མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་བའི་བཀའ་དང་འགལ་ཡང་ཐུགས་དང་འགལ་མེད།

བོད་ཀྱི་དུས་བབ།
༢༠༡༠/༡༠/༠༨
Share on FacebookShare on TwitterShare on EmailShare on Whatsapp
༧གོང་ས་མཆོག་གིས་ལམ་དབུ་མའི་སྐོར་བཀའ་གནང་དུས་ཐུགས་མཉེས་པོའི་སྒོ་ནས་བཀའ་གནང་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད། སྐུ་ངལ་མཛད་དཀའ་ཆེན་པོ་ཞིག་འཕྲད་དེ་བཀའ་གནང་བ་རེད། དེའི་ཐད་ནས་བལྟས་ན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལམ་དབུ་མ་དང་མི་མཐུན་པའི་ཐོག་ནས་བོད་རང་བཙན་གྱི་ལྟ་བ་མུ་མཐུད་དེ་འཛིན་དགོས་ཀྱི་འདུག་ཟེར་བ་དེ། རྒྱལ་བའི་བཀའ་དང་འགལ་ཡོད་ནའང་རྒྱལ་བའི་ཐུགས་དང་འགལ་མེད་ཟེར།
ཕྱི་ཚེས་ ༧ ཉིན་བོད་གཞུང་ཟློས་གར་ཐང་ཆེན་དུ་ངྷ་ས་བོད་ཀྱི་གཞོན་ནུ་ཚོགས་པས་གོ་སྒྲིག་འོག བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ཏེ་ལོ་ ༤༡ འཁོར་བའི་དུས་དྲན་སྲུང་གཙི་བྱས་ཡོད་ཅིང་། མཛད་སྒོའི་སྐུ་མགྲོན་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་བ་ལྷ་བཟང་ཚེ་རིང་ལགས་དང་དབུས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་སྤོ་ཆུང་ཚང་དོན་གྲུབ་ལྷ་དར། བོད་གཞུང་ཟློ་གར་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་བཅས་ཕེབས་ཡོད།
མཛད་སྒོའི་ཐོག་བོད་རང་བཙན་འཐབ་རྩོད་པ་དང་གཞོན་ནུའི་ཚོགས་གཙོ་ཟུར་བ་ལྷ་བཟང་ཚེ་རིང་ལགས་ཀྱིས། བོད་ཀྱི་རྩ་དོན་དང་བོད་ཀྱི་གཞོན་སྐྱེས་ཀྱི་འགན་འཁྲི་ཞེས་པའི་བརྗོད་གཞིའི་ཐོག་གསུངས་བཤད་གནང་དོན། བོད་ཀྱི་རྩ་དོན་ཟེར་དུས་ཐོག་མར་ང་ཚོས་རྩ་དོན་དེ་གང་འདྲ་ཞིག་ལ་ངོས་འཛིན་བྱེད་གི་རེད། དུས་རྒྱུན་མང་བོ་ཞིག་གིས་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་པ་དེ་ང་ཚོའི་རྩ་དོན་ཡིན་ཟེར་བ་དང་། གཞིས་བྱེས་མི་མང་མཉམ་འཛོམས་ཡོང་རྒྱུ་དེ་ང་ཚོའི་རྩ་དོན་ཡིན་ཟེར་བ། དེ་བཞིན་གཞི་རྒྱ་ཆེ་ས་ནས་༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་རྒྱུ་དེ་ང་ཚོའི་རྩ་དོན་ཡིན་ཟེར་གི་ཡོད་མོད། མཐར་འབབ་ས་དེ་བོད་ཀྱི་རང་ས་རང་ཡུལ་དེ་བོད་མི་རྣམས་བདག་དགོས་ཀྱི་འདུག དེ་ལས་བརྒལ་བའི་རྩ་དོན་ཞིག་ང་ལྟ་བུ་ཞིག་གིས་མཐོང་ཐུབ་ཀྱི་མི་འདུག
ཡང་རང་ཡུལ་རང་ལ་བདག་དགོས་ཀྱི་འདུག་ཟེར་དུས། ཆོས་དང་རིག་གཞུང་སྲུང་སྐྱོབ་ལྟ་བུ་ཡིན་ན་རིག་གཞུང་ལ་ཆ་ཤས་མང་བོ་ཡོད་ལ། སྐབས་དང་དུས་ལ་འགྱུར་བ་འགྲོ་གི་ཡོད། དཔེར་ན། བོད་ལྭ་གྱོན་པ་ང་ཚོའི་རིག་གཞུང་རེད་དམ། རྩམ་པ་ཟ་བ་ང་ཚོའི་རིག་གཞུང་རེད་དམ། ངས་འདི་ལྟར་བསམ་དུས་རིག་གཞུང་གི་ཆ་རྐྱེན་མང་བོ་ཞིག་ཡོད་མོད།   གཞི་རྩའི་བོད་ཀྱི་རིག་གཞུང་ཟེར་བ་དེ་བརྟན་པོར་ཉར་རྒྱུར་ཐུག་ས་གཅིག་ཡོད་པ་ནི་སྐད་ཡིག་ཡིན། དཔེར་ན་ཕྲེང་བར་ཕྲེང་རྡོག་བརྒྱ་དང་བརྒྱད་ཡོད་ནའང་། སྐུད་པ་མེད་ན་ཕྲེང་བ་མེད་ལ། ཕྲེང་རྡོག་སྟོང་ཕྲག་ཡོད་ནའང་སྐུད་པ་མེད་ན་ཕྲེང་བ་མེད་པ་ལྟར། ང་ཚོར་རིག་གཞུང་གི་ཆ་ཤས་མང་བོ་ཡོད་པ་ལས་སྐད་ཡིག་བརླག་ན་དེ་རིག་གཞུང་གི་སྲོག་རྩ་རེད་ལ། དེ་ཉམས་ན་ཚང་མ་ཉམས་འགྲོ་གི་རེད།
དེ་བཞིན་རང་ཡུལ་རང་ལ་བདག་དགོས་པ་དང་། བོད་དེ་བོད་ལ་བདག་དགོས་པར་ཆབ་སྲིད་ཀྱི་ངོས་ནས་བསམ་བློ་བཏང་ན། རང་བཙན་དེ་རྒྱལ་ཁབ་ཀྱི་སྲོག་རྩ་རེད། རང་བཙན་མེད་པའི་རྒྱལ་ཁབ་ཅིག་ཡིན་ན་རྒྱལ་ཁབ་དེ་ཤི་ཚར་བ་རེད། དེར་བརྟེན་ང་ཚོས་རང་བཙན་ཞེས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་འགྱུར་བ་མེད་པའི་ལངས་ཕྱོགས་ཤིག་འཛིན་དོན། ངས་ནི་རྩ་དོན་གྱི་ཐུག་ས་དེ་ཕྱོགས་གང་ནས་བལྟས་ཀྱང་མཐའ་མར་བོད་རང་བཙན་ལ་ཐུག་གི་འདུག་ཟེར་གྱི་ཡོད། ཡང་བོད་རང་བཙན་བཤད་སྐབས་ཁག་ཅིག་གིས་ལམ་སང་དེ་༧གོང་ས་མཆོག་གི་བཀའ་དང་འགལ་བ་རེད། བོད་གཞུང་དང་མཐུན་གི་མི་འདུག་ཟེར་གི་རེད། ངས་ངོས་ནས་༧གོང་ས་མཆོག་གིས་ལམ་དབུ་མའི་སྐོར་བཀའ་གནང་དུས་ཐུགས་མཉེས་པོའི་སྒོ་ནས་བཀའ་གནང་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད། སྐུ་ངལ་མཛད་དཀའ་ཆེན་པོ་ཞིག་འཕྲད་དེ་བཀའ་གནང་བ་རེད། དེའི་ཐད་ནས་བལྟས་ན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལམ་དབུ་མ་དང་མི་མཐུན་པའི་ཐོག་ནས་བོད་རང་བཙན་གྱི་ལྟ་བ་མུ་མཐུད་དེ་འཛིན་དགོས་ཀྱི་འདུག་ཟེར་བ་དེ། རྒྱལ་བའི་བཀའ་དང་འགལ་ཡོད་ནའང་རྒྱལ་བའི་ཐུགས་དང་འགལ་མེད།
དེ་བཞིན་བོད་གཞུང་གིས་ལམ་དབུ་མའི་ཐོག་ནས་འབད་བརྩོན་གནང་གི་ཡོད་ནའང་། གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་དེ་འགྲིག་གི་མི་འདུག ང་ཚོའི་རྩ་དོན་དེ་མུ་མཐུད་རང་བཙན་གཙང་མའི་སྟེང་དུ་འབབ་དགོས་ཀྱི་འདུག་ཅེས་ཨུ་ཚུགས་རྒྱག་དོན། རྒྱུ་མཚན་མཐའ་མ་ནི་ལམ་དབུ་མ་མཐའ་གཅིག་ཏུ་འགྲིག་གི་མི་འདུག་ཟེར་གྱི་མེད་པར། དགོས་པ་དེ་རྒྱལ་ཁབ་སུ་དང་མི་རིགས་གང་ཡིན་ནའང་རང་གི་རྒྱལ་ཁབ་དེ་བདག་དགོས་ཀྱི་ཡོད་ནའང་། ཕྱིའི་ཆ་རྐྱེན་དང་དངོས་ཡོད་གནས་ཚུལ་མང་བོའི་ཐོག་ནས་བསམ་བློ་མ་འདྲ་བ་གཏོང་དགོས་ཡོང་གི་ཡོད་མོད། ང་ལྟ་བུ་ཞིག་གིས་ལམ་དབུ་མ་ཁས་ལེན་མ་ཐུབ་པའི་རྒྱུ་མཚན་གཙོ་བོ་དགྲ་བོ་རྒྱ་ནག་ལ་རེ་བ་དང་ཡིད་ཆེས་རྩ་བ་ཉིད་ནས་མེད་ཟེར་བ་དེ་ཡིན། ཞེས་གསུངས་ཡོད།
ཉིན་དེར་བོད་ཀྱི་དབུས་གཞོན་ནུ་ལྷན་ཚོགས་ཀྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ཏེ་བགྲང་བྱ་ ༤༡ འཁོར་བའི་དུས་དྲན་ཉིན་མོར་བོད་གཞིས་བྱེས་གཉིས་ལ་གསུང་འཕྲིན་ཞིག་ཕུལ་བའི་ནང་། ང་ཚོ་བོད་མི་ས་ཡ་དྲུག་ཐུན་མོང་གི་ནུས་ཤུགས་དོན་སྨིན་དང་འཐབ་རྩོད་ཀྱི་རྒྱལ་ཁ་ནམ་ཞིག་འཐོབ་མིན་གཙོ་བོ་གཞན་གྱི་རྒྱབ་སྐྱོར་དང་ངོས་འཛིན་ལ་རག་ལས་མེད་པར། ང་ཚོ་རང་གི་ཆིག་སྒྲིལ་དང་འགན་འཁུར་གྱི་ནུས་ཤུགས་ལ་རག་ལས་ཡོད། རྒྱ་ནག་གི་བཙན་འཛུལ་དང་དྲག་གནོན་འོག་རང་ཉིད་ཀྱི་ལུས་སྲོག་ལ་མནར་གཅོད་དང་འཇིགས་ཉེན་ཡོང་བ་ཤེས་བཞིན་དུ། གཞིས་ལུས་སྤུན་ཟླ་ཚོས་གཅིག་རྗེས་གཉིས་མཐུད་ཀྱིས་ལོ་ལྔ་བཅུའི་རིང་། རང་སྲོག་བློས་གཏོང་གིས་གོ་མཚོན་གྱི་སོ་ཁ་ནས་རང་བཙན་གྱི་མངོན་འདོད་དང་ཆོད་སེམས་ལ་འགྱུར་བ་མེད་པར་འཐབ་རྩོད་རྒྱུན་འཆང་དང་། ལྷག་པར་ ༢༠༠༨ ལོ་ནས་གཞིས་ལུས་ན་གཞོན་མི་རབས་གསར་བའི་དཔུང་ཁག་ཚོས་སྔར་བས་ཀྱང་། རྒྱལ་ཞེན་དང་སྙིང་སྟོབས་ཀྱི་ཆོད་སེམས་ཇེ་བརྟན་ངང་ཚེ་སྲོག་ལ་བརྟེན་ནས་བོད་རང་བཙན་སླར་གསོའི་འཐབ་རྩོད་ཚད་མཐོ་རུ་མདུན་སྐྱོད་གནང་བ་ནི། ང་ཚོའི་རྒྱལ་ཁའི་སྒོ་མོ་དང་མདུན་སྐྱོད་ཀྱི་འབོད་སྒྲ་ནུས་ལྡན་ཞིག་ཡིན་སྟབས། ང་ཚོས་ཀྱང་ངེས་པར་དུ་བོད་རང་བཙན་གྱི་བདེན་དོན་ཁུངས་སྐྱེལ་དང་སྲུང་སྐྱོབ། མ་འོངས་པར་བོད་རང་བཙན་སླར་གསོའི་རེ་བ་དང་ཆོད་སེམས་རྩ་འཛིན་གཅེས་ཉར་དགོས་པ་ལོ་རྒྱུས་ཀྱི་འགན་འཁྲི་དང་། ཐུན་མོང་གི་མདུན་ལམ་ཆགས་ཡོད་ཅེས་གསལ་ཡོད་ལ། ཡང་། ད་ཆར་བཙན་བྱོལ་བོད་མིས་ཆེས་ཛ་དྲག་གིས་འབད་བརྩོན་ལྷོད་མེད་དགོས་པ་ནི། རྒྱ་ནག་གི་འཛིན་བཟུང་འོག་རང་རིགས་བརྒྱ་ཕྲག་དུ་མས་མནར་གཅོད་མྱོང་བཞིན་པ་རྣམས་གློད་གྲོལ་ཐུབ་ཐབས་དང་། འབྱུང་འགྱུར་བཀའ་བློན་ཁྲི་པ་དང་སྤྱི་འཐུས་རྣམས་བོད་སྤྱིའི་འགན་འཁུར་ཚད་ལྡན་བཞེས་ཐུབ་མཁན་དང་ལྷག་བསམ་ཤེས་འཇོན་ཅན་ཞིག་འདེམས་ཐོན་ཡོང་སླད། ཚང་མས་ནུས་ཤུགས་ཆིག་སྒྲིལ་དགོས་པའི་འབོད་སྐུལ་ཤུགས་དྲག་ཞུ་རྒྱུ་ཡིན་ཞེས་གསལ་ཡོད།
ཉིན་དེར་ཀཱང་ར་རྫོང་ལག་རྩེད་སྤོ་ལོའི་རུ་ཁག་དང་ངྷ་ས་ལག་རྩེད་སྤོ་ལོའི་རུ་ཁག་གཉིས་ཀྱིས་ ༼ རྒྱ་བོད་མཐུན་འབྲེལ་གྱི་ལྒང་ལི་རྩེད་འགྲན་ ༽ བྱས་ཏེ། ཀཱང་ར་རུ་ཁག་གིས་སྐར་གྲངས་ ༦༦ དང་ངྷ་ས་རུ་ཁག་གིས་སྐར་གྲངས་ ༥༣ བསགས་ཏེ་ཀཱང་ར་རུ་ཁག་ལ་རྒྱལ་ཁ་ཐོབ་ཡོད། ལྷ་བཟང་ཚེ་རིང་ལགས་ཀྱིས། ང་ཚོས་ཡུལ་མི་དང་འབྲེལ་ལམ་ཡག་ཏུ་ཡོང་ཆེད་དེ་རིང་གི་རྩེད་འགྲན་འདི་ལྟ་བུ་གོ་སྒྲིག་བྱ་རྒྱུ་གལ་ཆེན་པོ་ཡིན་ནའང་། དུས་རྒྱུན་ནས་ཡུལ་མི་དང་འབྲེལ་ལམ་ཡག་པོ་ཡོང་བ་དང་ཚིག་རྩུབ་ཙམ་ཡང་མི་སྨྲ་རྒྱུ་གལ་ཆེན་པོ་རེད། ཅེས་གསུངས་ཡོད།  
 
