བཙན་བྱོལ་དུ་རང་ལོ་ ༡༨ ཡན་དང་འོས་བསྡུའི་ཁྲོད་ཞུགས་ཆོག་པའི་བོད་མི་ ༨༨༣༡༢ ཡོད་པ་ལས་འོས་བསྡུའི་དེབ་སྐྱེལ་ཟིན་པའི་མི་ ༧༩༤༤༩ ཡིན་ལ། སྐབས་སྔོན་མ་དང་བསྡུར་ན་ཐེངས་འདིར་མི་ ༦༦༧༨ འཕར་སྣོན་བྱུང་ཡོད། དེ་བཞིན་མི་ ༨༨༦༣ ཙམ་གྱིས་དེབ་སྐྱེལ་བྱས་མི་འདུག
དེ་རིང་ནས་བརྩིས་པའི་ཉིན་གསུམ་གྱི་རྗེས་ནས་བཙན་བྱོལ་བོད་མི་རྣམས་ཀྱིས་ལོ་ལྔ་བཅུར་བུད་མ་ཐག་པའི་མང་གཙོའི་ཁེ་དབང་ངོ་མ་ལོངས་སུ་སྤྱོད་དགོས་ལ། སྐབས་གསུམ་པའི་བཀའ་བློན་ཁྲི་པ་དང་སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུ་བྱ་དགོས། བཙན་བྱོལ་བོད་མི་ཚོར་ལོ་ལྔ་རེའི་མཚམས་སུ་ཐེངས་རེར་མ་གཏོགས་རྒྱལ་ཡོངས་རང་བཞིན་གྱི་འོས་བསྡུ་ཆེན་མོའི་ཁྲོད་ཆ་ཤས་ལེན་རྒྱུའི་གོ་སྐབས་མེད་ལ། དེ་ནི་བོད་མི་ཚོས་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་བཅས་ལོངས་སུ་སྤྱོད་པའི་གོ་སྐབས་ལེགས་ཤོས་དང་། རྒྱལ་ཁབ་དང་མི་རིགས། རང་གི་ཐོབ་ཐང་བཅས་ལ་འགན་ཁུར་བྱེད་པའི་གོ་སྐབས་བཟང་ཤོས་དེ་ཡིན།
བཀའ་སྤྱིའི་སྔོན་འགྲོའི་འོས་བསྡུ་བྱ་རྒྱུར་ཉིན་གསུམ་ལས་མེད་པའི་སྐབས་འདིར་བཞུགས་སྒར་ངྷ་ས་གཙོས་ལྷོ་གཞིས་ཁག་སོགས་བོད་མི་འདུས་སྡོད་ཀྱི་ས་གནས་ཁག་གི་གྱང་ངོས་ན་བཀའ་སྤྱིའི་འོས་མིའི་སྐོར་གྱི་གསལ་བསྒྲགས་ཀྱིས་ཁེངས་ཡོད་ལ། དེ་ནི་ལོ་ལྔ་བཅུར་བུད་མ་ཐག་པའི་བཙན་བྱོལ་གྱི་མང་གཙོ་ཡར་རྒྱས་གོང་འཕེལ་དུ་ཕྱིན་པ་དང་། བཙན་བྱོལ་གྱི་བོད་མི་རྣམས་མང་གཙོར་གོ་རྟོགས་སད་ཀྱིན་པའི་རྟགས་ཡིན་ནམ། གང་ལྟར་ཡང་། དེ་རིང་འོས་བསྡུ་ལྷན་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན། ད་ལྟ་བཙན་བྱོལ་དུ་རང་ལོ་ ༡༨ ཡན་དང་འོས་བསྡུའི་ནང་ཞུགས་ཆོག་པའི་མི་ ༨༨༣༡༢ ཡོད་པ་ལས་མི་ ༧༩༤༤༩ འོས་བསྡུའི་དེབ་སྐྱེལ་བྱས་ཡོད་ལ། དེ་ནི་སྐབས་སྔོན་མའི་མི་གྲངས་ ༧༢༧༧༩ དང་བསྡུར་ན་མི་ ༦༦༧༨ འཕར་སྣོན་བྱུང་ཡོད།
