འགྲོ་བ་མིའི་ཐོབ་ཐང་གིས་གསལ་བསྒྲགས་སྤེལ་བ་ལྟར་ན། ད་ལོའི་ཕྱི་ཟླ་ ༦ པའི་ནང་ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་འབྲས་སྤུངས་དགོན་པའི་དགེ་བསྐོས་འཇམ་དཔལ་དབང་ཕྱུག་ལགས་སུ་ཚེ་བཙོན་དང་། དགེ་རྒན་དཀོན་མཆོག་ཉི་མ་ལགས་སུ་ལོ་ ༢༠ ཡི་དུས་བཀག་བཙོན་འཇུག་བཅས་ཀྱི་ཁྲིམས་ཐག་བཅད་ཡོད་འདུག ཁོང་གཉིས་ ༢༠༠༨ ཟླ་ ༤ ཚེས་ ༡༡ ཉིན་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་ཅིང་། དགེ་བསྐོས་འཇམ་དཔལ་དབང་ཕྱུག་ལགས་ནི། ལྷ་ས་གྲོང་ཁྱེར་ཕན་པོ་ལྷུན་གྲུབ་རྫོང་། མཚོ་སྟོད་ཞང་ནས་ཡིན་ཞིང་ད་ལྟ་རང་ལོ་ ༥༡ དང་། དགེ་རྒན་དཀོན་མཆོག་ཉི་མ་ལགས་ནི། ཨ་མདོ་མཛོད་དགེ་རྫོང་རྫ་རི་ཞང་ནས་ཡིན་ཞིང་ད་ལྟ་རང་ལོ་ ༤༡ ཡིན་འདུག
འབྲས་སྤུངས་ཐེ་བོ་ཁང་ཚན་གྱི་གྲྭ་དཀོན་མཆོག་ཉི་མ་ལགས་ནི་མདོ་སྨད་ཐེ་བོ་གཟའ་རུའི་ལོ་དགེ་དགོན་པའི་གྲྭ་རྐྱང་ཞིག་ཡིན། ཁོང་དབུས་ཁུལ་དུ་ཕེབས་ནས་འབྲས་སྤུངས་ཐེ་བོ་ཁང་ཚན་དུ་སློབ་གཉེར་དུ་མཛད་དེ་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་གཞོན་སྐྱེས་ཁྲོད་དུ་མཁས་པའི་སྙན་པ་ཆེས་ཆེར་རྒྱས་པ་མ་ཟད་ཁོང་ལ་འབྲས་སྤུངས་སུ་ཆོས་སྲིད་ཟུང་གི་ཆ་ནས་གདེང་འཇོག་དང་གྲྭ་མང་ཡོངས་ནས་གུས་བཀུར་ཐོབ་པའི་གྲྭ་རྐྱང་ཞི་དུལ་བག་ཕེབས་ཅན་ཞིག་ཡིན་པས་འབྲས་སྤུངས་སུ་གྲྭ་མང་ཡོངས་ནས་རྒན་ཉི་མ་ཚང་ཞེས་སྙན་གྲགས་ཆེ་བ་ཞིག་ཡིན་འདུག
དཀོན་མཆོག་ཉི་མའི་ཕ་ཡུལ་རྫ་རི་ཞང་མ་རེད། གཟའ་རུ་ཞང་ཤང་པོ་ཆེ་བ་སྡེ་བ་ནས་ཡིན་པ་དང་། ཨ་མདོ་ལ་བཞུགས་སྐབས་ལོ་དགེ་དགོན་པའི་གྲྭ་པ་ཡིན་པ་རེད།
བོད་མི་རིགས་ཀྱི་དཔའ་བོ་ཁྱེད་རྣམ་གཉིས་ཀྱི་དབུས་པའི་དཔའ་བོ་དཔའ་མོ་རྣམས་གང་མགྱོགས་སྡུག་བསྔལ་ལས་ཐར་བའི་སྨོན་ལམ་འདེབས་རྒྱུ་ཡིན། བོད་རྒྱལ་ལོ༎