གསར་འགོད་པ། ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

ཡུམ་ཆེན་གདུགས་དཀར་སྒྲོལ་མ་དང་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་། ཟླ་ཚེས་མི་གསལ།
Mobile App

ཧཱུྃ་ཀར་རྡོ་རྗེ་མཆོག་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་སྐུ་གྲོངས།

ཆུ་ཚོད་ ༢ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༥།༥།༡༢
༸གོང་ས་མཆོག གསར་འགྱུར།

འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས།

ཆུ་ཚོད་ ༣ སྔོན་ལ།
Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩

མཆན། 34

  1. ཕྱོགས་གླང། says:
    ལོ་ 15 སྔོན།

    བོད་མི་ས་ཡ་དྲུག་ལ་བདེ་སྐྱིད་འབྱུང་ཐབས་དང་། སྡུག་བསྔལ་ལས་སྐྱོབ་ཐབས། དེ་བཞིན་བོད་ཀྱི་རྩ་ཆེའི་རིག་གཞུང་ཆོས་དང་། སྐད་ཡིག། གོམས་གཤིས་བཅས་པ་ཉམས་རྒུད་འགྲོ་གི་ཡོད་པའི་ཛ་དྲག་གི་གནས་སྟངས་ལས་མྱུར་དུ་སྐྱོབ་ཐབས་བཅས་ཀྱི་ཆེད་དུ་དངོས་ཡོད་གནས་ཚུལ་དང་མཐུན་པ། ཕན་ཚུན་གཉིས་ཕན་དབུ་མའི་ལམ་གྱི་ཐོག་ནས་རྒྱ་བོད་ཞི་འགྲིགས་ཡོང་ཐབས་གནང་རྒྱུར་རྒྱ་ཆེའི་མང་ཚོགས་ཀྱི་རྒྱབ་སྐྱོར་ཡོད་པ་ལྟར་༧གོང་ས་མཆོག་ནས་ཞལ་ཞེ་གཉིས་མེད་ལྷག་བསམ་རྣམ་དག་ཡིན་སྐོར་འཛམ་གླིང་ནང་ཡོངས་ཁྱབ་གསལ་བསྒྲགས་ཐེང་མང་གནང་བ་ལྷག་བསམ་ཚེ་རིང་ལགས་ཀྱིས་ཤེས་ཀྱི་མེད་པ་འདྲ། སྨྲ་བརྗོད་རང་དབང་ཡིན་ཞེས་ཁ་ནས་ཐོན་ཚད་ཤོད་རྒྱུ་ཨེ་ཡིན།

    Reply
  2. ngawangtashi says:
    ལོ་ 15 སྔོན།

    ན་གཞོན་བོད་ཀྱི་སྲོག་རྩ་སྤུན་ཟླ་རྣམ་ལ་རེ་བསྐུར་ཞུ་རྒྱུ། ཁྱོད་རྣམས་ཀྱི་བོད་ཀྱི་སྤྱི་ཚོགས་ནང་དུ་སྤྱི་ཚོགས་ལ་ཕན་ཐོགས་ཕྱོགས་མང་པོ་ནས་མཐོང་རྒྱུ་ཡོད་པ་མ་ཚད་ཕྱག་ལས་ཡག་པོ་གནང་གི་འདུག་པས་སྙིང་ནས་ཐུག་རྗེ་ཆེ་ཞུ། ཡིན་ན་ཡང་མི་ངན་ཕྱི་ནང་གཉིས་ལ་ལྟ་ས་གང་ཡང་མེད་པས་ག་དུས་ཡིན་ན་ཁ་སྟོང་པ་གི་སྐད་ཆ་བཤད་མཁན་ལྷག་བཟང་་ཁོང་གིས་ཕྱོགས་སུ་མ་ལྷོང་པར་བོད་ཀྱི་རྩ་དོན་དང་ཆོས་དང་རིགས་གཞུང་སྲུང་སྐྱོབ་༧གོང་ས་མཆོག་བཀའ་དགོངས་དང་མི་འགལ་བ་ཕྱག་ལས་གནང་བའི་རེ་འདུན་ཞུ.༎
    བཀྲ་ཤིས་ནས

    Reply
  3. ཨ་མཆོད་འཇམ་ཚུལ། says:
    ལོ་ 15 སྔོན།

    དུས་བབས་དང་བང་ཆེན་གྱིས་མགོ་བརྗོད་དེ་ལྟར་བཀོལ་བའི་རྒྱུ་མཚན་དེ་དག་ལ་འདྲི་དགོས། ཚགས་པར་ལྟ་ཀློག བྱ་མཁན་མང་བ་ཡོང་ཆེད་དུ་ཡིན་སྲིད། འདི་སྐྱོན་ཆེན་ཞིག་མིན་སྙམ་གྱི་ཡོད།

    Reply
  4. སྐར་མདའ། says:
    ལོ་ 15 སྔོན།

    མཁས་པས་བཤད་ན་ཅི་ཡང་བདེན༎
    སྙན་ངག་ཁ་ལ་ཅི་ཡང་མཛེས༎
    ཞེས་པའི་དཔེ་བཞིན་གང་གོ་བ་དང་གང་ཐོས་པ་དེ་དག་ཚང་མ་དྲ་ཐོག་ལ་བཀོད་པ་ཡིན་ན་ཏོག་ཙམ་འགྲིག་གི་ཡོད་ན་བསམ་པའི་བསམ་བློའི་མདོ་རིག་རྟ་བོ་ལ་སྲབ་ཀྱིས་ཅུང་ཙམ་གཅུན་ནས་ཤོད།

    སྤྱིར་བཏང་གི་བསམ་བློའི་རིག་རྩལ་མངོན་སའི་རྩེད་རིག་གི་ཐང་ཆེན་ཡངས་པོ་འདིར་རང་སྐྱ་འཕེལ་བ་དང་། རང་སྐྱ་མ་འཕེལ་གང་དང་གང་ཡིན་ནའང་ཐམས་ཅད་འཛུལ་ཞུགས་བྱེད་ཆོག་པའི་ཐོབ་ཐང་ཡོད་པ་རེད།

    ཡིན་ན་ཡང་ཐོབ་ཐང་ཡོད་བསམ་བའི་ཐོབ་ཐང་དེ་ལོག་པར་བེད་སྤྱོད་བཏང་བ་ཡིན་ན། ཕན་འབྲས་བཟང་བ་ལས་ངན་པའི་ཕྱོགས་ལ་མི་འགྲོ་བའི་ངེས་པ་མེད་སྙམ།
    དེ་འདྲ་སོང་ཙང་། ཀུན་ཀྱི་འདིའི་ཕྱོགས་ལ་བསམ་བློ་རྣལ་དུ་ཕབ་ནས་དོན་སྙིང་ལྡན་པའི་ཚིག་འགའ་འབྲི་ཐུབ་ན་ཅི་འདྲའི་མི་བཟང་ངམ།

    དོན་སྙིང་ལྡན་པ་ཞེས་པའི་ཚིག་དེ་ནི་ཀུན་མཐུན་གསེར་གྱིས་ཐག་པས་ཕྱོགས་གཅིག་ཏུ་དཀྱིག་ཐུབ་པ་ཡིན་ན་ད་གཟོད་ཀུན་མཐུན་ལས་ཀྱི་རྩ་བ་བརྟན་པོར་མི་ཆགས་རང་ཆགས་རེད།

    གཙོ་བོ་འདི་འགྲིག་དང་འདི་མ་འགྲིག་ཅེས་པའི་སྐད་ཆ་དེ་ཤོད་ཆོག་ཆོག་ག་ནས་ཡིན།

    བོད་མི་མི་རེ་ངོ་རེ་ལ་འགན་ཁུར་ལྗིད་ཁོག་ཅན་རེ་ཚང་མའི་ཕྲག་སྟེང་དུ་ཡོད་པ་ཚང་མས་བརྗེད་ག་ལ་ཡོད།