ཡིན་ནའང་། དེབ་སྐྱེལ་བྱས་མེད་པའི་མི་ད་དུང་ ༨༨༦༣ ཙམ་འདུག
ཡང་གཅིག་བཤད་ན། གསར་འགྱུར་བརྒྱུད་ལམ་ཁག་དང་མང་ཚོགས་ཁྲོད་ཚ་ཚ་འུར་འུར་གྱིས་སྐབས་གསུམ་པའི་བཀའ་བློན་ཁྲི་པ་དང་སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་སྐོར་གླེང་སློང་ཡོང་གི་ཡོད་ནའང་། སྐབས་སྔོན་མ་དང་བསྡུར་ན་འོས་བསྡུའི་དེབ་སྐྱེལ་བྱས་པའི་མི་ ༦༦༧༨ ལས་འཕར་མེད་པ་འདིས། བོད་མི་རྣམས་ཀྱིས་ཐེངས་འདིར་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུའི་ཁྲོད་ཆ་ཤས་ཇི་ལྟར་ལེན་མིན་ཐད་དོགས་གནས་སུ་གྱུར་ཡོད།
ཐེངས་འདིར་དེབ་སྐྱེལ་བྱེད་མཁན་རྒྱ་བལ་འབྲུག་གསུམ་ནང་མི་ ༧༠༣༣༩ དང་ཨ་རི་དང་ཁ་ན་ཌར་མི་ ༥༩༠༤ ། ཡུ་རོབ་ཁུལ་དུ་མི་ ༢༦༨༨ ། ཐེ་ཝན་དང་ཉི་ཧོང་། ཨུ་རུ་སུ་སོགས་རྒྱལ་ཁབ་གཞན་དུ་མི་ ༥༡༨ བཅས་ཀྱིས་དེབ་སྐྱེལ་བྱས་ཡོད་སྟབས། ད་ལྟ་འོས་བསྡུའི་དེབ་སྐྱེལ་ཟིན་པའི་མི་ ༧༩༤༤༩ ནི་ཉིན་གསུམ་རྗེས་ཀྱི་བཀའ་སྤྱིའི་སྔོན་འགྲོའི་འོས་བསྡུ་ཆེན་མོའི་ཁྲོད་ཆ་ཤས་ལེན་མཁན་དང་རང་གི་ཐོབ་ཐང་དང་བཙན་བྱོལ་གྱི་མང་གཙོ་ལོངས་སུ་སྤྱོད་མཁན་དག་ཡིན།
དེ་རིང་འདི་གའི་གསར་འགོད་པས་གངས་སྐྱིད་དུ་གནས་སྡོད་ཨ་ད་བསོད་ནམས་རྡོ་རྗེ་ལགས་སུ། བཀའ་སྤྱིའི་སྔོན་འགྲོའི་འོས་བསྡུའི་སྐོར་ལ་གྲ་སྒྲིག་གང་འདྲ་བྱས་མིན་སྐོར་དྲིས་པར་ཁོང་གིས་གསུངས་དོན། ད་ལྟ་ཚོགས་པ་སྒྲིག་འཛུགས་མང་བོ་ཞིག་གིས་གང་སར་བཀའ་སྤྱིའི་འོས་མི་མང་བོ་བཀྲམས་ཀྱིན་འདུག་ཀྱང་། ངས་ཁ་སང་སྔོན་མ་ནས་བསམ་བློ་བཏང་སྟེ་གྲ་སྒྲིག་ལེགས་པོ་བྱས་ཟིན། དེར་བརྟེན་ངས་རང་གིས་གྲ་སྒྲིག་གང་བྱས་པ་རྣམས་འཚམ་ཤོས་སུ་མཐོང་གི་ཡོད་ལ་ཁོང་ཚོར་འོས་ལྡུག་གི་ཡིན་ཞེས་གསུངས། དེ་ལྟར་ཁོང་གིས་རང་གི་དཔྱད་སྟོབས་དང་། མིག་དང་རྣ་བཅས་ལ་ཡིད་ཆེས་གཙང་མས་ཁེངས་ཏེ་འོས་བསྡུའི་ཁྲོད་ཞུགས་རྒྱུར་གྲ་སྒྲིག་གནང་འདུག
