན་ལམ་ཐག་གཅོད་ཀྱི་དབང་ཚད་དེ་ཁྲིམས་ཀྱི་ཐོག་ནས་མི་མང་ལ་སྤྲད་ཡོད་པ་རེད་ལ། ཐ་ན་ཁོང་སྐུ་སྒེར་གྱི་སྐུ་དབང་ཡང་མི་མང་གི་མངོན་འདོད་དང་རྒྱལ་ཁབ་ཀྱི་ཁེ་ཕན་ཆེད་དུ་ཕྱིར་འཐེན་དགོས་པ་ཡིན་ན་འཐེན་དགོས་ཞེས་རྩ་ཁྲིམས་ནང་བཅུག་ཡོད་ཀྱང་། སྐབས་དེའི་མི་མང་དང་གཞུང་འཛིན་མི་སྣའི་བསམ་བློའི་ནང་མ་ཤོང་བར་དང་ལེན་བྱེད་ཐུབ་མེད་ཀྱང་། ཁོང་གིས་ཨུ་ཚུགས་མཐར་སྐྱེལ་བྱས་མཐར་རྩ་ཁྲིམས་ཀྱི་གནད་དོན་ཐོག་འཁོད་ཐུབ་ཡོད། སྐབས་དེའི་ཁོང་གི་དགོངས་པ་ཆོས་སྲིད་ཟུང་འབྲེལ་གྱི་ངོ་བོ་ནས་ཆོས་ལུགས་རིས་མེད་ཀྱི་ཐོག་ཕར་བསྒྱུར་རྒྱུའི་འཆར་གཞི་ཡོད་ནའང་ང་ཚོའི་སྤྱི་ཚོགས་ཀྱིས་ཁོང་གི་དགོངས་གཞི་ཏག་ཏག་ཅིག་ངོས་ལེན་མ་ཐུབ་པའི་དབང་གིས་རེད།
གཞན་ཞིག་ནི། ང་ཚོས་༸གོང་ས་མཆོག་གི་སྲིད་ཇུས་དང་ལེན་བྱེད་ཐུབ་ཀྱིན་མེད། ཁོང་གི་དབུ་མའི་ལམ་གྱི་སྲིད་ཇུས་དེ་ཡེ་ཤེས་དབྱིངས་དཔྱད་ཀྱིས་ཐག་བཅད་པ་དེ་འདྲ་རྩ་བ་ནས་མ་རེད། དེ་ཁོང་གིས་དངོས་ཡོད་གནས་ཚུལ་དང་བོད་པའི་གནས་སྟངས། འཛམ་གླིང་གི་འཕོ་འགྱུར་སོགས་ཕྱོགས་ཡོངས་ལ་ཐུགས་བསམ་བཞེས་ཏེ་ལམ་སྟོན་གནང་བའི་སྲིད་ཇུས་ཤིག་རེད་ལ། མི་མང་ལ་དེའི་ཐད་ཀྱི་གདམ་ཀ་སྤྲད་ཡོད་ཀྱང་། མི་མང་གི་ངོས་ནས་གདམ་ཀ་དེ་ཏག་ཏག་ཅིག་རྩ་བ་ནས་བྱེད་ཐུབ་མེད་པར་མ་ཟད། ཕྱོགས་གཅིག་ནས་ངོ་རྒོལ་བྱེད་མཁན་བྱུང་ཡོད་པ་རེད་ལ། ཕྱོགས་གཞན་ཞིག་ནས་དབུ་མའི་ལམ་གྱི་སྲིད་ཇུས་ངོ་མ་འཕྲོད་པ་སོགས་ཀྱིས་ཁོང་གི་དགོངས་གཞི་ཡིན་པར་བརྩི་བ་ལས། སྲིད་ཇུས་ལ་བརྩི་བཀུར་བྱས་མེད་པ་སོགས་གླེང་སློང་གསར་བ་ཞིག་མགོ་རྩོམ་དགོས་པ་ཆགས་ཡོད། དེ་བཞིན་༸གོང་ས་མཆོག་གིས་འདས་པའི་ལོ་བཅུའི་ཡར་སྔོན་ནས་ཁོང་བགྲེས་ཡོལ་བྱ་རྒྱུའི་བཀའ་སློབ་ཐེངས་མང་ཕེབས་ཀྱང་ང་ཚོའི་མི་མང་དང་མཐོ་རིམ་མི་སྣ་ཚོས་དེ་བས་ཀྱང་དང་ལེན་བྱེད་ཐུབ་ཀྱི་མེད་པར་མ་ཟད། དེ་ལ་འགོག་རྐྱེན་དང་ལྡོག་ཕྱོགས་ནས་རེ་སྐུལ་ཐེངས་མང་ཞུས་པ་རེད། ཡིན་ནའང། ཁོང་གི་ངོས་ནས་དེ་ལྟར་བྱེད་དགོས་དོན་དེ་བོད་མི་མང་ལ་སྦྱོང་བརྡར་སྤྲོད་རྒྱུའི་ཆེད་རེད་ལ། ང་ཚོ་བོད་པ་མི་རེ་ངོ་རེ་ནས་རང་ཉིད་ལ་འཁྲི་བའི་འགན་འཁྲིའི་འདུ་ཤེས་ཤིག་དགོས་པ་དེ་ཁོང་གི་མི་ལོ་ལྔ་བཅུའི་བཀའ་སློབ་ཀྱི་སྙིང་དོན་རེད།
དེ་བཞིན་༧གོང་ས་མཆོག་གིས་ཁོང་བགྲེས་ཡོལ་དང་ཕྱེད་བགྲེས་ཡོལ་བྱེད་ཀྱིན་པ་ད་ལྟའི་བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་དང་བོད་རྒྱ་གཉིས་ཀྱི་གནད་དོན། འཛམ་གླིང་རྒྱལ་ཁབ་ཁག་གི་མཛད་འཕྲིན་སོགས་ལ་དམིགས་ཏེ་གསུངས་པ་ཞིག་ཡིན་སྟབས། དེས་ང་ཚོའི་མི་རབས་གསར་བ་རྣམས་ལ་སྙིང་སྟོབས་དང་སྤོབས་པ་སྐྱེ་དགོས་པ་རེད་ལ། མ་འོངས་པའི་མི་རབས་གསར་བའི་བཀའ་ཁྲི་དེ་ཡང་༸གོང་ས་མཆོག་གི་དགོངས་གཞི་རྟོགས་པའི་ཐོག་ནས་བོད་རྒྱ་ཆེ་མི་མང་གི་རེ་འདོད་སྒྲུབ་མཁན་ཞིག་ཡིན་དགོས་པ་རེད་ཅེས་བརྗོད་བྱུང་།