    ༸གོང་ས་མཆོག་གི་ཐུགས་དགོངས་དང་འགལ་མ་འགལ་གྱི་སྐད་ཆ་དེ་ཚོ་ཤོད་རྒྱུར་གཟབ་གཟབ་བྱས་ན་ལེགས་སམ།

    མི་རང་ཉིད་ལ་འཇོན་ཐང་ཡོད་ན་༸གོང་ས་མཆོག་ཁ་ལ་འཁྱེར་དགོས་ཡོད་དམ།

    Reply
  5. འདྲེ་རྣམ་རྒྱལ། says:
    ལོ་ 15 སྔོན།

    དྲ་གྲོགས་རྣམས་ལ་ཞུ་རྒྱུར།
    སྤྱིར་གཞོན་ནུ་ཚོགས་པའི་བོད་མི་རིགས་ཀྱི་ཆེད་ཕྱག་ལས་མང་པོ་ཞིག་སྐུ་ངལ་འཛེམ་མེད་ཀྱི་ཐོག་ནས་གནང་ཡོད་རེད་ལ་དེ་ཚོ་རྗེས་སུ་ཡི་རིང་ཞུ་འོས་པ་ཞིག་རེད།
    འོད་ཀྱང་གཞོན་ལྷན་གྱི་ལངས་ཕྱོགས་དང་ལྟ་གྲུབ་ཀྱི་ཐོགས་ནས་བཤད་ན་འགྲིགས་མིན་མི་ཤེས་ཏེ་གང་ལྟར་དབུ་མའི་ལམ་ལ་རྟེན་རྟེན་གནོད་ཀྱི་འདུག དེར་རྒྱུ་མཚན་མང་པོ་འདུག་ཏེ་འདིར་བརྗོད་པ་ལ་དགོས་པ་མི་འདུག་གང་ལྟར་ངའི་རེ་་བ་ལ་གཞོན་ལྷན་གྱི་ལངས་ཕྱོགས་དེ་དབུ་མའི་ལམ་ལ་སྒྱུར་ན་དངོས་ནས་ནུས་པ་ཐོན་ས་རེད།

    Reply
  6. མཐུ་སྟོབས། says:
    ལོ་ 15 སྔོན།

    དྲ་གྲོགས་ཨ་མཆོད་འཇམ་ ཚུལ། ལྷ་བཟང་ཚེ་རིང་ནས་༸གོང་ས་མཆོག་གི་དགོངས་གཟིར་ལོག་འགྲེལ་བྱ་གི་མེད་ཚེ། བོད་ཀྱི་བང་ཆེན་དང་དུས་བབ་གསར་ཁང་གི་མི་མང་གི་ཁྲོད་དུ་ཆེད་དུ་མངགས་ནས་དཀྲོག་གཏམ་སྤེལ་གྱི་ཡོད་ས་རེད། ཁོ་པས་བཤད་པའི་སྐད་ཆ་དེ་དག་ཁྲོད་ནས་བཀའ་དང་འགལ་ཡང་ཐུགས་དང་མི་འགལ་ཞེས་པ་དེ་ཡིན་གཅིག་འགོ་བརྗོད་དུ་འཇོག་དགོས་དོན་གང་ཡིན་ནམ། ཚགས་པར་ལྟ་ཀློག བྱ་མཁན་མང་ བ་ཡོང་ཆེད་དུ་རེད་དམ། མི་མང་ཁྲོད་དཀྲོག་གཏམ་སྤེལ་རྒྱུའི་ཆེད་དུ་རེད། ང་ཚོའི་རང་དབང་ལྡན་པའི་གསར་འགྱུར་བརྒྱུད་ལམ་ཁག་ཅིག་ནི་བོད་མི་ནང་ཁུལ་དུ་དཀྲུག་ཤིང་བཟོ་ཐུབ་ཙམ་ལས་རྒྱ་མིར་བརྡ་ལན་བྱ་རྒྱུའི་ནུས་པ་གང་ཡང་མེད་པ་དེ་རེད། གཙོ་བོ་བོད་པའི་གསར་འགོད་པ་ཚོར་དྲང་ཚུགས་ལྡན་པ་བྱ་རྒྱུའི་གསར་འགོད་པའི་དམིགས་བསལ་སློབ་སྦྱོང་མེད་པར་བོད་ཡིག་གོ་བརྡ་འཕྲོད་ངེས་ཤིག་དང༌། རྩོམ་ལེགས་ཙམ་ཤེས་ཚེ་དེ་གསར་འགོད་པ་བྱ་གི་ཡོད་སྟབས་ཁོང་ཚོས་དམིགས་འབེན་གང་དུ་ཡོད་མེད་དེ་མ་ཚོར་བར་རྟག་ཏུ་ཁ་ནང་དུ་གཏད་དེ་སོ་སོའི་མང་ཚོགས་དང་སྤྱི་ཚོགས་ནང་འགལ་ཟླ་དང་གླེང་སློང་སྤེལ་ཐུབ་ཙམ་ལས་ཕར་ཕྱོགས་དགྲ་བོ་རྒྱ་མི་དམར་པོའི་འཁྱོག་བཤད་དེ་དག་ལ་ལན་འདེབས་དང་གསལ་བཤད་བྱ་རྒྱུའི་ཤེས་ཡོན་དང་ནུས་པ་མེད་པའི་ཆ་ནས་ད་ལྟའི་ལྷ་བཟང་ཚེ་རིང་གི་སྐད་ཆའི་ཚིག་དུམ་དེ་བོད་ཀྱི་དུས་བབས་དང་བང་ཆེན་གསར་ཤོག་ནས་ཚིག་གི་གཙོ་བོར་འཛིན་ཏེ་ཕན་ཚུན་ལེབ་བཤུས་བྱས་རྗེས་རང་གི་ནུས་པ་ཡོད་མདོག་བྱ་གི་ཡོད་པ་ནི་ངོ་ཚ་དགོས་པ་ཞིག་རེད། དེ་བས་ཀྱང་ཁྱོད་ལྟ་བུ་གཅིག་ཤེས་ཀྱི་ཡོད་མདོག་བྱ་མཁན་དེ་ཚོས་དགོས་པའི་དགྲ་བོ་རྒྱ་མི་དམར་པོའི་ད་ལྟའི་དྲིལ་བསྒྲགས་བྱེད་པའི་འཁྱོག་བཤད་དེ་དག་ལ་ལན་འདེབས་བྱ་རྒྱུའི་ནུས་པ་རྦད་དེ་ཟད་པའམ་མེད་པའི་དུས་སུ་རྟག་ཏུ་ཁ་ནང་དུ་སྐོར་ཏེ་བོད་མི་ནང་ཁུལ་དུ་གཤེ་གཤེ་གཏོང་བ་དང༌། འཁྱོག་བཤད་དང་འར་གཏམ་ལ་དགའ་བའི་སྐྱེ་བོ་དེ་ཚོར་ཆེ་བསྟོད་བྱས་ཏེ་ང་ཚོའི་སྤྱི་ཚོགས་དེ་ལོག་ལམ་དུ་འཁྲིད་བཞིན་པ་དེ་དག་འགྱུར་བ་གཏོང་དགོས་ཀྱི་འདུག་པ་ལས། བོད་མིའི་ཁྲོད་རྩོམ་སྒྲིག་པ་ཡིན་མདོག་བྱ་མཁན་དེ་ཚོས་དངོས་སུ་དགྲ་བོའི་ཁ་གཏད་དུ་ཐོན་མ་ཐུབ་པ་དེ་ཚོ་ནི་བོད་ནང་གི་ཤེས་ཡོན་ཅན་པ་ཚོར་ཡང་ངོ་ཚ་དགོས་པ་ཞིག་མི་འདུག་གམ།

    Reply
  7. རིག་པ། ༡༠༨ says:
    ལོ་ 15 སྔོན།

    ང་ཚོས་སྐད་ཆ་ཇི་ལྟར་བཤད་རུང་གཞིས་བྱེས་བོད་མིའི་གཞི་རྩའི་ཤེས་ཚད་གོང་འཕེལ་གཏོང་མ་ཐུབ་ཚེ།་རང་བཙན་དང་དབུ་མ་ཁ་ནས་བརྗོད་པ་ཙམ་གྱི་ཕན་མི་ཐོག་གི།

    Reply
  8. tashi says:
    ལོ་ 15 སྔོན།

    གྲོགས་པོ་ལྷ་བཟང་ལགས། ཁྱོད་ཀྱི་བསམ་ན་ཁྱོད་༧གོང་ས་མཆོག་ལས་ལྷག་པའི་ཡོན་ཏན་དང་ལྷག་བསམ་རྣམ་དཔྱོད་ཅན་ཞིན་ཡིན་བསམ་ན། གོང་ས་མཆོག་ལས་ལྷག་པའི་ཕྱག་ལས་ག་རེ་བྱེད་ཡོད་འཛམ་གླིང་མི་མང་གི་མིག་ལམ་དུ་སྟོན་པའི་དུས་ལ་བབས་ཡོད།
    དེ་མིན་ཁ་སྟོང་པའི་སྐད་ཆ་བཤད་ནས་ང་འཚོ་བོད་མི་ན་གཞོན་འཚོ་མགོ་སྐོར་མ་བཏོང་རོགས། ཁ་ནས་བཤད་པ་ལྟར་ལག་ལན་ལ་ག་རེ་བྱེད་ནས་བོད་མི་མང་ལ་ཕན་ཐོག་བྱེད་ཡོད་དམ། ཞི་དྲགས་གང་གི་ཐོག་ནས་བོད་མི་མང་ལ་ཕན་པའི་ཕྱག་ལས་བྱེད་ཁྱོད་ལ་སྟོང་རྒྱུ་ཡོད་དམ། ཁ་སྟོང་པ་སི་ཡིན་ན་བཤད་གི་རེད། དེ་གི་བོད་ཀྱི་བདེ་སྐྱིད་ལ་ཕན་མི་ཐོག། བཀྲ་ཤིས་ནས།

    Reply
  9. ཨ་མཆོད་འཇམ་ཚུལ། says:
    ལོ་ 15 སྔོན།

    དྲ་གྲོགས་མཐུ་སྟོབས་ལགས་ལ་ཞུ་རྒྱུར། ལོག་འགྲེལ་བཤད་མཁན་ཞིག་ཡོད་ན་ངོ་མ་དེ་ཁྱེད་ཡིན་པར་སྣང་། དབུ་ལམ་གྱི་ལས་འགུལ་དང་རང་བཙན་གྱི་ལས་འགུལ་ཟེར་བ་ཞིག་ལོགས་སུ་འཇོག་ཁུལ་གནང་བ་འདིས་ཁྱེད་ཀྱིས་ལངས་ཕྱོགས་འདི་གཉིས་ཀ་ལ་ཐུགས་གཞིགས་ཡེ་ནས་ཕོགས་མེད་པའི་རྟགས་ཤིག་བསྟན་ཡོང་གི་འདུག་སྙམ། ཕྱོགས་གཉིས་ཀྱིས་ཕན་ཚུན་ཧམ་བཤད་མེད་པའི་སྒོ་ནས་བཀའ་མོལ་གནང་དགོས་ཀྱི་འདུག