ལྷོ་ཕྱོགས་དགའ་ལྡན་དགོན་གྱི་གྲྭ་ངག་དབང་ལགས་ཀྱིས། ངས་རང་གིས་གྲ་སྒྲིག་གང་འདྲ་བྱུང་མིན་སྐོར་གསལ་བོར་ཞུ་ཤེས་ཀྱི་མི་འདུག ད་ལྟ་ངས་གསལ་བསྒྲགས་ཁག་ལ་བལྟས་ཏེ་མི་ཚང་མའི་དངོས་ཡོད་གནས་ཚུལ་གྱི་ལོ་རྒྱུས་རྒྱབ་ལྗོངས་ལ་ལྟ་གི་ཡོད། རྒྱབ་ལྗོངས་ཀྱི་ལོ་རྒྱུས་གསལ་བོ་མ་ཤེས་ན་འོས་ལྡུག་རྒྱུར་ཉེན་ཁ་མཐོང་གི་འདུག་ཅེས་དང་། གང་ལྟར་མི་གཞན་གྱི་རྗེས་སུ་འབྲང་སྟེ་མི་འདི་དང་གན་ལ་འོས་བླུགས་ན་ཡག་གི་རེད་ཟེར་བའི་རིགས་ལ་གཏན་ནས་ཉན་གི་མིན་ཞེས་གསུངས། དེ་ལྟར་ཁོང་གིས་ཉིན་གསུམ་ལས་མེད་པའི་སྐབས་འདིར་ཡང་གྲ་སྒྲིག་ཆ་ཚང་བྱས་མེད་ཀྱང་། གཙོ་བོ་མི་གཞན་གྱི་ཟེར་རྗེས་འབྲང་གི་མིན་ཟེར།
ཡང་གསར་འགོད་པས་ཁ་པར་བརྒྱུད་ལྷོ་ཕྱོགས་སྦེལ་ཀོབ་བོད་ཁྱིམ་གྱི་བོད་དགེ་ཡེ་ཤེས་སྒྲོལ་མ་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས་གསུངས་དོན། དེང་སྐབས་དྲ་རྒྱ་དང་ཚགས་ཤོག བརྙན་འཕྲིན་དང་རླུང་འཕྲིན། ཚོགས་པ་སྒྲིག་འཛུགས་ཁག་དང་མི་སྒེར་བཅས་ཀྱིས་བཏོན་པའི་འོས་མི་ཧ་ཅང་མང་བོ་འདུག ངས་དེ་ཚོར་བལྟས་ཏེ་ཉམས་ཞིབ་བྱས་པ་བརྒྱུད་བཀའ་སྤྱི་གཉིས་ཀྱི་གང་ཡིན་རུང་སྔོན་ཆད་ལས་ཀ་ག་རེ་བྱས་འདུག ད་ལྟ་ཕྱག་ལས་ག་རེ་གནང་གི་འདུག སྔོན་ཆད་གནང་མྱོང་བའི་ཕྱག་ལས་དག་ལས་གཞུང་སྒེར་ལ་ཕན་ཐོགས་གང་འདྲ་བྱུང་ཡོད་མེད། དེ་བཞིན་མི་རང་གི་ཤེས་ཡོན་དང་འཇོན་ཐང་། ལྷག་བསམ་བཅས་ལ་བརྟག་སྟེ་འོས་མི་ལེགས་པོ་དེ་འདྲ་བདམས་ཡོད་ལ། དེ་ཚོར་འོས་ལྡུག་གི་ཡིན་ཞེས་གསུངས། དེ་ལྟར་ཁོང་གིས་ཡུན་རིང་བརྟག་དཔྱད་གནང་བ་བརྒྱུད་བཀའ་སྤྱི་གཉིས་ཀྱི་འོས་མིར་མི་ཤེས་འཇོན་ཅན་དང་ཉམས་མྱོང་ཅན། བློ་འཁེལ་ཆོག་པ་དེ་འདྲར་འོས་ལྡུག་རྒྱུར་གྲ་སྒྲིག་ཟིན་འདུག