ཉམས་ཞིབ་པ་ཀླུ་མཁར་བྱམས་ལགས་ཀྱིས། དེ་རིང་གི་བགྲོ་གླེང་དེ་བློ་བཟང་སེངྒེ་བཀའ་ཁྲིའི་འོས་གཞིར་ཁྱབ་བསྒྲགས་བྱས་པའི་རྣམ་པ་ཞིག་མཐོང་གི་འདུག ང་རང་སྒེར་ལ་མཚོན་ན་བློ་བཟང་སེངྒེ་ལ་བཟང་སྤྱོད་ཀྱི་ཐོག་ནས་རྒྱབ་སྐྱོར་ཡོད། ཡིན་ནའང་། ངེད་གཉིས་བར་ལ་སྒེར་གྱི་འབྲེལ་བ་གང་ཡང་མེད། བཀའ་ཁྲིའི་ཐད་ལ་ངས་ཐེངས་ཁ་ཤས་ཤིག་ལ་བཤད་རྒྱུ་བྱུང༌། དེང་སང་༧གོང་ས་མཆོག་དགའ་ལྡན་ཕོ་བྲང་གི་དབུ་ཁྲིད་ལ་བཞུགས་བསྡད་པའི་སྐབས་འདིར་བཙན་བྱོལ་བོད་གཞུང་དང་བོད་གཞིས་བྱེས་གཉིས་ཀྱི་འབྲེལ་ཐག་དེ་ཆད་ཐུབ་ཀྱི་མ་རེད་ལ། ཁོང་གི་མཚན་གནས་རྗེས་འབྲེལ་གྱི་ཐོག་ནས་ཀྱང་བོད་མི་མང་གི་དད་པ་དེ་ཡོད་བསྡད་པ་ཞིག་རེད། ད་ལྟའི་བཙན་བྱོལ་བོད་གཞུང་གིས་བོད་མི་མང་གི་ཚབ་བྱེད་ཐུབ་ཀྱི་ཡོད་ཟེར་བ་གཙོ་བོ་ཁོང་གི་མཚན་གནས་རྗེས་འབྲེལ་གྱི་ཐོག་ནས་བོད་རྒྱ་ཆེའི་མི་མང་གི་ཚབ་མཚོན་གྱི་ཡོད་པ་རེད། ནམ་ཞིག་ཁོང་སྐུ་གཤེགས་རྗེས་ད་དུང་བཙན་བྱོལ་བོད་གཞུང་གིས་བོད་གཞིས་བྱེས་གཉིས་ཀྱི་ཚབ་མཚོན་ཐུབ་དགོས་ན་སྐད་ཆ་གཅིག་གིས་བོད་མི་མང་གི་སེམས་འགུག་ཐུབ་ཀྱི་རེད། དེ་བོད་རང་བཙན་ལ་རྒྱབ་སྐྱོར་བྱ་རྒྱུ་དེ་རེད། གལ་སྲིད་རྒྱ་ནག་མི་མང་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ལ་འགྲོ་གི་ཡིན་ལབ་ན་བོད་ནང་གི་བོད་མིའི་ཚབ་བྱེད་ཐུབ་ཐབས་མེད་ལ། ཐ་ན་བཙན་བྱོལ་ནང་གི་མི་འབུམ་གཅིག་ལྷག་ལའང་ལམ་སྟོན་བྱ་རྒྱུ་ཁག་པོ་རེད།
མི་མང་གི་འོས་ལྡུག་མིན་གང་ལྟར་ཡང་། ངས་ད་ལྟའི་བར་བཀའ་ཁྲིར་རང་བཙན་གྱི་ལྟ་བ་འཁྱེར་མཁན་ཞིག་ལ་རེ་བ་བརྒྱབ་པ་ཡིན། མ་འོངས་པར་ཡང་ང་རང་གི་ངོས་ནས་སྐུ་དྲག་གི་རིགས་རྒྱུད་ལ་འོས་ལྡུག་གི་མིན། དེ་བཞིན་བླ་མ་གྲྭ་པ་ཚོ་ཆབ་སྲིད་ནང་འཛུལ་ཡོང་ན་ཡག་པོ་མེད་སྟབས། སྔོན་མ་ཟམ་གདོང་རིན་པོ་ཆེར་འོས་བླུགས་མེད་ལ། མ་འོངས་པར་ཡང་ལྡུག་གི་མིན། ང་རང་གི་ངོས་ནས་སྐུ་དྲག་གི་རིགས་རྒྱུད་མིན་པ་དང་ལོ་རྒྱུས་ཀྱི་རྙོག་གྲ་མེད་པ། སྒེར་ངོས་ནས་ཐོན་པའི་མི་དཀྱུས་མ་དེ་འདྲ་ཞིག་ལ་འོས་ལྡུག་གི་ཡིན། གལ་སྲིད། མཐའ་མའི་འོས་གཞིའི་ནང་མཁས་དབང་བློ་བཟང་སེངྒེ་བསླེབ་པ་ཡིན་ན། ངས་འོས་ཤོག་དེ་ཁོང་ལ་ལྡུག་གི་ཡིན་ཞེས་བརྗོད་བྱུང་།
མཐའ་མར་ཁོང་གིས། ཁ་སྔོན་༧གོང་ས་མཆོག་གིས་ཁོང་རྒྱ་ནག་གི་མི་སེར་ལག་ཁྱེར་བསྣམ་སྟེ་བོད་ལ་ལོག་འདོད་ཡོད་ཚུལ་གསུངས་བྱུང༌། གལ་ཏེ། ཉིན་ཞིག་ཁོང་དང་བཙན་བྱོལ་བོད་གཞུང་གིས་རྒྱ་ནག་གི་ལག་ཁྱེར་བསྣམ་སྟེ་འགྲོ་བའི་དུས་སྐབས་ཤིག་འབྱུང་སྲིད་པའི་དབང་དུ་བཏང་ཡང། སྐབས་དེར་ང་རང་གིས་རྒྱ་མིའི་ལག་འཁྱེར་དེ་ཁྱེར་ནས་བོད་ལ་གཏན་ནས་འགྲོ་རྒྱུ་མིན་ཞེས་འགྲེལ་བརྗོད་གནང་བྱུང་།