    Reply
  10. ཨ་མཆོད་འཇམ་ཚུལ། says:
    ལོ་ 15 སྔོན།

    ཁ་སང་ངས་ནད་པ་ལགས་ལ་སྔགས་བརྗོད་ཅིག་བྱས་པ་དེ་ཅུང་མ་འགྲིག་པ་འདྲ། ད་ལྟ་ལྷ་བཟང་ལགས་ཀྱི་བཀའ་མོལ་དེ་༧གོང་ས་མཆོག་ཁ་ཞེ་མི་མཚུངས་བ་ཞིག་ཏུ་ངོ་མ་སྒྲུབ་ཐུབ་པར་སྙམ་མཁན་འགའ་རེ་ཡོད་ཚོད་འདུག
    ལྷ་བཟང་ལགས་ཀྱི་བཀའ་མོལ་དེའི་ནང་དོན་རྟོགས་མི་ཐུབ་པ་ཞིག་གང་ཡང་མིན་ལ། དེས་༧གོང་ས་མཆོག་ཁ་ཞེ་མི་མཚུངས་བ་ཞིག་ཏུ་སྒྲུབ་པ་ཞིག་ཀྱང་མིན། ལྷ་བཟང་ལགས་སོགས་བོད་མི་རིགས་དང་ལྷག་པར་དུ་གཞོན་ནུ་ལྷན་ཚོགས་ལ་བྱས་རྗེས་ཧ་ཅང་ཆེན་པོ་རེད། རང་འགར་བ་ཞིག་མ་རེད། འདིར་སྒྲུང་ཞིག་བཤད་འདོད་བྱུང་། སྔོན་མ་༧གོང་ས་མཆོག་གིས་ཡོ་རུབ་གྲོས་ཚོགས་ལ་ཞི་བའི་གྲོས་འཆར་འདོན་སྐབས་༧གོང་ས་མཆོག་གིས་ལྷ་བཟང་སོགས་དེར་འབྱོར་བའི་གཞོན་ནུའི་ཚོགས་མི་འགའ་ཞིག་ལ་”འོ་ཡ། ད་ཚར་སོང་། ངས་བཤད་རྒྱུ་ཚང་མ་བཤད་ཚར་བ་ཡིན། ད་ཁྱེར་རང་ཚོས་ཤུགས་རྒྱོབས་ཤོག་ཨ”་ཞེས་གསུང་ཞིང་། དེ་ནས་ལྷ་བཟང་སོགས་དེར་ཡོད་འགའ་ཞིག་གིས་སྐད་འབོད་ཀྱང་བྱས་ཡོད།
    གོང་ས་མཆོག་གིས་དབུ་མའི་ལམ་བདམ་པ་དེ་དགའ་བཞིན་སྤྲོ་བཞིན་བདམ་པ་ཞིག་ཡེ་ནས་མིན། ཁོང་གིས་བོད་རང་བཙན་མི་དགོས་གསུང་པ་དེ་ད་སྐབས་དབུ་མའི་ལམ་པ་འགའ་ཞིག་བཞིན་ཞེ་ཐག་པ་ནས་རང་བཙན་མ་འདོད་པ་མིན། དེ་མིན་པ་དེ་”མཐའ་མའི་ཐག་གཅོད་བོད་མི་རང་གིས་བྱེད་དགོས།”ཞེས་པའི་ཚིག་འདི་འདི་ལས་ཀྱང་རྟོག་ཐུབ། དེ་ནི་༧གོང་ས་མཆོག་གི་ཐུགས་ལ་འགལ་མེད་ཅེས་པའི་གོ་ས་ཡིན་པར་སྙམ།
    འོན་ཀྱང་ད་སྐབས་ཁོང་གིས་དབུ་མའི་ལམ་ལ་ཁ་ཞེ་གཉིས་མེད་ཀྱིས་འགྲོ་ཕེབས་བཞིན་ཡོད་ལ་དེ་ནི་ཁ་ཁོག་མི་མཚུངས་བ་ཞིག་ཡེ་ནས་མིན། གལ་སྲིད་ངོ་མ་རྒྱ་ནག་གིས་དབུ་མའི་ལམ་གྱི་ཆ་རྐྱེན་ཁག་སྤྲད་པའི་ཉིན་མོར་ཁོང་གིས་ཁ་ཞེ་གཉིས་མེད་ཀྱིས་བོད་མི་རྣམས་འགུག་ཐབས་སུ་ཁོང་གི་ནུས་ཤུགས་བཀོལ་ངེས་རེད། དེ་ནི་ཁོང་གི་ཁས་བླངས་བའི་ཚིག་སྲུང་བ་ཡིན། ཐུགས་ཀྱི་རེ་འདོད་དང་། ཁས་བླངས་བའི་དམ་ཚིག་སོ་སོར་འབྱུང་སྲིད་པ་ལ་ཡ་མཚན་དགོས་དོན་ཞིག་མེད།

    Reply
  11. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    བསྟན་འཛིན་སྟོབས་རྒྱལ་དྲ་ཚིགས་འདིའི་ཟིན་བྲིས་སུ་མཆན་འདེམས་མཁན་ཞིག་ཏུ་གྱུར་ནས། དུས་ད་ལྟའི་བར་དུ་སྐད་ཆ་རིན་ཐང་ཅན་ཞིག་བཤད་པ་ད་རེའི་འདི་གཅིག་བུ་རེད། འོན་ཀྱང་འབྲི་ཐབས་ཐད་ནས་ཉེན་ཁ་ཚ་བོ་དང་གོ་གོ་ཐོས་ཐོས་ཡོད་ཚད་བྲིས་འདུག དེ་ནི་ཧ་ཅང་ཉེན་ཁའི་རང་བཞིན་ཞིག་རེད། དེའི་རྗེས་ཡིག་ནོར་མང་བས་གོ་བརྡ་གསལ་བོ་འཕྲོད་མིན་དོགས་གནས་ཤིག་རེད།

    གང་ལྟར་རྒྱུག་པ་ལེབ་རྡུང་བྱས་མེད་ན་ཡག་ཐག་ཆོད་ཅིག་བྲིས་འདུག

    Reply
  12. གངས་སྤྲེལ་ཚ། says:
    ལོ་ 15 སྔོན།

    སོ་སོའི་ལང་ཕྱོགས་རྩལ་འདོན་བྱེད་རྒྱུ་ཧ་ཅང་གལ་ཆེན་རེད། ད་སྐབས་ལང་ཕྱོགས་མེད་པའི་གཡམ་རྒྱུགས་མཁན་མང་པོ་ཡོད་རབ་འདུག དེ་ཚོ་ལྟས་ངན་རེད། གཞོན་ནུ་ལ་ཁ་གཏོང་བྱེད་མཁན་ཚོ་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་མ་རེད། བོད་རང་གི་རྩ་དོན་གཏོར་བརླགས་གཏོང་མཁན་རེད།

    Reply
  13. བསྟན་འཛིན་སྟོབས་རྒྱལ། says:
    ལོ་ 15 སྔོན།

    ཕྱོགས་ཞེན་གྱི་བཟི་བའི་ང་ཚོ་ཉེན་ཁ་ཆེ།

    བཙན་བྱོལ་དུ་གྱར་ནས་མི་ལོ་ལྔ་བཅུའི་རིང་ལ་ང་ཚོས་ལས་དོན་གང་མང་ཞིག་ལ་ནུས་པ་ཐོན་པའི་ཕྱག་ལས་གནས་ཡོད་པ་སྨོས་མེད་རེད། འོན་ཀྱང་ཁྱབ་སྲིད་ཀྱི་ཐོག་ལ་ནུས་པ་གང་མཚམས་ཞིག་ཐོན་ཡོད་ཀྱང་གང་ལྟར་ད་དོང་ང་ཚོ་བཙན་བྱོལ་དུ་ལྷག་ཡོད་པ་རེད། ད་ལོ་༸གོང་ས་མཆོག་གིས་ཐུགས་ཕམ་དང་བཅས་ང་ཚོས་སྤྱི་འཐུས་དེ་ཚོ་ཡག་པོ་ཞིག་ཐོན་དགོས་ཀྱི་འདུག་ད་ལོ་ཞབས་འདྲེན་ཞེས་སོང་ང་གདན་ས་དེ་ཚོས་ནང་གཟབ་གཟབ་བྱེད་དགོས་ཀྱི་འདུག ཕྱོགས་ཞེན་གྱི་དབང་དུ་མ་སོང་པར་མགོ་ཚོས་པ་བྱོས་ཞེས་བཀའ་གནང་ཡོད་ཚུལ་འདུག ཡིན་ཡང་སེར་བྱེས་ཏྲེ་ཧོར་ཁང་ཚན་གྱི་དགེ་སློང་ཟེར་བའི་གྲྭ་བ་ཞིག་གིས་སྣེ་ཁྲིད་དེ་མདོ་སྟོང་ལ་ཤ་ཚ་ཡོད་ཁུལ་ཀྱིས་ཁང་ཚན་ནང་ཁུལ་གྱི་གྲྭ་མང་ལ་བསྐུལ་སློང་བྱས་ཏེ་ཀརྨ་ཆོས་འཕེལ་ཆོས་རྒྱུད་བཀའ་བརྒྱུད་ཡིན་ཀྱང་དགེ་ལུགས་པའི་སྤྱི་འཐུས་སུ་འོས་འཕངས་ཡོད་ཚུལ་འདུག མོན་གྷོ་ཕྱོགས་སུ་ཁྱབ་བསྒྲགས་བྱས་དེ་ནུས་པ་གང་མཚམས་ཐོན་ཡོད་ཚུལ་འདུག འདི་ནི་རི་བོ་དགེ་ལུགས་པའི་ཞབས་འདྲེན་ཞིག་དང་། མཐོང་ཆུང་ཞིག་ཡིན་ཀྱང་ཡིན་པར་མ་ཟད་མང་གཙོའི་ཁེ་དབང་ལུངས་སུ་སྤྱོད་མ་ཤེས་པར་ལོགས་ལམ་དུ་སོང་བ་ཞིག་ཀྱང་རེད། གདན་སའི་ཁང་ཚན་ཁ་ཤེས་ཀྱིས་༸གོང་ས་མཆོག་གི་བཀའ་སློབ་དེ་སྣང་མེད་དུ་བཞག་པ་ཙམ་དུ་མ་ཟད་ཆོས་རྒྱུད་མི་གཅིག་པའི་ར་བཟུ་ཞིག་དགེ་ལུགས་སྤྱི་འཐུས་ལ་འདེབས་པ་དང་བློ་བཟང་སེང་གེ་དང་རྒྱ་རི་སྒྲོན་གཉིས་གང་རུང་ཞིག་བཀའ་བློན་ཁྲི་བ་ལ་འདེམས་དགོས་ཚུལ་གྱི་ཡིག་ཆ་བཟོས་དེ་ཁང་ཚན་རང་གི་མིང་ཐོག་ནས་གྲྭ་མང་ལ་ཡིག་ཆ་འགྲེམས་སྤེལ་བྱས་འདུག ཡང་ཁ་ཤེས་ཀྱི་སྒྲོན་མ་མཚོ་མོ་སྤྱི་འཐུས་ནང་ཐོན་ཡོང་ན་དཀོན་མཆོག་ཆོས་སྒྲོན་ང་ཚོས་སྤྱི་འཐུས་ལ་འོས་མ་འཐེན་ན་མོ་རང་སྙིང་རྗེ་ཞེས་བཤད་ཡོད་ཚུལ་འདུག ཡང་ས་ཕྱོགས་གཞན་ཞིག་ཏུ། ཨོ་རྒྱན་སྟོབ་རྒྱལ་ཟེར་བ་ཞིག་གིས་ང་ཚོ་ལ་སྒོར་མོ་ཞིག་ཡོང་གི་ཡོད་པ་རྒྱ་རི་སྒྲོན་མ་བརྒྱུད་ནས་ཡོང་གི་ཡོད་པ་རེད། དེ་ལ་ཡང་བསམ་བློ་ཞིག་གཏོང་དགོས་ཚུལ་བཤད་དེ་བློ་བཟང་སེང་གེ་དེ་གར་བགྲོ་གླེང་བྱེད་རྒྱུའི་གོ་སྒྲིག་བྱེད་རྒྱུའི་དགོངས་པ་ཐོབ་མེད་ཚུལ་འདུག ཕྱོགས་གཞན་ཞིག་ནས་ཀརྨ་ཆོས་འཕེལ་དབུས་གཙང་གི་སྤྱི་འཐུས་ཤོར་རྒྱུ་ཉག་གཅིག་ཡིན་པས་བཀའ་བརྒྱུད་པའི་སྤྱི་འཐུས་ལ་འདེམས་དགོས་ཚུལ་བཤད་དེ་བཀའ་བརྒྱུད་པའི་སྤྱི་འཐུས་ལ་འདེམས་ཡོད་ཚུལ་འདུག གནས་ཚུལ་འདི་རིགས་ཀྱིས་སྔོན་གྱི་སྤྱི་འཐུས་ཀྱི་ནད་རྙིང་ཡང་སྐྱོར་སྤྱི་ཚོགས་ནང་དང་སྤྱི་འཐུས་ནང་ཡོངས་རྒྱུའི་གྲ་སྒྲིགས་འང་གསར་བྱེད་བཞིན་པ་རེད། ང་ཚོས་འདི་ལྟར་བསྟན་སྲིད་བློས་བཏང་ནས་ཕྱོགས་ཞེན་གྱིས་དབང་དུ་འགྲོ་རྒྱུ་ཡིན་ནམ།