འདི་གའི་གསར་འགོད་པས་དེ་རིང་འོས་བསྡུ་ལྷན་ཁང་གི་འགན་འཛིན་ལས་རོགས་དགེ་བཤེས་རིན་འཛིན་ཆོས་གྲགས་ལགས་སུ། བཀའ་སྤྱིའི་སྔོན་འགྲོའི་འོས་བསྡུ་བྱ་རྒྱུར་ཉིན་གསུམ་ལས་མེད་པའི་སྐབས་འདིར་ངྷ་ས་དབུས་འོས་བསྡུ་ལྷན་ཁང་དང་ས་གནས་ཁག་གི་འོས་བསྡུའི་གྲ་སྒྲིག་གང་འདྲ་བྱུང་ཡོད་མེད་སྐོར་དྲིས་པར་ཁོང་གིས་གསུངས་དོན། ད་ལྟ་མི་མང་གིས་འོས་ལྡུག་རྒྱུ་མ་གཏོགས་དབུས་འོས་བསྡུ་ལྷན་ཁང་དང་ས་གནས་ཁག་བཅས་ཚང་མས་གྲ་སྒྲིག་ཆ་ཚང་བྱས་ཟིན། ད་ལོར་ད་དུང་དམིགས་བསལ་གྱིས་བོད་མིའི་ཁྲོམ་ས་ཁག་ ༡༡ དང་མཐོ་སློབ་ཁག་ ༥ ཙམ་ལ་འཕྲལ་སེལ་གྱི་འོས་བསྡུ་ལས་ཁུངས་བཙུགས་ཡོད། ཅེས་གསུངས།
གསར་འགོད་པ། ཨ་རིག་འགྱུར་མེད། པར་བ། དཔལ་ལྡན།
མི་༨༨༦༣ ནང་གི་གཅིག་ང་ཡིན་ལ། རྒྱུ་མཚན་སྤྱན་རེ་གཟིགས་སྐུ་ཁྲོ་བོར་མ་གཞེངས་བར་དུ་མི་རབ་སྟག་འདྲ་ཞིག་གམ་མི་སྡུག་ཝ་འདྲ་ཞིག་སུ་ལ་ཁེལ་ཀྱང་ཁྱད་པར་མི་འདུག་སྙམ་པ་ཡིན། བོད་དོན་ལ་འགན་སེམས་མེད་པ་ག་ལ་ཡིན་ཏེ་ཟ་ཁང་གི་ལས་ཀའི་ཁོམ་སྐབས་མ་བྱུང་བ་མ་གཏོགས་བཀའ་ཁྲིར་དང་ལེན་གྱི་བསམ་པ་ཡང་ཡོད།
གསར་འགོད་པ་ལགས། ང་ལ་གྲ་སྒྲིག་ཡོད། ང་མདོ་ཁམས་སྡེ་དགེ་བ་ཞིག་ཡིན།
༡ འཇུ་ཆེན་དཀོན་མཆོག སྡེ་དགེ། རྡ་ས། སྤྱི་འཐུས།
༢ གཡུང་དྲུང་རྒྱལ་མཚན། ཁྱུང་པོ། བལ་ཡུལ། སྤྱི་འཐུས།
༣ བདེ་བ་ཚང་རྡོ་རྗེ་དབང་འདུས། ལི་ཐང་། ལྡི་ལི། སྤྱི་འཐུས།
༤ གསེར་རྟ་ཚུལ་ཁྲིམས། གསེར་རྟ། རྡ་ས། སྤྱི་འཐུས།
༥ སྨར་ཁམས་ཆོས་འཕེལ། སྨར་ཁམས། སྦེལ་ཀོབ། ཆུ་སྒང་དབུས་རྒྱུན།
༦ སྒ་པ་ལྷ་མོ། སྒ་པ། ཀ་ལ་མཎ་གྲུ། ཆུ་སྒང་དབུས་རྒྱུན།
༧ སྐལ་བཟང་རྒྱལ་མཚན། འབའ་བ། རྡ་ས། སྤྱི་འཐུས།
༨ གོ་བོ་བློ་བཟང་ཕན་བདེ། འབའ་བ། མོན་གྷོ། རང་བདེན་ཚོགས་གཙོ།
༩ ཀརྨ་མཁས་གྲུབ། རི་བོ་ཆེ། ཨོ་རི་ས། ཆུ་སྒང་དབུས་རྒྱུན།
༡༠ བ་ར་ཚེ་དབང་བཀྲིས། ཧོར་སྦྲ་ཆེན། བོན་གཞིས། རང་བདེན་ཚོགས་གཙོ།
བཅས་ཡིན། འདིའི་ནང་མི་རྒན་གཞོན་ཆ་སྙོམས་པ་དང་། སྤྱི་འཐུས་བརྒྱ་ཆ་ ༥༠ འཕོ་འགྱུར་གཏོང་འཆར་ཡིན།
གསར་འགོད་པ་ཨ་རིགས་ལ། ང་ལ་བཀའ་སྤྱིའི་འོས་མི་སྔོན་མ་ན་གྲ་སྒྲིག་ཡོད།
ང་རང་མདོ་སྟོད་པ་ཞིག་ཡིན་སྟབས། ངའི་བཀའ་སྤྱིའི་འོས་མི་རྣམས་བཤམ་གསལ་ལྟར་ཡིན།
ངའི་བཀའ་བློན་ཁྲི་པའི་འོས་མི། བློ་བཟང་སེང་གེ
ང་རང་གི་སྐུ་ཚབ་འཐུས་མི།
༡ འབའ་བ་སྐལ་བཟང་རྒྱལ་མཚན།
༢ དབུ་དཀར་ཚང་གཡུ་སྒྲོན།
༣ ཆོས་སྐྱོང་དབང་ཕྱུག
༤ ཚུལ་ཁྲིམས་བསྟན་འཛིན།
༥ སྒྲོལ་མ་ལྷ་མཚོ།
༦ གསེར་རྟ་ཚུལ་ཁྲིམས།
༧ འཇམ་དབྱངས་ནོར་བུ།
༨ བསོད་ནམ་དབང་འདུས།
༩ དངོས་གྲུབ།
༡༠ བསོད་ནམ་བཟང་པོ། བཅས་ཡིན།
གྲ་སྒྲིག་ལོས་ཡོད། རང་གི་མགོ་བོ་གཞན་འོག་ཏུ་མི་ཚུད་པའི་ཆེད་ལ་གྲ་སྒྲིག་གང་ལེགས་བྱས་ཡོད།
སྐབས་གསུམ་པའི་བཀའ་ཁྲི་གཅིག་དང་སྐབས་བཅོ་ལྔ་པའི་སྤྱི་འཐུས་བཅུ་ཐམས་པ་འོས་བླུགས་རྒྱུར་གྲ་སྒྲིག་ཨང་གསར་ཡོད་ད། ཕྱི་ཟླ་བཅུ་བའི་ཚེས་གསུམ་ཉིན་ཞོགས་པ་ཆུ་ཚོད་དགུ་ཐོག་ལམ་སང་བླུགས་རྒྱུ་ཡིན།
ཐེ་ཝན་ནང་ལ་ཉུང་མཐར་བོད་པ་ ༣༠༠ སྐོར་ཡོད་རེད། ཉི་ཧོང་ནང་ ༢༥༠ ལྷག་ཅིག་ནི་ཏན་ཏན་འདུག ཨོ་སི་ཊི་ལི་ཡར་ ༧༠༠ བརྒལ་བ་ཞིག་ནི་ཡོད་ངེས་རེད། ནིའུ་ཛི་ལན་ཌི་ལ་ཕལ་ཆེར་ ༡༠༠ ལྷག་ཡོད་རེད། ལྷོ་ཀོ་རི་ཡའི་ནང་ལའང་ ༡༠༠ ལས་མི་ཉུང་བ་འདུག ཐའི་ལན་ཌིའི་ནང་ལ་བོད་པ་གཞོན་སྐྱེས་ཤ་སྟག་ ༣༧ ཙམ་ཡོད་པ་ང་རང་གིས་ཤེས། དེ་ཚོ་དང་མཉམ་དུ་ཟ་མ་ཞིག་བཟའ་མྱོང་། འདི་ཚོར་སྤྱི་འཐུས་འོས་བསྡུའི་ཐོབ་ཐང་ཡོད་མ་རེད། ལྷག་པར་དུ་ཐའི་ལན་ཌི་དང་ལྷོ་ཀོ་རི་སོགས་ས་གནས་མང་པོ་ཞིག་ལ་འོས་བསྡུའི་དེབ་སྐྱེལ་བྱེད་ས་དང་། འོས་ལྡུག་ས་ཁོ་རང་ཡོད་མ་རེད། དེར་བརྟེན། ངའི་ཚོད་དཔག་བྱས་ན། དེབ་སྐྱེལ་མི་བྱེད་མཁན་མང་པོ་ཞིག་འདི་ཁུལ་ལ་ཡོད་རེད།
ཁྱེད་ལ་བཀའ་སྤྱིའི་འོས་གཞི་གྲ་སྒྲིག་ཡོད་དམ་ཟེར་ན་ཡོད་དང་ཡོད། ཟམ་གདོང་བླ་མ་ཐེངས་གཉིས་པ་བཞེངས་སྐབས་ནས། སྐབས་གསུམ་པའི་བཀའ་ཁྲི་གཅིག་དང་སྐབས་བཅོ་ལྔ་པའི་སྤྱི་འཐུས་བཅུ་ཐམ་པ་བདམས་སྒྲུག་བརྒྱབ་ནས་འབའ་ཁུག་ནང་ཉར་བསྡད་ཡོད། ད་ཡིན་ན་བཙའ་རྒྱག་གྲབས་བྱས་འདུག