རྩོམ་པ་པོ་བོན་རྒྱ་བསྟན་འཛིན་རབ་རྒྱས་ལགས་ཀྱིས། མི་རིགས་ཤིག་ལ་མི་རབས་གསར་བ་མེད་ན། མི་རིགས་དེ་རྒས་ཤིང་འཁོགས་པ་དང་ཆད་ལ་ཉེ་བའི་དུས་སྐབས་ཤིག་ཏུ་སླེབས་ཡོད། དེར་བརྟེན། མི་རབས་གསར་བའི་འབོད་སྒྲ་གལ་ཆེ་ལ་སྙིང་སྟོབས་དེ་བས་ཀྱང་གལ་ཆེན་རེད། ང་རང་ལ་མཚོན་ན་འདི་ལོའི་ཕྱི་ཟླ་ ༦ པ་ནས་བཙན་བྱོལ་གྱི་མི་རབས་གསར་བའི་སྙིང་སྟོབས་ཀྱི་བསྒྲགས་གཏམ་དེ་ཐོག་མར་སྤེལ་བ་ཡིན། ཞོར་དུ་དེ་དང་འབྲེལ་བའི་རྩོམ་ཡིག་དང་བགྲོ་གླེང་སོགས་ཀྱི་ཆ་ཤས་བླངས་ཡོད། སྐབས་དེ་དག་ཏུ་སྙིང་སྟོབས་དང་དྲང་ཚུགས་འཛིན་སྟངས། སྤྱི་ཚོགས་ལ་མགོ་མི་སྐོར་བའི་ཐད་ལ་འབོད་སྐུལ་ཞུས་པར་མ་ཟད། མི་རབས་གསར་བར་འབོད་སྒྲ་དང་སྙིང་སྟོབས་དགོས་པ། ཡར་ལངས་ཏེ་འགན་འཁུར་དགོས་རྒྱུ་སོགས་རྒྱ་ནག་གིས་བཤད་ཀྱིན་པའི་མི་རབས་གསར་བ་དང་གཏན་ནས་མི་འདྲ་བ་ཤེས་དགོས་སྐོར་བརྗོད་པ་ཡིན། ང་ཚོའི་འབོད་སྒྲ་དེ་ནི་གསར་བརྗེའི་འབོད་སྒྲ་མིན་པར་གསར་གཏོད་ཀྱི་འབོད་སྒྲ་ཡིན། ང་ཚོར་གསར་གཏོད་ཀྱི་རྒྱུ་ཆ་མང་པོ་ཞིག་དགོས་པ་རེད། ང་ཚོའི་འཐབ་རྩོད་དེ་གསར་རྙིང་གི་ཐོབ་ཐང་འཐབ་རྩོད་ཀྱི་འབོད་སྒྲ་ཞིག་རྩ་བ་ནས་མིན་པ་མི་རབས་གསར་བས་ཤེས་དགོས་པར་མ་ཟད། མི་རབས་རྒན་པས་ཀྱང་ངེས་པར་དུ་ཤེས་དགོས་པའི་དོན་གནད་ཅིག་རེད་ཅེས་བརྗོད་བྱུང་ལ། དེ་བཞིན་ཁོང་གིས། ངས་བསམ་ན་ཉུང་མཐར་ང་ཚོས་ཁྱད་ཆོས་བཞི་དང་ལྡན་པའི་བཀའ་ཁྲི་ཞིག་ལ་རེ་བ་རྒྱག་དགོས་ཀྱི་འདུག དེ་དག་ནི་ལྷན་སྐྱེས་ཀྱི་སྙིང་སྟོབས་དང་འགན་འཁྲིའི་བསམ་བློའི་རང་བཞིན་དང་ལྡན་པ། སྦྱངས་སྟོབས་ཀྱི་ཡོན་ཏན་ཆེན་པོ་ལྡན་པ། རྒྱལ་སྤྱིར་བསྟན་ཆོག་པ་དང་རྒྱ་ནག་ལ་ངོམས་ཆོག་པའི་གཞོན་སྐྱེས་ཤིག་དགོས་པ། བཙན་བྱོལ་བའི་དབུ་ཁྲིད་ཞིག་གདམ་གྱི་ཡོད་པའི་ཆ་ནས་ང་ཚོའི་དབུ་ཁྲིད་དེ་ངེས་པར་དུ་བཙན་བྱོལ་བ་ཞིག་ཡིན་དགོས་པ་བཅས་དང༌། ཡང་བཀའ་ཁྲི་དེར་འཇོན་ཐང་དྲུག་དགོས་པ་ནི། བོད་ཀྱི་རྩ་ཆེའི་ཆོས་དང་རིག་གཞུང་གི་རིན་ཐང་ལ་ངོས་འཛིན་བྱས་ཐོག་དེར་བདག་པོ་རྒྱག་ཐུབ་མཁན་ཞིག་དང༌། ༧གོང་ས་མཆོག་གི་བཀའ་དགོངས་འོག་ཤར་བསྐྱོད་གནང་མཁན་ཞིག གཞིས་ལུས་རྒྱ་ཆེའི་མི་མང་གི་རེ་བ་དང་མངོན་འདོད། གཞིས་ལུས་མི་མང་ལ་དུས་རབས་དང་བསྟུན་ཏེ་འབྲེལ་ལམ་སླར་གསོ་ཐུབ་རྒྱུར་ནུས་པ་འདོན་ཐུབ་མཁན། ཁ་གཏད་རྒྱ་གཞུང་ལ་སྒྲུབ་ཕྱོགས་ནས་འབྲེལ་བ་བྱེད་ཐུབ་པ་དང༌། དགག་ཕྱོགས་ནས་སྐྱོན་བརྗོད་བྱེད་ཐུབ་མཁན་གྱི་བཀའ་ཁྲི་ཞིག་དགོས། དེ་མ་ཡིན་པར་ག་དུས་ཡིན་ཡང་རྒྱ་ནག་ལ་ཁོར་ཡུག་བསྐྲུན་ནས་སྤྲེལ་ལད་འཁྲབ་བསྡད་པ་དེ་འདྲ་མ་ཡིན་པ། དགག་པ་རྒྱག་དུས་དགག་པ་རྒྱག་ཐུབ་མཁན་ཞིག་དང་འབྲེལ་བ་བྱེད་དུས་འབྲེལ་བ་བྱེད་ཐུབ་མཁན་ཞིག་ངེས་པར་དུ་དགོས་ཀྱི་རེད། ང་ཚོས་འཐབ་རྩོད་ཀྱི་ལས་འགུལ་མང་ཆེ་བ་ཞིག་ཁྱབ་བསྒྲགས་ཀྱི་ཐོག་ནས་འགྲོ་དགོས་དུས་རྒྱལ་སྤྱིའི་གོ་སྐབས་ཏག་ཏག་ལེན་མ་ཐུབ་ན་འཐུས་ཤོར་ཆེན་པོ་ཞིག་འགྲོ་ཉེན་ཡོད་པས་དེར་ལྟ་རྟོག་ཐུབ་མཁན། བཙན་བྱོལ་སྒྲིག་འཛུགས་ཙམ་མིན་པར་རྒྱལ་སྤྱིར་ཁྱོན་ཡོངས་ནས་ལྟ་ཐུབ་པའི་མཁྱེན་རྒྱ་ཅན་ཞིག་དགོས། བཙན་བྱོལ་བོད་མིའི་ལྟེ་གནས་དེ་རྒྱ་གར་ཆགས་ཡོད་དུས། རྒྱ་གར་གཞུང་གི་སྲིད་ཇུས་ལ་ལྟོས་པའི་སྒོ་ནས་བཙན་བྱོལ་སྒྲིག་འཛུགས་ཀྱི་འཛིན་སྐྱོང་ལ་ལྟ་རྟོག་བྱེད་ཐུབ་མཁན་ཞིག གཞིས་ཆགས་ཁག་སྐྱོ་བོ་དང་གསར་འབྱོར་སོགས་ལྟ་སྐྱོང་བྱེད་ཐུབ་མཁན་ཞིག་དགོས་ཞེས་བརྗོད་སོང༌། བཀའ་ཁྲིའི་ཁྱད་ཆོས་བཞི་དང་འཇོན་ཐང་དྲུག་གི་ངོས་ནས་བལྟས་ཡོང་དུས་ད་ལྟའི་བཀའ་ཁྲིའི་འོས་གཞིའི་ནང་ནས་མཁས་དབང་བློ་བཟང་སེངྒེ་ལགས་འཚམ་ཤོས་རེད་ཅེས་བརྗོད་བྱུང་།
ཐེངས་འདིའི་བགྲོ་གླེང་སྐབས་བཀའ་ཁྲི་དང་འབྲེལ་བའི་གློག་བརྙན་ཞིག་གཟིགས་འབུལ་བྱས་པར་མ་ཟད། མི་རབས་གསར་བའི་འབོད་སྒྲའི་འོག་གི་བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེངྒེ་ཞེས་པའི་ཤོག་བྱང་འགྲེམས་སྤེལ་བྱས་ཡོད་ལ། བགྲོ་གླེང་སྟེང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཚོགས་མི་དང་མཐོ་སློབ་ཁག་གི་སློབ་མ་དང་དགེ་འདུན་པ། བཞུགས་སྒར་གྱི་མི་མང་བཅས་མང་ཚོགས་ ༢༠༠ ལྷག་འདུ་འཛོམས་ཀྱིས་བགྲོ་གླེང་དང་དྲི་བ་དྲིས་ལན་ལྷུག་པོར་གནང་ཡོད།
གསར་འགོད་པ། དོན་གོ་དང་དཔལ་ལྡན།
སློབ་གྲ་ཁགས་ལ་རང་དབང་མི་འདུག་
དགེ་རྒེན་ཁོ་ཚོས་ག་རེ་གདམས་པ་ཡིན་ན་མ་གཏོགས་
སློབ་གྲ་ཁག་ལ་དམངས་ཙོ་རང་དབང་མི་འདུག་།དགེ་རྒེན་རྣམས་ཀྱིས་ག་རེ་ལབ་པ་ཡིན་པ་ལས་གཞན་གདམས་ཆོག་གི་མིའདུག་།ཕལ་ཆེར་ཅིག་བྱས་ན་ཁོ་ཚོས་དངོལ་ལྐོག་ཟ་བྱས་ཡོབ་པ་འདྲ།
ཀླུ་མཁར་བྱམས་ལགས་ནི་བཤད་ཕོད་པའི་རང་བཙན་བརྩོད་ལན་པ་ཞིག་ཡིན་པ་ངས་ད་རིང་དངོས་སུ་མཐོང་བྱུང། ཁོངགི་གསུང་བཤད་ནང་དབུ་མའི་ལམ་དང་དེ་ལག་ལྟར་བྱེད་མཁན་བཙན་བྱོལ་བོད་གཞུང་ལ་ཅུང་མི་འདོད་པའི་སྐད་ཆ་མང་དག་ཅིག་སླེབས་སོང་ལ་མི་དམངས་ཁྲོད་ནས་ཀྱང་དེར་དགའ་བསུའི་ཕྱག་རྡབ་མཁན་ཡང་མང་པོ་བྱུང་སོང་བས་དེའི་ཐོག་ནས་བོད་པའི་སྤྱི་ཚོགས་ནང་དམངས་གཙོའི་གོ་རྟོག་ཆེ་རུ་ཕྱིན་ཡོད་པ་དང་བཙན་བྱོལ་གཞུང་གིས་ལག་ལྟར་བྱེད་བཞིན་པའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་ངོས་ལེན་མེད་པའི་རྣམ་པ་ཞིག་གསལ་ལེར་མངོན་གྱི་འདུག་
ཉམས་ཞིབ་པ་ཨ་འབྲུག་དཀོན་མཆོག་ལགས་ཀྱིས་༸གོང་ས་མཆོག་གི་དགོངས་དོན་དང་མི་རབས་གསར་བའི་བཀའ་ཁྲི་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་བ་དེའི་ནང་། ༼གནད་དོན་གཙོ་བོ་༸གོང་ས་མཆོག་གི་དགོངས་པ་དང་ལམ་སྟོན་ལག་བསྟར་བྱེད་པའི་སྙིང་སྟོབས་དང་ཆོད་སེམས་ཡོད་མཁན་ཞིག་ང་ཚོར་ངེས་པར་དུ་དགོས་པ་རེད། འདས་པའི་མི་ལོ་ལྔ་བཅུའི་རིང་ང་ཚོའི་སྤྱི་ཚོགས་དང་གཞུང་གི་ངོས་ནས་ཁོང་གི་དགོངས་པ་དང་ཐུགས་རེ་བཅས་ལག་བསྟར་བྱེད་ཐུབ་མེད་པའི་གནས་སྟངས་ཆགས་ཡོད་པ་རེད་༽གསུངས་འདུག་པ་དེར་ངས་ཞུ་འདོད་པ་ཞིག་ལ་ང་ཚོ་བོད་པའི་ནང་༸གོང་ས་མཆོག་གི་དགོངས་པ་དང་ལམ་སྟོན་ལག་བསྟར་བྱེད་པའི་སྙིང་སྟོབས་དང་ཆོད་སེམས་ཡོད་མཁན་ནི་མེད་པ་མིན་ཡང་དེ་སྔོན་བོད་ས་མ་ཤོར་གོང་གི་བོད་སྡེ་པ་གཞུང་གི་ཐོབ་གོ་སའི་ཆེད་དུ་ཕན་ཚུན་དགྲར་ལང་པའི་སྐྱོ་གར་བཞིན། བཙན་བྱོལ་བོད་གཞུང་གི་ལས་བྱེད་ཁག་ཅིག་ནས་རང་ཉིད་ནས་མི་འཇོན་པ་གང་ཞིག་༸གོང་ས་མཆོག་གི་དགོངས་པ་དང་ལམ་སྟོན་ལག་བསྟར་བྱེད་པའི་སྙིང་སྟོབས་དང་ཆོད་སེམས་ཡོད་མཁན་གང་ཟག་དག་ལ་རང་ཉིད་ཀྱི་ཐོབ་གོ་ས་ཕྲོག་མཁན་གི་དགྲ་བོར་རྩིས་ནས་གང་ཐུབ་ཀྱི་གནོད་པ་སྐྱེལ་ཀྱི་ཡོད་ལ་སོགས་པའི་དེ་སྔོན་གྱི་སྐྱོ་གར་དེ་ཡང་སྐྱར་ཁྲབ་པས་ལེན་པ་རེད་བསམ་ཀྱི་འདུག་ དེར་བརྟེན་༸གོང་ས་མཆོག་བཙན་བྱོལ་དུ་ཡོང་ནས་ད་བར་དུ་། རང་བཅན་ནས་རང་སྲིད་རང་སྐྱོང་དུ་གོམ་པ་ཕྱིར་གྲོས་བྱེད་དགོས་པའི་གནས་སྟང་ཡ་ང་དགོས་པ་དེ་བྱུང་བ་རེད། གང་ལྟར་ཡང་བོད་པའི་སྤྱི་ཚོགས་ནང་དམངས་གཙོའི་གོ་བ་ཟབ་པོར་ཡོང་བཞིན་པ་ནི་འདས་ཟིན་པའི་སྐྱོ་གར་དེ་རྫོགས་ལ་ཉེ་བར་བརྡ་ཞིག་ཀྱང་ཡིན་པས་ང་ཚོ་བོད་པའི་མ་འོངས་པའི་ལམ་བུ་ནི་འོད་ཟེར་སྟོང་ལྡན་ཞིག་ཏུ་སྨོན། །
ཀུན་གསལ་ལགས་ཀྱིས་གསུངས་པ་ལ་བརྒྱ་ཆ་བརྒྱ་མོས་མཐུན་ཡོད།
རྒན་རབས་པས་མ་འགྲིགས་མ་འཐུས་མང་པོ་བཤད་ནས་དགོས་པ་ཨེ་ཡོད། ད་ལྟ་ཁྱེད་རྣམ་པས་སྤྱི་བོའི་གཙུག་ཏུ་བཀུར་བའི་མཁས་དབང་བློ་བཟང་སེང་གེ་ལགས་ནས་ོག་མར་ཀྲིང་མོག་ཟོས་ནས་གཞི་རིམ་སློབ་གྲྭ་ནས་མཁས་དབང་དུ་མ་གྱུར་བར་གྱི་བྱུང་རིམ་རྣམས་ྋགོང་ས་མཆོག་གི་དབུས་པའི་རྒན་རབས་ཚོས་སྐུ་ལས་སྐྱོན་པའི་འབྲས་བུ་ཁོ་ན་ཡིན། དེ་བཞིན་དུ་ཐོག་མར་བཙན་བྱོལ་དུ་འབྱོར་སྐབས་ཡུལ་སྐད་མི་ཤེས་པ་དང་ས་ཆ་མི་འཕྲོད་པའི་དཀའ་ངལ་དང་། མང་ཚོགས་རྣམས་ཀྱང་འཚོ་སྣོན་སྐྱོབ་གསོ་ཕྲན་བུ་ཡོད་ལས་འཚོ་བའི་མདུན་ལམ་དངོས་ནི་ལམ་བཟོ་རང་རེད། དེ་ནས་རིམ་པས་གཞིས་ཆགས་དང་བཟོ་ལས་སོགས་གསར་བསྟོད། ན་གཞོན་རྣམས་ལ་ཤེས་ཡོན་ཡོན་གྱི་བསྟི་གནས་འཛུགས་རྒྱུ་སོགས་སྐུ་ངལ་ཙད་མེད་གནང་ཡོད། དེའི་འབྲས་བུ་ད་ལྟ་མངོན་པ་འདི་ཡིན་པས་རྒན་རབས་ཟེར་དུས་ཕུང་འདྲེ་གང་མིན་ཞིག་ཡིན་པའི་འཛིན་སྟངས་འདི་བོད་རིགས་གཞོན་སྐྱེས་རེ་ཟུང་ལས་ཚང་མར་མེད་ལ་མི་ཡོང་བའི་སྨོན་ལམ་འདེབས་རྒྱུ་ཡིན། སྐུ་དྲག་མི་དྲག་བླ་ཆེན་སོགས་ཀྱི་རྒྱུད་པ་ནས་གཞུང་འཛིན་མི་སྣ་ཡོང་ན་འགྲིག་གི་མེད་ན་བློ་བཟང་སེང་གེ་ལགས་ཀྱང་བླ་ཆེན་གྱི་ཉེ་བ་ཡིན་ཚུལ་འདུག།
ས་པཎ་ཞབས་ཀྱིས། །རིག་པས་དཔྱད་ན་ཆོས་ལུགས་མི་འགལ་ཞིང་། །འཇིག་རྟེན་བྱ་བ་ཀུན་ནས་ལེགས་སྒྲུབ་པ། དམ་རྣམས་ཀྱི་སྤྱོད་ཚུལ་ཇི་འདྲ་ཞིག །བཤད་པ་འདི་ནི་ལེགས་བཤད་རིན་ཆེན་གཏེར། །
མཁས་དབང་དགེ་ཆོས་ཀྱིས། །དུས་གསུམ་རྗེན་པར་གཟིགས་པའི་མངོན་ཤེས་དང་། །རློམ་པའི་འོལ་ཚོམ་སྨྲ་བའི་སྤོབས་པ་གཉིས། །གང་ལ་མེད་པའི་ཉམ་ཆུང་ང་འདྲ་བདག །ལྐོག་གྱུར་ཡུལ་ལ་སྤྱོད་ཚུལ་འདི་ཙམ་ཉིད། །
བོད་རིགས་བློ་མཐུན་ཚོ། ཕྱོགས་ལྷུང་མེད་པའི་དམར་པོར་མ་བྱས་ཤིང་། །ངོ་སྲུང་ཚིག་གི་སྔོན་པོར་མ་བྱས་པར། །ཕྱི་འབྱུང་གཏམ་གྱི་གསེར་པོར་མ་བྱས་ཏེ། །དེའི་ཕྱིར་འདི་ནི་དེབ་ཇེར་དཀར་པོ་ཡིན།།
ཡང་གཅིག་སོན་དང་། དུས་གསུམ་དུས་ཀྱི་འཁོར་ལོ་འཁོར་བ་ན། །བྱུང་ནས་ཡལ་བ་སྔོན་གྱི་གསཝཟུགས་བརྙན་རྣམས། །སྟོང་པའི་མཁའ་ལ་སེམས་ཀྱིས་རྒྱུ་བ་དེ། །ཤིན་ཏུ་ངོ་མཚར་སྒྱུ་མའི་རྒྱལ་རབས་ཉིད། །
༡༩༢༡ ལོར་རྒྱ་ནག་ཞིང་པའི་མི་སེར་དཀྱུས་མའི་བུ་ཕྲུག་ཁ་ཤས་ཤིག་གིས་རྒྱལ་ནང་དུ་གུང་ཁྲན་ཏང་གི་གསང་བའི་སྒྲིག་འཛུགས་བཙུགས་ནས་རྙིང་རུལ་ཅན་གྱི་རྒྱ་ནག་དེ་གསར་བརྗེར་བསྒྱུར་རྒྱུའི་དམིགས་འབེན་བཟུང་།
༡༩༣༥ ལོར་ཙུན་ཡིའི་ཚོགས་འདུ་སྐོང་འཚོགས་བྱས་ཏེ་རྒྱ་ནག་ཞིང་པའི་ཁྱིམ་ཚང་དཀྱུས་མ་གཅིག་གི་བུ་ཕྲུག་མའོ་ཙེ་ཏུང་ཏང་དང་རྒྱལ་ཁབ་ཀྱི་དབང་ཆའི་རྩེ་མོར་སླེབས།
༡༩༢༡ ནས་༡༩༣༥ བར་མི་ལོ་ ༡༥ རིང་གུང་ཁྲན་ཏང་གི་སྟོབས་ཤུགས་རྒྱ་ཁྱབ་ཏུ་སོང་ནས་མཐར་ ༡༩༤༩ ། ༡༠ ། ༠༡ ཉིན་རྒྱལ་ཁབ་དབུ་བརྙེས་པའི་ཁྱབ་བསྒྲགས་བྱས།
༡༩༤༩ ནས་༢༠༡༠ ཁྱོན་མི་ལོ་ ༦༠ ནང་རྒྱ་ནག་གི་ཆབ་སྲིད་དང་། དཔལ་འབྱོར། དམག་དོན། རྒྱལ་སྲུང་། རིག་གཞུང་། ཚན་རྩལ། སྤྱི་ཚོགས། སྒྱུ་རྩལ་སོགས་ད་ཆ་འཛམ་གླིང་སྟེང་ཆེས་སྟོབས་ཆེན་གྱི་རྒྱལ་ཁབ་དང་མི་རིགས་གཅིག་ཏུ་གྱུར་ཐུབ་ཡོད།
དེ་ནི་རྒྱ་ནག་ཞིང་པའི་དབུལ་ཕོངས་མི་སེར་དཀྱུས་མའི་བུ་ཕྲུག་གཅིག་གིས་མགོ་འཁྲིད་དེ་མི་དམངས་ལ་གསར་བརྗེའི་སྐུལ་སློང་མཐར་ཕྱིན་བྱས་ཏེ་ཡུར་དུ་ཟ་བའི་གྲུབ་འབྲས་མིག་མཐོང་ལག་ཟིན་འདི་འཇོག་ཐུབ་ཡོད།
དེར་བརྟེན་བཀའ་ཁྲི་ཟམ་དོང་མཆོག་གིས་ཀྱང་་་་རྒྱས་ཅི་བཤད་ལ་མི་ཉན། རྒྱས་ཅི་བྱས་ལ་ལྟོས། ་་་ཞེས་པའི་རྣོ་ངར་ཅན་གྱི་ཚིག་འདི་བེད་སྤྱད་ཡོད།
སོང་ཙང་བོད་མི་རིགས་དང་བོད་རྒྱལ་ཁབ་ཟེར་བ་དེ་འཛམ་གླིང་འདི་ནང་ཡར་ལངས་འདོད་ན་་་་་་མི་སེར་དཀྱུས་མ་ནས་སྐྱེས་པའི་བཀའ་ཁྲི་ཞིག་དགོས་་་་ཞེས་པའི་ཚིག་འདི་ཧ་ཅང་གིས་རྣོན་པོ་གཅིག་ཡིན་པ་འདྲ།
གྲི་ལས་རྣོ་བའི་མིང་ཚིག་འདིའི་ནང་རྒྱ་ཆེའི་མི་དམངས་དག་མཉམ་བཞུགས་ཐུབ་དང་མ་ཐུབ་དེས་བོད་མི་རིགས་འདི་ཡར་ལངས་ཐུབ་དང་མ་ཐུབ་ཀྱིས་མགོ་འཛུགས་བྱེད་པའི་སོ་མཚམས་གཅིག་དང་སྐྱ་ཐིག་གཅིག་ཡིན་སྲིད།
ང་ལ་མཚོན་ན་སྐྱག་ཚང་ནང་གི་སྐྱག་དྲི་སྔོག་མཁན་དེ་མི་སེར་དཀྱུས་མའི་བུ་ཕྲུག་གཅིག་གིས་མ་གཏོགས་་་་་སྲས་སྲོས་ཨ་བ་་་་ཅན་ཚོས་བཏོན་གྱིས་རེད་བསམ་གྱིན་མེད། འོན་བཏང་སྐྱག་ཚང་ནང་གི་སྐྱག་དྲི་དེ་གཙང་བཟོ་བྱས་ཏེ་ཕྱིར་འདོན་དགོས་ན་སྐྱག་ཚང་སྔོག་མཁན་དེ་་་་་་་མི་སེར་དཀྱུས་མའི་བུ་ཕྲུག་ངལ་རྩོལ་ཅན་་་་་་་ཁོ་ནས་མ་གཏོགས་རྒྱལ་པོ་དང་། བླ་མ། མཁན་པོ། བློན་པོ། སྐུ་དྲག སྲས་སྐུ་ཞབས། ལྕམ་སྐུ་ཞབས་སོགས་ཀྱིས་བོད་མི་དམངས་ཀྱི་སྐྱག་མཚང་ལ་ལག་པ་འཆང་ཏེ་བསྔོག་གི་རེད་ཁྱོན་ནས་བསམས་མྱོང་མེད།
བདེན་དང་མི་བདེན་དེ་དངོས་ཐོག་བདེན་འཚོལ་དང་། ལོ་རྒྱུས་དང། དུས་བབ་བཅས་ཀྱིས་ཁྱེད་ཚོར་ར་སྤྲོད་བྱེད་ངེས་རེད།
རྒྱ་རི་ཚང་སྐུ་དྲགས་ཡིན་ད་ཡིན། ཉག་རོང་ཁོག་གི་སྟོང་དཔོན་བཞིའི་གྲས་ཤིག་རེད། དུས་འགྱུར་མ་བྱུང་གོང་ལ་ཉག་རོང་ཁོག་གི་ཁྲལ་བསྡུ་ཁྲིམས་གནོན་བྱེད་མཁན་ཡོད་ན་མེད་ནའི་ཁྱིམ་ཚང་ཞིག་རེད། ཁར་སང་དེ་རིང་སྐུ་དྲགས་ཟེར་བའི་མིང་འདོགས་ལུགས་ཡོད་མེད་མི་ཤེས། ཡོད་ན་དེ་བས་ཀྱང་སྐུ་དྲགས་རེད། དེ་ཚང་གི་མིང་སྲིང་ཚོས་བོད་མི་ས་ཡ་དྲུག་གི་སྐུ་ཚབ་ཡིན་ཟེར་ནས་འགྲོ་གི་ཡོད་རེད།
༼ཁ་སྔོན་༧གོང་ས་མཆོག་གིས་ཁོང་རྒྱ་ནག་གི་མི་སེར་ལག་ཁྱེར་བསྣམ་སྟེ་བོད་ལ་ལོག་འདོད་ཡོད་ཚུལ་གསུངས་བྱུང༌། གལ་ཏེ། ཉིན་ཞིག་ཁོང་དང་བཙན་བྱོལ་བོད་གཞུང་གིས་རྒྱ་ནག་གི་ལག་ཁྱེར་བསྣམ་སྟེ་འགྲོ་བའི་དུས་སྐབས་ཤིག་འབྱུང་སྲིད་པའི་དབང་དུ་བཏང་ཡང། སྐབས་དེར་ང་རང་གིས་རྒྱ་མིའི་ལག་འཁྱེར་དེ་ཁྱེར་ནས་བོད་ལ་གཏན་ནས་འགྲོ་རྒྱུ་མིན་ཞེས་འགྲེལ་བརྗོད་གནང་བྱུང་།༽ དོན་དག་འདི་ཤི་གསོན་ལ་འབྲེལ་བ་ཡོད་པ་ཞིག་དང་། ལོ་རྒྱུས་ལ་འབྲེལ་བ་ཡོད་པ་ཞིག བོད་དོན་འདི་མ་འོངས་པར་ག་འདྲ་ཞིག་ལ་འགྱུར་མིན་ལ་འབྲེལ་བ་ཡོད་པ་ཞིག་བཅས་ཡིན་པས། ཚང་མ་ལོས་འདིའི་ཐད་བསམ་ཚུལ་ལྷུག་བརྗོད་གནང་རྒྱུ་གལ་ཆེན་རེད། དཔེར་ན། སྐུ་སྒེར་ལ་བོད་དྲ་མེད་དུས། དྲ་གྲོགས་ཚོས་བསྐུལ་འདེད་ལ་བརྟེན་ནས་བོད་དྲ་བཟོས་ཡོད་པ་ནང་བཞིན་དྲ་གྲོགས་ལྷན་རྒྱས་ཀྱི་སྐད་ཆ་ཡག་བཙོག་གང་ཡིན་ཡང་ཐུགས་ཕན་གསོ་བའི་རྒྱུ་རུ་འགྱུར་སྲིད་པས་ཡིན།
སྐུ་དྲག་དང་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ཡོག་ལམ་ལུགས་ཞེས་ཚིག་འདི་དག་བེད་སྤྱོད་བྱེད་སྐབས་གཟབ་ན་ལགས་གང་ཡིནཞེ་ན་ཕྱོགས་ཞེན་གྱི་དབང་དུ་འགྲོ་སྲིད་པའི་དེ་ལྟར་མ་སོང་པར་དྲང་པོར་དྲང་བདེན་ཡོངས་བའི་རེ་བ་ཡོད།་
རྒན་པོ་ཚོ་ལ་དགོངས་པ་རེ་བྱིན་ནས་གཞོན་སྐྱེས་རེ་ཐོབ་རྒྱུའི་རེ་བ་ཡོད།འོན་རང་དབང་ནི་རང་དབང་རང་རེད་རང་ལ་ཐོབ་སྐལ་ཀྱི་འོས་གཅིག་པོ་དེ་ད་ལྟ་ནས་ཐེག་བཅད་ཡོད།རང་གི་འགན་དེ་རང་ཉིད་ལས་གཞན་ལ་འབྲེལ་མེད་དེ་ང་རང་ཉིད་ལ་རང་དབང་ཡོད་པའི་ཡིན།
ང་རང་ལ་མཚོན་ན། ཐོག་མར་བགྲོ་གླེང་འདིའི་བརྗོད་དོན་ཁག་གི་ཐད་ལྟ་ཚུལ་མི་མཐུན་པ་ཞིག་སེམས་ལ་ཤར་སྟབས་དེ་ལྟར་བྲིས་པ་ཡིན། གཙོ་བོ་ནི་བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་དེ་ངེས་པར་དུ་མི་ཚང་དཀྱུས་མ་ཞིག་ཡོང་དགོས་པའི་ཆ་རྐྱེན་ནམ་བསམ་ཚུལ་དེར་མ་འཐད་པ་ཡིན།
ད་ཆར་བགྲོ་གླེང་བྱེད་མཁན་ཚོས་ཀླུ་མཁར་བྱམས་དང་བོན་རྒྱ་བསྟན་རབ་བཅས་ཀྱི་མིང་ནས་བཟུང་སྟེ་ཁ་རྩོད་རྒྱག་གིན་འདུག སོ་སོར་༼གནས་ལུགས་ཡོད་ན་སྐད་མགོ་མཐོ་དགོས་གི་མ་རེད་༽ཅེས་པ་ལྟར། དེ་ལྟར་ངར་ངར་ཤུགས་ཤུགས་ཀྱིས་དམོད་དགོས་པའི་རྒྱུ་མཚན་ནི་ཅི་ཡང་མ་མཐོང་། ལྷག་པར་དུ། གཞོན་སྐྱེས་འདི་དག་གིས་བོད་དོན་ཐོག་ཤི་འཐམ་རོ་འཐམ་བྱེད་བཞིན་པ་དེ་དག་ནི་ངོ་མ་ཡིད་དགའ་བ་དང་། ཡི་རངས་པ་ཞིག་རེད།
བགྲོ་གླེང་ཅེས་པ་འདིའི་ཚིག་དོན་ཇི་བཞིན་དུ་རྟོགས་མཁན་ཇེ་མང་དུ་འགྲོ་བའི་སྨོན་ལམ་འདེབས་བཞིན་ཡོད།
མི་ཚང་དཀྱུས་མ་ནས་འཚར་ལོངས་བྱུང་བའི་བཀའ་ཁྲི་ཞིག་གདམ་དགོས་པ་རེད་ཟེར་་བ་ནི་རིགས་གནས་གསར་བརྗེ་སྐབས་ཀྱི་སྐད་ཆ་་་་འབྱོར་མེད་གྲལ་རིམས་གྱིས་སྲིད་དབང་སྒེར་འཛིན་བྱེད་་དགོས་ཟེར་བ་དེ་རེད། ལྟ་བའི་ལངས་ཕྱོགས་དང་ཤེས་ཚད་སོགས་བསམ་བློའི་ཆ་ལ་མི་བལྟ་པར་རུས་རྒྱུད་ཁོ་ནས་སྐུ་དྲག་ལམ་ལུགས་ཆགས་གི་ཡོད་ན་དེང་སྐབས་དབྱིན་ཇིའི་རྒྱལ་ཁབ་སྐུ་དྲག་ལམ་ལུགས་ཡིན་ས་རེད། རྒྱུ་མཚན་་་་་ད་ལྟའི་དབྱིན་ཇིའི་སྲིད་བློན་སྐུ་དྲག་གི་རྒྱུད་པ་རེད། འོ་ན་་ལྡོག་ཕྱོགས་ནས་ལབ་ན་་་་་་་ང་ཚོ་བོད་པའི་ནང་མགར་རའི་རྒྱུད་པ་རིགས་ངན་ལ་བརྩི་སྲོལ་འདུག མགར་རའི་བུ་རྒྱུད་ཅིག་བཀའ་ཁྲི་ལ་ལངས་གི་ཡིན་ལབ་ན་།མི་ཁག་ཅིག་གིས་ཁོ་རིགས་ངན་རེད་ང་ཚོའི་བཀའ་ཁྲི་ལ་གདམ་མི་ཆོག་ལབ་ན་ཁྲིམས་འགལ་རེད་དམ།
ཡང་རྒྱ་རི་ཚང་སྐུ་དྲག་རེད་ཟེར་་་་དེ་ལྟར་ན་་ཨ་འབྲུག་དཀོན་མཆོག་ཟེར་བ་དེ་ཨ་འབྲུག་ཚང་གི་རེད། དེ་ཕྱིར་ཁོ་སྐུ་དྲག་ཡིན་པས་་་་་་་ཐེངས་འདིའི་བགྲོ་གླེང་དེ་མི་སྒེར་དང་ཚོགས་པ། མི་ཆེན་དང་སྐུ་དྲག་སོགས་སུ་གང་ལའང་འབྲེལ་བ་མེད་ཟེར་རྫུན་རེད་འདུག ཧ་ཧ ཧ