    Reply
  14. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    མཆན་འདེབས་པ་ཁག་ཅིག་གིས་གཞོན་ལྷན་གྱིས་རྒྱལ་བའི་དཀའ་དང་འགལ་ཡང་ཐུགས་དང་འགལ་མེད་ཅེས་པ་ལྟ་བུར་འགྲེལ་བརྗོད་གནང་གི་འདུག དེ་མ་རེད། སྐད་ཆ་འདི་རྒད་པོ་ལྷ་བཟང་གི་སྡུག་སྐད་ལས་བོད་ཀྱི་གཞོན་ལྷན་གྱི་སྐད་ཆ་ཞིག་མ་རེད། མི་འགྱངས་པར་ལྷ་བཟང་ཚེ་རིང་གི་སྡུག་སྐད་འདི་ལ་དཔྱད་གཏམ་ཞིག་སྤེལ་ངེས་ཡིན།

    Reply
  15. མཐུ་སྟོབས། says:
    ལོ་ 15 སྔོན།

    རྒས་པོ་ལྷ་བཟང་ཚེ་རིང་ཟེར་བས་བཤད་པའི་བཀའ་དང་འགལ་ཡང་ཐུགས་དང་འགལ་མེད་ཟེར་བ་དེ་ནི་རྦད་དེ་ལོག་འགྲེལ་བྱས་པ་ཞིག་རེད། ཁོ་པས་དོན་དུ་༸གོང་ས་མཆོག་ནས་ཞལ་གདན་ཚིག་ལ་མ་གནས་པ་ལྟ་བུར་ཞལ་ནས་དབུ་མ་གསུངས་ཏེ་ཐུགས་སུ་དེ་ལྟར་མིན་པའི་རྒྱ་མི་དམར་པོས་ཤོད་བཞིན་པའི་ཚིག་དེ་ཚོ་དང་གཅིག་མཚུངས་སུ་གཞོགས་འདེགས་བྱས་ནས་བཤད་ཀྱི་ཡོད་རེད། ལམ་དབུ་མ་དང་རང་བཙན་གང་རྩོད་ཀྱང་ཕོ་རྒོད་པོ་ཐང་སྡེར་མོ་ག་ཚོད་རྒྱུགས་རྒྱུགས་རེད། ལྡི་ལིར་གསུམ་བཅུའི་དུས་དྲན་སྐབས་དང་རྒྱ་ནག་གི་དཔོན་པོ་ཕྱི་རྒྱལ་དང་རྒྱ་གར་དུ་སླེབས་སྐབས་ངོ་རྒོལ་ཙམ་བྱེད་པའི་གཞོན་ནུའི་རང་བཙན་ལེན་སྟངས་འདི་ནི་ཀུན་གྱི་གད་མོ་ཤོར་དགོས་པ་ཞིག་རེད། འགྲམ་འགག་སྒོར་མིག་ལྟ་མ་ནུས་པར་མིའི་ལུང་པའི་ནང་རྟག་ཏུ་གྲོས་མོལ་ཡང་མ་བྱེད། དབུ་མ་ཡང་མ་འགྲིག རྟག་པར་ཁ་ནང་དུ་བལྟས་ཏེ་མ་འགྲིག་མ་འཐུས་རྐྱང་རྐྱང་བཤད་མཁན་དེ་དག་ནི་དོན་དུ་བོད་དུ་རྩ་བ་ནས་ལོག་འདོད་མེད་པའི་མི་དེ་ཚོའི་ ཤོད་སྟངས་རེད། གལ་སྲིད་ཁྱེད་ཚོས་ལོ་ལྔ་བཅུའི་ཉིན་མ་གཅིག་ངོ་རྒོལ་ལས་འགུལ་སྤེལ་བ་དེ་ཡང་འགྲམ་འགག་སྒོ་འགལ་ཏེ་བོད་ཀྱི་ས་ཐོག་ཏུ་བསྐྱོད་ཐབས་མ་བྱས་པར་རྐུབ་བཙུགས་ཏེ་རང་བཙན་གཙང་མ་གང་འདྲ་བྱས་ཏེ་ལེན་གྱི་རེད་དམ། རང་བཙན་གཙང་མ་དགོས་ཡོད་ཟེར་མཁན་དེ་དག་གི་སེམས་ཤུགས་ཧ་ཅང་ཡག་པོ་རེད། ཡིན་ནའང་ལས་འགུལ་སྤེལ་སྐབས་དབུ་མའི་ལམ་གྱི་ཐོག་ནས་ལས་འགུལ་སྤེལ་བ་ལས་ལྷག་པ་ཞིག་ད་ལྟ་བར་གང་ཡང་སྤེལ་ཐུབ་ཡོད་མ་རེད། དེ་ནི་དོན་ངོ་མའི་ཐོག་རང་བཙན་དགོས་ཡོད་ཟེར་བ་ཙམ་ལས་རྩོད་སྟངས་གང་འདྲ་བྱས་ཏེ་རྩོད་དགོས་མིན་སྣེ་འཁྲིད་མཁན་མེད་པར་རང་བཙན་ལེན་དགོས་རེད་ཅེས་ཁ་བདེ་པོ་རྐྱང་རྐྱང་བཤད་མཁན་མང་དུ་འགྲོ་བ་དེ་དག་དོན་དུ་སོ་སོ་ལོག་འདོད་མེད་པ་དང་། བོད་ནང་གི་ད་ལྟའི་དཀའ་ངལ་སེལ་འདོད་མེད་པར་དུས་ཚོད་རྦུད་རྒྱག་གཏོང་ཐབས་བྱ་མཁན་ཁག་ཅིག་གིས་འུར་གཏམ་རྐྱང་རྐྱང་བཤད་པ་དེ་ཚོ་རེད།

    Reply
  16. དབྱངས་སྐྱིད། says:
    ལོ་ 15 སྔོན།

    ཨོ་ཧོ། འདི་ག་འབྲས་སྤུངས་སྒོ་མང་གྲྭ་ཚང་ནས་གནས་དབྱུང་བཏང་ཟིན་པའི་རྨོག་རུ་བསྟན་པ་ཟེར་བ་དེ་ཡང་རང་བཙན་རྩོད་ས་ལ་སླེབས་ཡིན་པ་འདྲ། ད་ལྟས་ངན་རེད། ཁོས་དེང་སང་དབུ་མའི་ལམ་གྱི་ལས་འགུལ་ཁང་ཟེར་བ་སྤྱི་རྒྱུ་སྒེར་བདག་ཁང་དུ་ལས་ཀ་བྱེད་ཀྱི་ཡོད་མ་རེད་དམ།

    Reply
  17. སྡེ་དགེ་ཚེ་དབང་མགོན་པོ། says:
    ལོ་ 15 སྔོན།

    གཞོན་ལྷན་སོགས་བོད་མི་ཚང་མ་དབུ་མའི་ལམ་དུ་སྐྱོད་ན་རྒྱ་ནག་གིས་ང་ཚོའི་འདོད་པ་དེ་བསྒྲུབ་སྲིད་དམ།

    Reply
  18. ནམ་མཁའ་བསྟན་འཛིན། says:
    ལོ་ 15 སྔོན།

    བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་བཙན་བྱོལ་སྤྱི་ཚོགས་ཁྲོད་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ནང་ནས་ཚོགས་མིའི་གྲངས་འབོར་དང་ནུས་ཤུགས། ཁྱབ་ཁོངས་དང་སྒྲིག་འཛུགས་སོགས་གང་ཅིའི་ཐད་ཆེས་གལ་འགང་ཆེ་ཤོས་ཀྱི་ཚོགས་པ་གཅིག་ཡིན་སྟབས། བོད་དོན་གྱི་བདེན་མཐའ་མ་གསལ་བར་ང་ཚོའི་བཙན་བྱོལ་བ་ཡོངས་ཀྱིས་ཚོགས་པ་འདིའི་སྒྲིག་འཛུགས་དང་ཆེ་མཐོང་ལ་གུས་བརྩི་དང་སྲུང་སྐྱོབ་བྱེད་པའི་འོས་འགན་ཡོད་མོད། སྐབས་རེར་གང་ཟག་བྱེ་བྲག་པ་འགས་གོ་སྐབས་དམ་འཛིན་བྱས་ཏེ་འགན་འཁྲི་མེད་པའི་ཐད་ཆ་ཅན་གྱི་་འུར་གཏམ་བསྒྲགས་པ་འདིས་སྐབས་རེར་རང་རེའི་བཙན་བྱོལ་སྤྱི་ཚོགས་ནང་དུའང་ཚོགས་་འདི་ལ་བལྟ་སྟངས་འདྲ་མིན་ཞིག་བྱུང་བཞིན་ཡོད། འོན་ཀྱང་ངས་འདི་ནས་འཇམ་དབྱངས་ནོར་བུ་དང་ལྷ་བཟང་ཚེ་རིང་སོགས་རང་བཙན་འཐབ་རྩོད་པ་རེ་འགའ་ཡི་ཚིག་སྣེ་ལ་འཇུས་ཏེ་ཚོགས་མི་སྟོང་ཕྲག་བཞི་བཅུ་ལ་ཉེ་བའི་ཚོགས་པ་འདི་ལ་རྒྱུགས་པ་ལེབ་རྡུང་བྱེད་རྒྱུ་དེ་མིན་པར་ཚང་མར་གསལ་འདེབས་ཞུ་རྒྱུ་ཞིག་ལ། བསྟོད་མི་ཤེས་མཁན་གྱིས་བསྟོད་པ་ལས་། སྨད་མི་ཤེས་མཁན་གྱིས་སྨད་ན་དགའ་ཞེས་བའི་དཔེ་ལྟར། ལྷ་བཟང་ཚེ་རིང་གི་སྐད་ཆ་འདིས་༧གོང་ས་ཡིད་བཞིན་ནོར་བུའི་ཞལ་ནས་གསུང་བ་དང་ཐུགས་ན་ཡོད་པ་གཉིས་གཅིག་མིན་པའི་རིག་ལམ་ཞིག་སྒྲུབ་བཞིན་འདུག་པས། སྐད་ཆ་འདི་ཁ་གསང་བའི་སྒོ་ནས་བཤད་ན་རྒྱ་ནག་གཞུང་གིས་ད་ལྟའི་བར་ཏཱ་ལའི་བླ་མས་བོད་དོན་གྱི་དཀའ་རྙོག་སེལ་བར་ཁ་ཞེ་གཉིས་བྱེད་ཀྱི་མི་འདུག་ཅེས་བ་དང་མདོ་དོན་གཅིག་ཡིན་སྟབས། བཙན་བྱོལ་ནང་ནི་ཤེས་ཡོན་ཅན་ཞིག་གིས་འདི་འདྲའི་འགན་འཁྲི་མེད་པའི་སྐད་ཆ་བཤད་ཅི་འདྲའི་བློ་ཕམ་པ་ལ། ཉེ་བའི་འཆར་༧གོང་ས་མཆོག་ཡོ་རོབ་ལ་ཆིབ་བསྒྱུར་བསྐྱངས་སྐབས་ཀྱང་གསར་འགོད་གསལ་བསྒྲགས་ཞིག་ཏུ་༧གོང་ས་མཆོག་གིས་ང་ཚོའི་འདས་སོང་གི་ལོ་རྒྱུས་རྩོད་ཀྱིན་མེད་ལ་རྒྱ་ནག་འདི་ཁ་འཐོར་ཏུ་གཏོང་འདོད་ཀྱང་མེད། ང་ཚོས་རྩོད་བཞིན་པ་ནི་བོད་རྒྱ་མི་རིགས་སུ་ཡིན་ཀྱང་འདྲ་མཉམ་དང་། རང་དབང་། འཆམ་མཐུན་གྱི་མ་འོངས་བའི་འཚོ་གནས་ཞིག་རྩོད་བཞིན་ཡོད་ཅེས་དུས་ནས་དུས་སུ་གསལ་བོར་གསུང་བཞིན་ཡོད་ན་ང་ཚོས་འདི་ལ་ལོགས་འབྲེལ་ལྷག་མ་ཞིག་བྱེད་དགོས་ཀྱི་ཡོད་དམ།

    Reply
  19. སྡེ་དགེ་ཚེ་དབང་མགོན་པོ། says:
    ལོ་ 15 སྔོན།

    ང་ཚོས་ངེས་པར་དུ་སྒེར་དང་ཚོགས་པ་་ཡང་ན་གཞུང་བར་དབྱེ་བ་གསལ་པོ་ཕྱེ་ཤེས་དགོས་སྙམ།་
    གང་ཟག་མི་སྒེར་གཅིག་གི་སྐད་ཆ་དེ་ཚོགས་པ་འམ་གཞུང་ཞིག་ལ་མ་འགྲིགས་པ་བཤད་པ་ནི་དྲང་པོ་ཞིག་ཏན་ནས་མིན་སྙམ།

    Reply
  20. སྡེ་དགེ་ཚེ་དབང་མགོན་པོ། says:
    ལོ་ 15 སྔོན།

    རང་བཙན་ཡིན་ན་ཡང་འདྲ་དབུ་མའི་ལམ་ཡིན་ན་ཡང་འདྲ་གཙོ་བོ་རྒྱ་ནག་གཞུང་གིས་ད་བར་དུ་ང་ཚོས་ཞི་འགྲིགས་ཡོང་ཐབས་གང་འདྲ་ཞིག་བྱས་ཀྱང་ཡ་ལན་མེད་པར་སྡུག་ཏུ་ཕྱིན་ཡོད།
    དེར་བརྟེན་ང་ཚོ་ཕན་ཚུན་དབུ་མ་དང་རང་བཙན་བར་ནང་ཁུལ་དུ་རྙོག་དྲ་ཞིག་ལས་གང་ཡང་ཕན་ཐོགས་མེད།
    ང་ཚོ་བོད་མི་རིགས་ལ་ཕན་པའི་ལས་ཀ་ཆེ་ཆུང་གང་ཞིག་རང་རང་གི་གང་འཇོན་བྱས་ནཕན་ཐོགས་ཆེ་བར་མངོན།

    Reply
  21. སྡེ་དགེ་ཚེ་དབང་མགོན་པོ། says:
    ལོ་ 15 སྔོན།

    ལྷ་བཟང་ཚེ་རིང་གི་སྐད་ཆ་དེ་ཁོ་རང་སྒེར་གྱི་སྐད་ཆ་ཞིག་ལས་གཞོན་ལྷན་ཚོགས་ལ་ཁག་འགེལ་བ་ནི་ནོར་འཁྲུལ་ཞིག་ཡིན་པར་སེམས།

    Reply
  22. Ngawang Norbu says:
    ལོ་ 15 སྔོན།

    ༄༅། །ལྷ་བཟང་ཚེ་རིང་ལགས་ནས་གསུང་དོན་ལྟར་བོད་ཀྱི་གཞོན་ལྷན་ནས་༸རྒྱལ་བའི་བཀའ་དང་རྒལ་ཀྱང་༸རྒྱལ་བའི་དགོང་པ་དང་རྒལ་མེད་གསུང་པ་དེར་གུས་རང་ནས་རྩ་བ་ནས་ངོས་ལེན་མེད། རྒྱུ་མཚན་ནི། ༸གོང་ས་མཆོག་ནས་ད་བར་ནམ་ཡང་”ང་རང་བཙན་གཙོད་ཀྱི་མེད་ཁྱེད་རང་ཚོ་ཡང་རང་བཙན་མ་གཙོད་”ཅེས་གསུང་མྱོང་མེད་ངེས་ལ་གུས་ནས་ནམ་ཡང་ཐོས་མ་མྱོང་། གལ་ཏེ་༸གོང་ས་མཆོག་གིས་དོ་རྒྱལ་བསྟན་སྲུང་བྱེད་མཁན་རྣམས་ལ་བཀའ་གནང་བ་བཞིན་དོ་རྒྱལ་བསྟན་ན་ནོར་འཕྲུལ་རེད་བསྟན་དང་མི་བསྟན་ཁྱེད་རང་ཚོར་རག་ལུས་ཡོད་ལྟ་བུ་གསུང་ཡོད་ན་ཏན་ཏན་བཀའ་དགོང་གཉིས་ཀ་དང་རྒལ་བ་རེད་མ་གཏོགས། ༸གོང་ས་མཆོག་ནས་རང་བཙན་ཐབས་གཙོད་སུ་འདྲ་ཞིག་ལ་ཀྱང་བཀའ་སློབ་གནང་སྐབས་”ངའི་ལངས་ཕྱོགས་ནི་དབུ་མའི་ལམ་ཡིན་པ་ནི་འགྱུར་མེད་ལ་ཁྱེད་རང་ཚོའི་ལངས་ཕྱོགས་རང་བཙན་གཙང་ཡིན་ཟེར་གྱི་ཡོད་པ་ཞེ་དྲགས་ཡག་པོ་རེད། ལས་འགུལ་ག་རེ་བྱེད་ཀྱི་ཡོད་ཀྱང་ཧུར་ཐག་འབར་ཐག་བྱེད་དགོས་”ཞེས་བཀའ་གནང་བ་ང་རང་རང་ཉིད་ཀྱི་བཀའ་སློབ་ཞུ་རྒྱུའི་གོ་སྐབས་རག་མྱུང་ཡོད་པས། བོད་ཀྱི་གཞོན་ལྷན་ཡིན་ཀྱང་རུང་དེ་མིན་རང་བཙན་གཙང་མ་གཙོད་མཁན་ཚོགས་སྒྲིགས་གང་གིས་ཀྱང་༸རྒྱལ་བའི་བཀའ་དགོང་གཉིས་ཀ་དང་རྒལ་མེད་པའི་ཡི་ཆེས་གཙང་ཡོད་ལ་སྤོབ་པ་ཡང་ཡོད།

    Reply
  23. བསྟན་འཛིན་སྟོབས་རྒྱལ། says:
    ལོ་ 15 སྔོན།

    གཞོན་ནུ་ལྷན་ཚོགས་ཀྱིས་རྒྱལ་བའི་བཀའ་དང་འགལ་ཡོད་ཚུལ་གསུངས་པའི་རྒྱབ་ལྗོངས་གཙང་མ་ཞིག་ཧ་གོ་གི་མི་འདུག་པས་དེའི་གྱ་ཚོམ་གྱི་སྐད་མ་བཤད་ན་བཟང་བར་སེམས། སྐད་འདི་རིགས་ཁྱད་སྲིད་མི་ཤེས་བ་དང་ཡང་ན་ཁྱེད་དུ་གཉེར་ནས་བཟོས་པ་ཞིག་རེད།

    Reply
  24. ཨ་མཆོད་འཇམ་ཚུལ། says:
    ལོ་ 15 སྔོན།

    དེ་རིང་འདིར་བསམ་ཚུལ་ཞིག་མ་བཤད་ན་འོས་བབས་མེད།
    དྲ་གྲོགས་ནད་པ་ལགས་ཀྱིས་རིག་པ་གཏོང་སྟངས་ལ་ཁོ་བོ་སྣང་བར་ཕྱིན་སོང་། རྒྱུན་ལྡན་གྱི་སྲོལ་བཞིན་ལངས་ཕྱོགས་སམ་བལྟ་བ་མ་མཐུན་པའི་དབང་གིས་ཕ་རོལ་བོ་ནི་རང་ལས་རིག་པ་དང་གནད་དོན་རྟོགས་པ་ཉུང་བ་ཞིག་ཏུ་རང་བཞིན་གྱིས་མཐོང་བ་ནི་ཆོས་ཉིད་ལྟ་བུ་ཞིག་རེད། དེ་རིང་ནད་པ་ལགས་ཀྱིས་རིག་པ་བཏང་བ་དེ་སྣང་ཚུལ་དེ་ཚོ་བདེན་པ་མིན་པ་ལ་གསལ་འདེབས་གསར་བ་ཞིག་བྱུང་། གུས་བཏུད་ཞུ།
    གཉིས་པ། གཞོན་ལྷན་གྱིས་རྒྱལ་བའི་བཀའ་དང་འགལ་བ་ཞིག་མ་བྱས་ཐབས་མེད་ཆགས་པ་རེད། མ་འགལ་ན་འགྲོ་ཐབས་མེད་པའི་བཀའ་ཞིག་གནང་ཚར་བ་རེད། འདི་འདྲ་ལ་མི་འགའ་ཞིག་༧གོང་ས་མཆོག་ལ་མཚན་དམད་བྱས་པ་དང་ཁྱད་གསོད་བྱས་པ་ཞིག་ལ་གོ་འགྲོ་གི་ཡོད་པ་འདི་གཅིག་ནས་ཡ་མཚན་ཆེ།
    གསུམ་པ། ༧གོང་ས་མཆོག་གི་ཐུགས་དང་འགལ་ཡོད་མེད་དེ་ངོ་མ་བཤད་ན་རང་ཅག་སུས་ཀྱང་རྟོག་མི་ཐུབ་པ་ཞིག་རེད། འདི་ནི་རང་ཅག་སྐྱེ་བོ་མཐའ་མལ་བ་སུ་གཅིག་གི་ཡང་སྤྱོད་ཡུལ་དུ་མེད། གཞོན་ལྷན་གྱིས་གནང་སྟངས་དེ་༧ཁོང་གི་ཐུགས་ལ་འགལ་ཡོད་ཀྱང་སྲིད་ལ་མེད་ཀྱང་སྲིད། ངོ་མ་བཤད་ན་ང་ཚོས་གང་ཡང་མི་ཤེས།
    དེའི་ཕྱིར་བོད་རྒྱལ་དང་མི་རིགས་ལ་གང་ཕན་པ་དེ་བཟུང་ནས་འགྲོ་རྒྱུ་ཙམ་རེད་བསམ། སྤྱིར་བཏང་བོད་མི་ཡོད་དོ་ཅོག་གིས་རང་བཙན་གྱི་ལྟ་བ་དེ་ལས་གཞན་པའི་བཀའ་ཡི་ཆ་ཤས་ཕྲ་མོ་ཙམ་ཡང་མི་ཟློག་པ་ཞིག་ཡོད་པའི་བརྡ་འཕྲིན་འཛམ་གླིང་ལ་སྟོན་ཐུབ་ན་དེ་ནི་ཕྱི་ལ་ངོམ་རྒྱུའི་སྟོབས་ཤུགས་ཤིག་མིན་ནམ་སྙམ་གྱི་ཡོད།

    Reply
  25. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    ཧོབ་དེ་ཉན་ན་ཅི་དྲན་འདི་དྲན་མི་འདུག ངའི་བསམ་བློ་ཅུང་བཏང་བ་ཡིན། འདི་འདྲ་ཞིག་དྲན་ཡོང་གིན་འདུག མདོ་ཡི་དགོངས་པ་ཡིན་ཀྱང་མདོ་གསུངས་པ་པོའི་དགོངས་གཞི་མ་ཡིན་ཞེས་དྲང་ངེས་འབྱེད་ཚུལ་ཞིག་ཡོད། འོན་ཀྱང་།
    རྒྱལ་བའི་བཀའ་དང་འགལ་ཡང་ཐུགས་དང་འགལ་མེད།༽ ཞེས་པས་ཚིག་འདི་དེ་དང་གཏད་ནས་མི་འདྲ་བར་འདུག ཡང་མིན་ན་ལྷ་བཟང་ཟེར་བ་དེའི་རྣམ་དཔྱོད་རྩལ་ཏུ་བཏོན་པས་སྐད་ཆ་ཞིག་ཡིན་འདོད་ཡོད་པ་འདྲ། དེ་མིན་ན རྒྱ་ནག་ལ་ རྒྱལ་བ་དོན་གྱི་བདག་པོ་ལ་ངན་སྨྲས་བྱེད་ལུགས་གསར་བ་ཞིག་ལྷ་བཟང་གི་ཕུལ་བ་རེད

    Reply
  26. རིན་ཆེན་རིལ་བུ། says:
    ལོ་ 15 སྔོན།

    ཨ་ཕའི་ལོ་ལོ་ཆོ། བོད་རང་བཙན་ཡིན་མིན་དང་བོད་རང་བཙན་རྩོད་མིན་གཉིས་ཀྱི་ཁྱད་པར་ཡང་འབྱེད་མི་ཤེས་སམ།

    Reply
  27. མདུང་རྩེ། says:
    ལོ་ 15 སྔོན།

    གཞོན་ནུ་ལྷན་ཚོགས་ཀྱིས་རྒྱལ་བའི་བཀའ་དང་འགལ་ཡོད་ཚུལ་གསུངས་པའི་རྒྱབ་ལྗོངས་གཙང་མ་ཞིག་ཧ་གོ་གི་མི་འདུག་པས་དེའི་གྱ་ཚོམ་གྱི་སྐད་མ་བཤད་ན་བཟང་བར་སེམས།
    ༧གོང་ས་མཆོག་གི་བཀའ་དང་འགལ་མི་འགལ་དེ་༧གོང་ས་མཆོག་དང་ལྟ་བ་གཅིག་མིན་རག་ལུས་ཡོད་ན་གཞོན་ནུ་ལྷན་ཚོགས་རྒྱལ་བའི་བཀའ་དང་འགལ་ཡོད། གལ་ཏེ་གཞོན་ནུ་ལྷན་ཚོགས་རྒྱལ་བའི་བཀའ་དང་འགལ་ཡོད་ན་ད་བར་བོད་མི་སྐྱ་སེར་ཕལ་ཆེ་བས་ཁྱེད་ཅག་ལ་རྒྱབ་སྐྱོར་བྱས་པ་སྟོང་ཟད་དུ་ཕྱིན་འདུག་ཅེས་ཞུ་འདོད་བྱུང་།
    དེང་ལྷོ་ཕྱོགས་སེར་བྱེས་གྲྭ་ཚང་དགེ་བསྐོར་མངའ་རིས་ཚེ་དབང་ཟེར་བ་ཞིག་གིས་སྐད་དེ་དང་འདྲ་བ་བཤད་དེ་ཁུངས་མེད་ཀྱི་སྐད་ཆ་ལུང་བ་གང་བཤད་ཀྱིན་ཡོད་ཚོད་འདུག རང་བཙན་འཐབ་རྩོད་པ་དག་གིས་སེམས་ཤུགས་ཆེད་གཉེར་ནས་ཆགས་སུ་བཅུག་གི་འདུག
    ཁོ་བས་བཤད་པའི་སྐད་ཆ་ལ་གཞི་འཛིན་ས་མེད་པ་མ་ཟད་དོན་མེད་ཕྱོགས་ཞེན་ཀྱི་སྐད་ཆ་མང་དག་ཅིག་བཤད་ཀྱི་ཚུལ་ཐོས་སོང་།
    ཁོ་བས་༧གོང་ས་མཆོག་ལྷོ་ཕྱོགས་སུ་ཆིབས་བསྒྱུར་སྐབས་སེ་ར་བྱེས་པའི་གྲྭ་བ་བརྒྱ་ཆ་དགུ་བཅུ་གོ་དགུས་དབུ་མའི་ལམ་དུ་ཤར་བསྐྱོད་བྱེད་ཀྱིན་ཡོད་པའི་རྫུན་གཏམ་བསྒྲགས་འདུག
    དེ་རྗེས་རྫུན་གཏམ་དེའི་རྒྱབ་སྐྱོར་ཚུལ་དུ་༢༠༠༨ མང་ཚོགས་ཀྱི་བསམ་ཤོག་ལ་གཞི་ལ་བཞག་ནས་དེ་ལྟར་ཅེས་བཤད་དེ་། ཁང་ཚན་སོ་སོའི་བསམ་ཤོག་གི་གྲངས་འབོར་སྒྲོག་རྒྱང་བྱེད་སྐབས་རང་གི་སྣང་བ་འགྲོ་སའི་ཁང་ཚན་ལ་རང་བཙན་དང་དབུ་མའི་ལམ་གྱི་གྲངས་འབོར་གང་མང་ཡང་སོ་སོའི་འདོད་རེད། འགྲིགས་ཤག་ཅེས་བཤད་དེ་བསྟོད་པ་ཡང་བྱས་ཡོད།
    ཁང་ཚན་འགའ་ཤས་དང་ཤིང་བཟའ་སྤྲུལ་སྐུ་སོགས་ལ་དོན་མེད་ཀྱི་སྐྱོན་བརྗོད་དང་། ཚིག་མཚོན་མང་པོ་བཏབ་འདུག
    ཁོ་བས་བཤད་པའི་བརྒྱ་གྲངས་འབོར་ལ་གཞིགས་ན་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་མ་མཐར་ཡང་བརྒྱ་བཞི་བཅུ་ཟིན་ཡོད་ཚོད་འདུག
    དེ་ནི་སེ་ར་བྱེས་བརྒྱ་ཆ་བརྒྱ་དབུ་མའི་ལམ་དུ་ཤར་བསྐྱོད་ཡིན་ཞེས་པའི་སྐྱག་རྫུན་ཕུག་པ་གཏིབ་པའི་ཐོ་བ་ཉིད་དུ་གྱུར་འདུག
    འོན་ཀྱང་ཁོས་བཤད་པའི་སྐད་ཆ་ལ་གཞི་འཛིན་ས་མེད་པའི་གནས་ཚུལ་འདུག
    མང་ཚོགས་ཀྱི་བསམ་ཤོག་ཞིབ་ཀློག་མ་བྱས་པའམ་ཡང་ན་ཆེད་དུ་གཉེར་ནས་ཁང་ཚན་འགའ་ཞིོག་ནག་བསུབ་བྱེད་ཀྱི་ཡོད་འདུག་
    ང་ཚོས་ངེས་པར་དུ་མི་དེའི་རིགས་ལ་དོ་སྣང་བྱེད་དགོས་པར་སྣང་།

    Reply
  28. གླང་དར་མ། says:
    ལོ་ 15 སྔོན།

    འདིའི་ནང་མཆན་འབྲི་འདེབས་མཁན་ཚོས་གསར་འགྱུར་དེ་ཡག་པོ་བྱས་ནས་ཀློག་མི་འདུག། མཆན་འདེབས་དེ་དག་གི་དང་པོ་ཡག་པོ་བྱས་ནས་ཀློག་དེ་ནས་བཤད་ན་ཡག་པོ་ཡོད་ས་རེད་། རེ་འགས་ལྷག་བསམ་ཚེ་རིང་ལགས་དང་གཞོན་ལྷན་མཉམ་བསེས་བྱེད་གི་འདུག་དེ་ཡག་པོ་མ་རེད།

    Reply
  29. གླང་དར་མ། says:
    ལོ་ 15 སྔོན།

    འདིའི་ནང་མཆན་འབྲི་འདེབས་མཁན་ཚོས་གསར་འགྱུར་དེ་ཡག་པོ་བྱས་ནས་ཀློག་མི་འདུག། མཆན་འདེབས་དེ་དག་གི་དང་པོ་ཡག་པོ་བྱས་ནས་ཀློག་དེ་ནས་བཤད་ན་ཡག་པོ་ཡོད་ས་རེད་། རེ་འགས་ལྷག་བསམ་ཚེ་རིང་ལགས་དང་གཞོན་ལྷན་མཉམ་བསེས་བྱེད་གི་འདུག་དེ་ཡག་པོ་མ་རེད།

    Reply
  30. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ད་ལྟའི་གཞོན་ལྷན་ནི། ༧རྒྱལ་བའི་བཀའ་དགོངས་དང་འགལ་དགོས་ལ། ༧རྒྱལ་བས་རྒྱབ་སྐྱོར་ཡང་དགོས་པའི་ཆབ་སྲིད་ཚོགས་པ་ཐབས་སྐྱོ་ཤོས་དེ་རེད་འདུག དེ་བས་རིང་མིན་དབུ་མའི་ལམ་ལ་ཤར་སྐྱོད་ཐུབ་པའི་བོད་ཀྱི་གཞོན་ལྷན་ཚོགས་པ་གསར་འཛུགས་དགོས་གལ་ཆེ་བ་མི་འདུག་གམ། བོད་རིགས་ལོ་གཞོན་ཚོ།

    Reply
  31. ནད་པ says:
    ལོ་ 15 སྔོན།

    ལྷག་བསམ་ཚེ་རིང་ལགས་ཀྱིས་ ༸ རྒྱལ་བའི་བཀའ་དང་འགལ་ཡང་༸ རྒྱལ་བའི་ཐུགས་དང་འགལ་མེད། ཅེས་པའི་ཐད་ལ་ཅུང་ཟད་ཅིག་ཞུ་འདོད་བྱུང་།

    དང་པོ་༸ རྒྱ་བའི་བཀའ་དང་འགལ་ཡང་ཞེས་བོད་ཀྱིས་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་༸ རྒྱལ་བ་རིན་པོ་ཆེའི་བཀའ་དང་བརྒྱབ་འགལ་བྱས་པ་ངོས་ལེན་གཙང་མ་བྱས་འདུག

    གཉིས་པ་༸ རྒྱལ་བའི་ཐུགས་དང་འགལ་མེད་ཅེས་༸ གོང་ས་མཆོག་གི་ཐུགས་དགོངས་དེ་རྒྱ་མིས་བཤད་པ་ལྟར་རང་བཙན་དང་ཁ་བྲལ་རྩོད་ཀྱིན་ཡོད་པ་ཞིག་གསལ་བཤད་བྱས་འདུག

    དེར་བརྟེན་རྒྱུ་མཚན་དང་པོ་སྟེ། ༸ རྒྱལ་བའི་བཀའ་དང་འགལ་ཡང་ཞེས་པའི་ཐད་འདིར་ཞི་བྱེས་བོད་མི་སྤྱི་དང་། ལྷག་དོན་བོད་གཞུང་། གཞུང་འབྲེལ་མིན་པའི་ཚོགས་པ། སྒོས་སུ་གཞོན་ནུ་ལྷན་ཚོགས་ཀྱིས་ངོས་ནས་བོད་མིའི་བླ་ན་མེད་པའི་༸ གོང་ས་སྐྱབས་མགོན་ཡིད་བཞིན་ནོར་བུའི་བཀའ་དགོངས་དང་བརྒྱལ་འགལ་བྱེད་དགོས་པའི་གནད་དོན་ཞིག་རྩ་ནས་ཆགས་ཀྱི་མེད།

    རྒྱུ་མཚན་གཉིས་པ་སྟེ། ༸ རྒྱལ་བའི་ཐུགས་དང་འགལ་མེད་ཅེས་༸གོང་ས་མཆོག་གི་ཐུགས་དགོངས་ངོ་མ་དེ་ཁ་བྲལ་དང་བོད་རང་བཙན་རྩོད་ཀྱིན་ཡོད་པ་གསལ་བཤད་གཅིག་བྱས་ཡོད་ཀྱང་དེ་ནི་༸ གོང་ས་མཆོག་གིས་དུས་ནས་དུས་སུ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཞིག་རྩོད་པ་ལས་རང་བཙན་རྩོད་ཀྱིན་མེད་ཅེས་ཡང་ཡང་གསུངས་བཞིན་ཡོད།

    རང་གི་གཅེས་པའི་རྒྱལ་ཁབ་དང་། མི་རིགས། ཆབ་སྲིད། ཆོས་ལུགས། རིགགཞུང་། དཔལ་འབྱོར། སྤྱི་ཚོགས་བཅས་ལ་ཁ་ཞེ་སྙིང་མེད་ཀྱིས་སྒོ་ནས་རྒྱལ་གཅེས་ཀྱི་ལྷག་བསམ་རྣམ་དག་དང་། མི་རིགས་ཀྱི་ལ་རྒྱ་བརྟན་པོར་བཅིངས་ནས་ཁ་ཞེ་སྙིང་མེད་ཀྱིས་རྒྱལ་ཁབ་དང་མི་རིགས་ལ་སྲི་ཞུ་རྣམ་དག་དང་༸ རྒྱལ་བའི་སྐུ་གསུང་ཐུགས་གསུམ་ལ་ངོ་བོ་དབྱེར་མེད་གཅིག་གིས་སྒོ་ནས་ལྟ་ཚུལ་དྲངས་པོར་བཟུང་དགོས།

    དེ་ནི་རང་ཉིད་བོད་རིགས་མི་དམངས་གཅིག་གིས་ངོས་ནས་བཤད་ན་ང་ཚོས་སོམས་དགོས་པ་ཞིག་དང་། ང་ཚོས་ཤོད་དགོས་པ་ཞིག ང་ཚོས་སྒྲུབས་དགོས་པ་ཞིག་བཅས་ཡིན།

    Reply
  32. སྐར་མདའ། says:
    ལོ་ 15 སྔོན།

    དྲ་གྲོགས་ཚང་མས་བཞེད་ཚུལ་གཅིག་པ་རེད་འདུག
    ཡིན་ན་ཡང་གཞོན་ལྷན་གྱི་གསུང་སྟངས་དེ་འང་ཏོག་ཙམ་ཐལ་དྲག་པ་མིན་ནམ་བསམ་པའི་བསམ་ཚུལ་ཞིག་ངང་གིས་སླེབས་འོང་གི་འདུག

    ༸རྒྱལ་བའི་བཀའ་དང་འགལ་ན་ཐུགས་དང་མ་འགལ་ཟེར་བ་དེ་ལ་བརྟག་དཔྱད་ནན་མོ་མ་བྱས་ཚེ་ཐམས་ཅད་རུལ་འགྲོ་གི་མ་རེད་དམ། བཀའ་དང་འགལ་ན་ཐུགས་དང་མ་འགལ་ཟེར་བ་དེ་ནི་ཅི་འདྲའི་ཐབས་སྐྱོ་པའི་སྐད་ཆ་བཤད་སྟངས་ཤིག་དང་། བོད་སྐད་ཡང་དག་པ་ཞིག་མ་ཤེས་པའི་སྐྱོན་ཞིན་རང་ཞིག་གིས་སེམས་ལ་སླེབས་ཡོང་གི་འདུག་

    དེ་གང་རེད་ཟེར་ན། བཀའ་ནི་ཐུགས་ཀྱི་བཞེད་པ་རྣམ་དག་ལས་བྱུང་པའི་གསུང་གི་སྒྲ་དབྱངས་དེ་མ་ཡིན་ནམ། བཀའ་མ་བརྩིས་པ་ཡིན་ན་ཐུགས་ཀྱི་བཞེད་པ་འང་མ་བརྩིས་པ་དང་ཁྱད་པར་ག་བར་འདུག བསམ་བློ་ཞིབ་མོ་རེ་བཏང་སྟེ་སྐད་ཆ་རེ་བཤད་ན་མ་གཏོགས་མིད་པ་འཆོལ་འོངས། འོན་ན་ཁྱེད་ཀྱིས་གསུང་བ་ལྟར་བཅས་ན་བཀའ་དང་ཐུགས་གཉིས་འགལ་བ་རེད་ཟེར་རྒྱུ་ཡིན་པ་འདྲ། བཀའ་ནི་ཐུགས་ཀྱི་དགོངས་པ་ལས་མ་འཁྲུངས་པ་ག་བ་ནས་འཁྲུངས་དགོས་སམ།

    སྤྱིར་བཏང་བསམ་ཚུལ་ག་རེ་བཤད་ཀྱང་འགྲིག་མོད། འོན་ཀྱང་རང་གིས་དོན་དག་གང་སྒྲུབ་ན་ངེས་པར་དུ་༸རྒྱལ་པའི་ཐུགས་དགོངས་དང་འགལ་པའི་ལས་ཀ་བྱེད་དགོས་དོན་མི་འདུག ཁོང་གི་ཐུགས་དགོངས་དང་མ་འགལ་བའི་ཕྱག་ལས་གནང་སྟངས་ག་ཚོད་མང་པོ་ཡོད་པ་རེད། དེ་དག་ཐུགས་ལ་མི་བཞག་པར་ལས་དཀའ་ཏོག་ཙམ་ལས་པ་དང་༸་རྒྱལ་པའི་བཀའ་དང་འགལ་མ་འགལ་གྱི་སྐད་ཆ་དཔེ་མང་པོ་ལངས་ཡོང་གི་འདུག དེ་ནི་ཡག་པོ་མི་འདུག

    ང་ཚོ་ལ་ཡིད་བཞིན་གྱི་ནོར་བུ་གཅིག་ལས་མེད་པ་ཁྱེད་ཅག་གིས་གསལ་བོར་མཁྱེན་གསལ་རེད། དེ་འདྲ་པའི་ནོར་བུ་དེ་ང་ཚོའི་ལག་ཏུ་ཡོད་དུས་དེ་ལ་སྲུང་སྐྱོབ་མ་ཞུས་པར་ཚིག་ངན་འདྲ་མིན་སྣ་ཚོགས་བཤད་བསྡད་པ་ཡིན་ན་ཡག་པོ་ཡོད་དམ་མེད་ཐུགས་སེམས་ཞིབ་མོ་རེ་གནོངས་དང་།

    བཤད་སྲོལ་ཞིག་ལ་[ནོར་བུ་རང་ལ་ཡོད་དུས༎]
    ནོར་བུའི་ནོར་ཐང་མ་ཤེས]]
    ནོར་བུ་གཞན་ལ་ཤོར་དུས༎]]
    འགྱོད་པའི་ལས་བསྐྱལ་འོངས༎]]
    ཟེར་པའི་དཔེ་འདི་ཚོ་སྐད་ཆ་ཡག་པོ་བཤད་མི་ཤེས་རིགས་དེ་ཚོས་ངེས་པར་དུ་གོ་དགོས།

    Reply
  33. མངའ་རིས་བུ། says:
    ལོ་ 15 སྔོན།

    གཞོན་ལྷན་གྱིས་རྒྱལ་བའི་བཀའ་དང་འགལ་བ་མེད་ཅེས་བཤད་སོང།
    རྒྱལ་བའི་བཀའ་དང་འགལ་དང་མི་འགལ་གྱི་ཚད་གཞི་གང་འདྲ་ཞིག་ལ་ཟེར་གྱི་ཡོད་དམ།
    རྒྱལ་བའི་བཀའ་ཡི་ནང་དུ་ཆོས་ཐམས་བདེན་པར་མ་གྲུབ་པ་རེད་ཅེས་གསུངས་པར་ང་ཚོས་ཀྱང་ཆོས་ཐམས་ཅད་བདེན་པར་མ་གྲུབ་པ་རུ་ཁས་ལེན་པ་དང་ཆོས་ཐམས་ཅད་བདེན་པར་མ་གྲུབ་པ་ཡིན་པར་སྒྲུབ་ཀྱི་ཡོད་རེད།
    དཔེ་དེ་ནང་བཞིན།
    ༧གོང་ས་༧་མཆོག་གིས་ད་ལྟའི་གནས་སྟངས་ལ་གཞིགས་ཏེ་བོད་རང་བཙན་ཡིན་པར་བཤད་ཀྱི་མེད།
    བོད་འདི་རྒྱ་ནག་གིས་ཡིན་པར་བཤད་ཀྱི་མིན།
    བོད་དོན་མཐའ་དག་བོད་མིའི་ཆེད་དུ་རྩོད་ཀྱི་མེད།
    བོད་དོན་འདི་རྒྱ་ནག་གིས་གང་བྱས་ལ་འཇོག་རྒྱུ་མིན།
    མདོར་ན་བོད་རྒྱ་གཉིས་ཀར་སྨན་པའི་ལམ་དབུ་མ་ཡིན།
    ལམ་དབུ་མ་རྩོད་ཀྱི་ཡོད།
    ལམ་དབུ་མའི་མཐའ་དོན་སྒྲུབ་དགོས་རེད་གསུངས་པ་རེད།
    གཞོན་ལྷན་གྱིས་དེ་ལས་ལྡོག་སྟེ་ལམ་དབུ་མས་འགྲིག་གི་མི་འདུག
    བོད་རང་བཙན་ཡིན་བོད་རང་བཙན་སྒྲུབ་ཀྱི་ཡིན།
    ལམ་དབུ་མར་མི་འདོད།
    ལམ་དབུ་མ་མི་སྒྲུབ་ཅེས་བཤད་དུས་རྒྱལ་བའི་བཀའ་དང་འགལ་བར་འགྲོ་གི་མི་འདུག་གམ།
    དེར་རྟེན་རྒྱ་ནག་གིས།
    མི་ངན་ནང་ལ་བསྡད་ནས།
    ཇུས་ངན་ཕྱི་ལ་འདེངས་ཀྱི་འདུག་ཅེས་ཤོད་ཀྱི་འདུག་པཱ།
    དེས་ཕྱིར་ཟམ་གདོང་བླ་མས་དགག་པ་བྱེད་དགོས་པའང་དེ་འདྲ་ཞིག་ཡིན་རྒྱུ་རེད།
    གལ་ཏེ་ལམ་དབུ་མའི་བརྒྱུད་ནས་བོད་དོན་འགྲུབ་མ་ཐུབ་པ་ཡིན་ན་དེ་ནི་གཞོན་ལྷན་གྱིས་འགོག་རྐྱེན་རེད།
    ཡང་བོད་རང་བཙན་རྒྱ་ནག་གིས་སྟེར་བཞིན་དུ་ལས་དོན་མ་གྲུབ་པ་ཡིན་ན།
    དེ་ནི་ལམ་དབུ་མ་སྒྲུབ་མཁན་དག་གིས་ཉེར་ལེན་དུ་རྩིས་ན་འགྲིག་གི་རེད།

    Reply
  34. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 15 སྔོན།

    ༸རྒྱལ་བའི་བཀའ་དང་འགལ་ཡང་ཐུགས་དང་འགལ་མེད།
    དོ་བདག་གིས་གཞི་རྩ་གང་འདྲ་ཞིག་ལ་བསམས་ནས་གསུང་གི་ཡོད་མེད་ངས་ཞུ་ཚོད་ཐིག་གི་མ་རེད།
    ངས་ནི་ཇི་ལྟར་བསམས་ཀྱང་༸གོང་ས་མཆོག་ཁ་ཞེ་མཐུན་གྱི་མེད་ཟེར་བ་འདྲ་པོ་ཞིག་མ་གཏོགས་གོ་གི་མི་འདུག

    མ་གཞི་༸གོང་ས་མཆོག་གི་ཐུགས་དང་འགལ་ཟེར་བའི་སྐད་ཆ་འདི་དང་༸གོང་ས་མཆོག་གི་ལྟ་གྲུབ་དང་མི་མཐུན་ཟེར་བའི་སྐད་ཆ་འདི་གཉིས་ཀྱི་དབར་སྤྱི་ཚོགས་ཀྱི་གོ་སྟངས་ལ་མི་འདྲ་བའི་ཁྱད་པར་ཏན་ཏན་ཡོད་པ་རེད། དེར་བརྟེན་༸རྒྱལ་བའི་ཆབ་སྲིད་ཀྱི་ལྟ་གྲུབ་དང་མི་མཐུན་ན་༸རྒྱལ་བའི་དགོངས་པ་དང་འགལ་དགོས་པ་ཞིག་ངས་མཐོང་གི་མེད། སྤྱི་ཚོགས་གཅིག་གི་ནང་ལྟ་གྲུབ་དང་ལམ་སྲོལ་མི་འདྲ་བ་དང་སྣེ་མང་ཡོང་ཆོག་པ་དང་ཡོང་དགོས་པ་འདི་རྒྱལ་བའི་དགོངས་པ་རེད།

    སྐད་ཆ་བཤད་སྟངས་འདི་སྙིང་རྗེ་པོ་འདྲ་ཞིག་བྱུང་མི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese