མཚོ་སྔོན་ཞིང་ཆེན་སྲིད་གཞུང་དང་སློབ་གསོ་ཐུན།
རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བྱེད་ཕྱོགས་སྐོར་ཀྱི་རྩ་ཁྲིམས་དོན་ཚན་བཅུ་པའི་ནང་《མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ས་གནས་དེ་གའི་མི་རིགས་ཁག་ཚང་མར་རང་ཉིད་ཀྱི་སྐད་ཡིག་བེད་སྤྱོད་དང་དར་རྒྱས་སུ་གཏོང་བའི་རང་དབང་ཡོད་པ་དང༌། རང་ཉིད་ཀྱི་ཡུལ་སྲོལ་གོམས་གཤིས་སྔར་མུས་འཛིན་པའམ་བསྒྱུར་བཅོས་བྱེད་པའི་རང་དབང་ཡོད་པར་འགན་སྲུང་བྱ་རྒྱུ།》ཞེས་བརྗོད་དོན་ལྟར། བོད་རིགས་ས་ཁུལ་ཁག་གི་ས་གནས་རང་སྐྱོང་ཁག་ལ་མི་རིགས་རང་ཉིད་ཀྱི་སྐད་ཡིག་ལག་བསྟར་བྱེད་རྒྱུའི་དབང་ཚད་ཆ་ཚང་ཡོད་ཆོག་པ་ཡིན་ན་ཐེངས་འདིར་བཙན་དབང་གིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་སོགས་མི་རིགས་ས་གནས་རང་སྐྱོང་ཁུལ་ཁག་ཅིག་གི་ནང་བཙན་གྱིས་བོད་རང་ཉིད་ཀྱི་སྐད་ཡིག་བེད་མེད་དུ་གཏོང་བཞིན་པ་འདི་ནི་རྒྱ་ནག་རང་གི་རྩ་ཁྲིམས་དང་འགལ་ཡོད་པ་མ་ཟད་ཁྱེད་ཅག་གིས་བརྗོད་བཞིན་པའི་ཡང་དག་པའི་ཀྲུང་གོའི་བྱ་གཞག་དང་འགལ་འདུག་པས་ཐོལ་བྱུང་གི་སྲིད་བྱུས་འདི་དག་གང་མགྱོགས་ཕྱིར་འཐེན་བྱེད་རྒྱུར་ང་ཚོས་འབོད་སྐུལ་ཞུ་བཞིན་ཡོད།
དེ་མིན་མུ་མཐུད་གནད་དོན་འདི་ཐག་གཅོད་བྱེད་མ་ཐུབ་པར་རྒྱུན་མཐུད་དུ་གནས་ཚེ་མི་རིགས་དང་སྐད་རིགས་འཆམ་མཐུན་ལ་གནོད་སྐྱོན་ཚབས་ཆེན་ཐེབས་ངེས་ཡིན་པ་སྨྲོས་མེད་ཡིན། སློབ་གསོ་བཅོས་བསྒྱུར་དང་འཕེལ་རྒྱས་གྱི་འཆར་འགོད་རྩ་གནད་ཅེས་པའི་ནང་《༢༠༡༥ལོར་སླེབས་ཚེ། སློབ་ཆུང་ཁག་ཏུ་རྒྱལ་ཁབ་ཀྱི་ཐུན་མོང་དུ་སྤྱོད་པའི་སྐད་དང་ཡི་གེ་གཙོ་བོ་བྱ་རྒྱུ་དང༌། མི་རིགས་རང་གི་སྐད་དང་ཡི་གེ་ཕལ་བར་བཞག་ནས་༼སྐད་གཉིས༽ཀྱི་སློབ་ཁྲིད་བྱ་རྒྱུ་ལག་ལེན་དུ་བསྟར་དགོས། དེ་དང་འགྲོས་མཉམ་གྱིས་གྲངས་ཉུང་མི་རིགས་ཀྱི་སློབ་འབྲིང་སློབ་མ་ཚོར་རྒྱལ་ཁབ་ཀྱི་ཐུན་མོང་དུ་སྤྱོད་པའི་སྐད་དང་ཡི་གེ་སློབ་ཁྲིད་བྱ་རྒྱུ་》ཞེས་འཁོད་པའི་མི་རིགས་རང་ཉིད་ཀྱི་སྐད་ཡིག་རྨེག་མེད་དུ་གཏོང་འདོད་ཀྱི་ཡིག་ཆ་འདིར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན།
རྩོམ་པ་པོ་ཞིག་གི་ངོས་ནས་བརྗོད་ན་སྐད་ཡིག་ནི་མི་རིགས་ཤིག་གི་མཚོན་དོན་གཙོ་བོ་ཡིན་པས་མི་རིགས་དེ་ཉིད་ཀྱི་ཤི་གསོན་སྐད་ཡིག་གི་ཚེ་སྲོག་ལ་ཐུག་ཡོད་པར་འདོད་ཀྱི་ཡོད་ན། སྐད་ཡིག་མེད་པར་བཟོ་བ་ནི་མི་རིགས་མེད་པར་བཟོ་འདོད་ཡིན་པས་འདི་ལྟར་མུ་མཐུན་དུ་ཕྱིན་ཚེ་ཀྲུང་ཧཱ་རྒྱལ་ཁབ་ཀྱིས་ནམ་རྒྱུན་བརྗོད་བཞིན་པའི་གྲངས་ཉུང་མི་རིགས་སྲུང་སྐྱོབས་ཅེས་པ་སྟོང་བཤད་དུ་འགྱུར་ཉེན་ཆེ་བས་ཀྲུང་ཧྭ་རྒྱལ་ཁབ་ཀྱིས་རང་ཉིད་ཀྱི་རྩ་ཁྲིམས་སྣང་མེད་ལ་མི་འཇོག་པ་ང་ཚོའི་རེ་བ་བྱེད་ཀྱི་ཡོད།
ཕྱི་ལོ་༢༠༡༠ཟླ ༡༠ ཚེས་༢༣ ཉིན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོ་སྐོར་ཞིག་ནས།
མཚན་རྟགས་བཀོད་མཁན་རྩོམ་པ་པོ་རྣམས་ཀྱི་མཚན་གཞུང་གཤམ་གསལ།
ཤིང་བཟའ་རིན་པོ་ཆེ། ༼ རྩོམ་པ་པོ། རྒྱ་གར་ལྷོ་ཕྱོགས།༽
སྤྲེལ་ནག་པ་བློ་གྲོགས་དཔལ་བཟང་། ༼ཉམས་ཞིབ་པ། ནོར་གླིང་།༽
མཁན་པོ་ངག་དབང་རྡོ་རྗེ། ༼ ཉམས་ཞིབ་པ། ཨ་རི། ༽
བསྟན་འཛིན་བརྩོན་འགྲུས། ༼ སྙན་ངག་པ། རྡ་རམ་ས་ལ།༽
བུ་ཆུང་བསོད་ནམས། ༼རྩོམ་པ་པོ། རྡ་རམ་ས་ལ།༽
བཅུད་པར་གཡང་ཁོ་རྒྱལ། ༼ རྩོམ་པ་པོ། རྡ་རམ་ས་ལ།༽
ཨ་འཇམ། ༼མཐོ་སློབ་དགེ་རྒན། སྦེང་ལོར།༽
ལྷ་སྡེ་གནམ་ལོ་ཡག ༼ རྩོམ་པ་པོ། ཨོ་སའི་ཌིར་ལེ་ཡ། ༽
ལྕགས་མོ་མཚོ། ༼ སྙན་ངག་པ། ཨ་རི། ༽
གཟུངས་ཕྱུག་སྐྱིད། ༼ སྙན་ངག་པ། རྡ་རམ་ས་ལ། ༽
སྟག་ལྷ་རྒྱལ། ༼ གསར་འགྱུར་ལས་མི། ཨ་རི། ༽
སྐྱེས་སར་ཀླུ་སྒྲུབ། ༼ ཉམས་ཞིབ་པ། ཡུ་རོབ། ༽
འཇུ་བསྟན་སྐྱོངས། ༼ རྩོམ་པ་པོ། རྡ་རམ་ས་ལ། ༽
བྱ་དོར་ཕུན་ཚོགས་དབང་ཕྱུག ༼ སྙན་ངག་པ། རྡ་རམ་ས་ལ། ༽
ཨ་འབྲུག་དཀོན་མཆོག ༼ ཉམས་ཞིབ་པ། ས་རཱ། ༽
སྒྲོལ་དཀར་སྐྱབས། ༼ མཐོ་སློབ་འགན་འཛིན། ནོར་གླིང་། ༽
སྤྲོ་ཚིགས་ཆོས་གྲགས། ༼ཉམས་ཞིབ་པ། རྡ་རམ་ས་ལ།༽
རེ་མདོ་སེང་གེ ༼ མཐོ་སློབ་དགེ་རྒན། རྡ་རམ་ས་ལ༽
ཚེ་རིང་དབང་མོ། ༼ སྙན་ངག་པ། ཨ་རི། ༽
ཚེ་རིང་རྒྱལ། ༼ གསར་འགོད་པ། རྡ་རམ་ས་ལ། ༽
བྱ་ཁོག་ལོ་བྷེ། ༼ རྩོམ་པ་པོ། ཡུ་རོབ། ༽
གངས་ལྷ་མོ། ༼རྩོམ་པ་པོ། རྡ་རམ་ས་ལ༽
ལྷ་ཆབ་སྦྱིན་པ། ༼ སྙན་ངག་པ། རྡ་རམ་ས་ལ། ༽
ཀེ་ཐོ། ༼ གསར་འགོད་པ ཨ་རི། ༽
ལྷ་ལུང་རྒྱལ། ༼ མཐོ་སློབ་དགེ་རྒན། ནོར་གླིང་། ༽
ཙོང་ཁ་ཚེ་བརྟན་རྒྱལ། ༼ རྩོམ་པ་པོ། རྡ་རམ་ས་ལ། ༽
འབྲོག་རི་ཆོས་གྲགས། ༼སྐད་ཡིག་ཚགས་པར་རྩོམ་སྒྲིག་པ། རྡ་རམ་ས་ལ༽
ཕྱི་ལོག་གི་རྩོམ་པ་པོ་ཉེར་བདུན་གྱིས་འབོད་སྐུལ་ལ་དབྱེ་ཞིབ་ཆེན་པོ་མེད་པ་ཞིག་རེད་མོད། ང་ཚོས་ཁ་རྒྱགས་པ་བཤད་ནས་འདུག་མི་ཉན། ཡང་གཅིག་བཤད་ན་ང་ཚོ་ཀྲུང་ཧྭ་མི་རིགས་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་འོག་འགྲོ་གི་ཡིན་ཟེར་བ་མིན་ནམ།
དྲ་འབུ་ཁ་ཅིག་གི་རྒྱ་ནག་གི་ཁྲིམས་འཁུར་མ་འདོད་ནས་ཡོང་བ་ཡིན་པའི་དེ་ལ་
ཅིག་བཤད་པའི་དབང་ཆ་མེད་ཟེར་བ་ནི།
ང་རང་ཚོའི་རྩ་དོན་མ་ཤེས་བ་ཡིན་པའི་དགོད་རྒྱུ་ཡོང་ག
ད་དུང་འགྲོ་བ་མའི་ཐོབ་ཐང་ཕྱོགས་ལ་ཡང་བསམ་བློ་གཏོང་མ་མྱོང་བ་ཞིག་རེད་འདུག་ན་ཁྱི་ཁ་བཙུམ་རོགས།
ཚེ་རིང་དབང་མོ། ༼ སྙན་ངག་པ། ཨ་རི། ༽ཟེར་བ་དེ་ཨ་རིར་ཡོད་པའི་བོད་ཀྱི་མཛེས་མ་ཚེ་རིང་སྐྱིད་ཟེར་བ་རེད་དམ། དྲ་གྲོགས་ཚོས་ཤེས་ན་ལན་ཞིག་གནང་རོགས། ང་རྡ་སར་སླེབས་དུས་མོ་རང་ཕྱི་རྒྱལ་དུ་ཕྱིན་ཚར་འདུག ངས་ནམ་རྒྱུན་མོ་རང་གིས་གཙོ་སྐྱོང་བྱེད་བཞིན་པའི་དྲ་སྣང་གི་བོད་ཅེས་པར་ལྟ་གིན་ཡོད།
རྒྱུ་མཚན་གཙོ་བོ་ངས་མོ་ལ་སྐད་ཆ་ཞིག་འདྲི་འདོད་ཡོད། མོས་དྲ་སྣང་གི་བོད་ཅེས་ཟེར་གྱིན་ཡོད་པ་མ་ཟད། བརྙན་འཕྲིན་ཐོག་དྲ་སྣང་གི་བོད་ཅེས་བྲིས་འདུག ངས་བལྟས་ན་དྲ་ནང་གི་བོད་ཨེ་ཡིན་ནམ་བསམ་གྱི་འདུག དེ་ཤེས་མཁན་ཡོད་ན་ལན་ཞིག་གནང་རོགས། ངའི་དྲི་བ་འདི་སྐབས་སུ་མ་བབ་པ་ཞིག་ཡིན་ན། དྲ་གྲོགས་ཚོས་ང་ལ་བཀའ་བཀྱོན་གནོངས་དང་ཆོག
ད་ཐེངས་བོད་ནང་གི་སློབ་གསོའི་ལས་འགུལ་འདིར་ཁྲོམ་སྐོར་གྱི་རྣམ་པ་ཞིག་དང་། ཕྱི་ཕྱོགས་གོ་སྐབས་རིང་ལུགས་པ་ཁ་ཤས་ཀྱིས་དྲིལ་སྒྲོག་བྱས་པའི་ཁ་གཡང་ཙམ་ལས།་ཉམས་ང་བའི་བོད་ཀྱི་སློབ་གསོའི་ཐད་ལ་རེ་བ་ཞིག་ཡོང་རྒྱུ་མཐོང་དཀའ། དྲན་དབང་པན་ཆེན་སྐུ་ཕྲེང་བཅུ་བ་ཆེན་མོ་སྐུ་གཤེགས་པ་ནས་བཟུང་བོད་ནང་གི་སློབ་གསོ་དེ་དབང་བོ་སྐྱོན་ཅན་གྱི་མི་ནུས་མེད་ལྟ་བུ་ཞིག་ཆགས་ཡོད། བཀུར་འོས་གོང་གི་རྩོམ་པ་བོ་རྣམ་གྱི་ལྷག་བསམ་ལ་ཡི་རངས་ཞུ་འོས་མོ།འོན་ཀྱང་སློབ་གསོའི་ལས་དོན་འདིའི་ཐད་ཕྱི་ནས་རྣམ་འགྱུར་མ་བསྟན་ན་ཡག།
ཡག་པོ་རེད། གང་ལྟར་རང་རང་ས་ནས་གཅིག་གླེང་དགོས་པ་རེད། འདི་ལྟར་ཚང་མས་བྱས་ན་རྒྱ་ནག་ལ་སུན་གཙེར་ཅུང་ཡོད་ངེས། ར་མ་འཕག་ནས་རྫ་མ་མི་ཆག ཙི་གུ་རྒྱུག་ནས་བྱང་ལམ་མི་ཆོད་ཟེར་སྲོལ་ཡོད་མོད་གང་ལྟར་ང་ཚོའི་གཅིག་བསྒྲུབ་དགོས་པ་ཡིན། ཁ་བཤད་ལག་ལ་འཁྱོལ་དགོས་པ་དེ་གལ་ཆེན་ཡིན།
བཙན་བྱོལ། ཡིག་ནོར་དོན་ནོར་མེད་པ་ཞིག་སོགས་མང་བོ་ཞིག་ཆད་འདུག་པས། དགོངས་འགལ་མེད་པར་ཞུ
ང་ཚོའི་ངོས་ནས་ལྷག་བསམ་ཟོལ་མེད་ཀྱིས་སློབ་ཕྲུག་ཚོར་རྒྱབ་སྐྱོར་བྱ་འོས་པ་ཞིག་རེད། འོན་ཀྱང་། ཕལ་ཆེར་རྩོམ་པ་འདི་དག་མིང་གཞུང་ལ་བལྟས་ན་ངོ་རང་མི་ངོ་ཤེས་སྐོར་ཞིག་གི་མིང་ཐོ་བྲིས་ཏེ་བཙན་བྱོལ་རྩོམ་པ་པོ་དག་གི་ཚབ་ལྟ་བུ་ཞིག་ཡིན་བཟོ་བསྟན་འདུག དེ་ནི་ཧམ་ཆེ་དྲགས་པ་རེད། བཙན་བྱོལ་གཞུང་ན་འདི་དག་ལས་རྩོམ་པ་པོ་མེད་ད་ཚར་འདུག སྤྲེལ་ནག་པ་ནི་དངོས་གནས་བོད་རིག་པའི་གནས་ལ་བྱང་ཆུབ་པའི་ངེས་དོན་གྱི་རྩོམ་པོ་ཡིན་རབས་འདུག གང་ལྟར་འདི་དག་བཙན་རྩོམ་པ་པོའི་ཚབ་བྱེད་བསམ་ན་སྙན་ཞུ་འདི་ཕྱིར་འཐེན་བྱས་ཏེ་ཡིག་ནོར་དོན་མེད་པའི་གསལ་བོ་དག་པོ་ཞིག་བྲིས་ན་ཡག་པོ་འདུག དེ་མིན་མགོ་བདེ་ངང་གོ་སྐབས་བཙལ་ཏེ་སྔོན་ཐོན་གྱི་བཟོ་སྟོན་ཚུལ་ནི་ཐབས་སྐྱོ་བོ་ཞེ་དྲག་རེད།
བོད་ཀྱི་རྩོམ་པ་པོ་ཉེར་བདུན་བརྫས་ན་ཅུང་ཆེ་དྲག་འདུག་མོད། གང་ལྟར་བསམ་བློ་ཞིག་བཏང་ནས་ལས་ཀ་ཞིག་བྱས་འདུག་པས་རྗེས་སུ་ཡི་རངས་ཡོད། ཡིན་ན་ཡང་ང་ཚོ་ཕྱིར་སྡོད་བོད་མི་རྣམས་ཀྱིས་ད་ཐེངས་བོད་ཀྱི་སློབ་མའི་ལས་འགུལ་འདི་ལ་གཟབ་གཟབ་བྱས་ནས་རྒྱབ་སྐྱོར་བྱེད་དགོས། རྒྱབ་སྐྱོར་བྱེད་སྟངས་མ་ཤེས་ན་ཕན་ལས་གནོད་ཆེ་བས་ངེས་པར་གཟོབས་ཤིག དེ་རིང་ངས་ཁྱེད་ཅག་གི་ལས་ཀར་འགྲིག་མ་འགྲིག་གང་ཡང་ཟེར་གྱི་མེད། རྗེས་ཕྱོགས་ལྟ་གི་ཡིན། བོད་ནང་གཅེས་ཕྲུག་ཚེ་རིང་རྒྱུ་དེ་ཚོའི་སྐུ་ཚེ་དང་རླབས་ཆེན་གྱི་ལས་འགུལ་ལ་མ་གནོད་ན་འགྲིག་ཡོད་རེད། བོད་ནང་ལ་ཕན་པའི་ལས་ཀ་ཞིག་བྱུང་ཕྱིར་སྡོད་བོད་མི་ང་ཚོས་བསྒྲུབ་ཐུབ་ཀྱི་ཡོད་ནི་མ་རེད།
རྩོམ་པ་པོ་ཉེར་བདུན་གྱི་མཚན་རྟགས་བཀོད་པའི་འབོད་བསྐུལ་འདི་དུས་བབ་ལ་གང་ནས་འབྱོར་བ་རེད། རྩོམ་པ་པོ་ཉེར་བདུན་གྱི་མཚན་རྟགས་དངོས་སུ་བཀོད་ཡོད་ན་མཚན་རྟགས་རྣམས་དངོས་སུ་འདིར་བཀོད་རོགས། དེ་མིན་མི་འགའ་རེས་རང་སྣང་གང་དྲན་གྱི་རྩོམ་པ་པོ་འགའ་ཤས་ཀྱི་མཚན་བེད་སྤྱོད་བྱེད་ཀྱིན་ཡོད་པ་འདྲ། རྩོམ་པ་པོ་འདི་དག་གིས་གྲོས་བསྡུར་ཇི་ལྟར་བྱས་པ་རེད། གཙོ་འགན་སུས་ཁུར་ཡོད་པ་རེད། ངས་བལྟས་ན་འདིར་མཚན་བཀོད་ཡོད་པའི་མི་འགའ་རེས་ད་དུང་འབོད་སྐུལ་འདི་འདྲ་ཞིག་བྲིས་པ་གོ་ཐོས་ཙམ་ཡང་མེད་པར་སྣང་བས་ཞིབ་འཇུག་གནང་རོགས།
དུས་རབས་ཉེར་གཅིག་པའི་སྐབས་སུའང་རྒྱ་ནག་པོས་ད་དུང་ང་ཚོ་ལ་འདི་འདྲ་བྱེད་སྲོལ་ག་ལ་ཡོད།རྒྱ་ནག་པོ་ཞེས་པའི་མིང་འདི་འང་ཁོ་ཚོ་ཞེ་ནག་པོ་ཡིན་པའི་སྟབས་ཀྱིས་བཏགས་པ་ཡིན་ཚེ།དེ་ནི་དངོས་གནས་མིང་དོན་མཚུངས་པ་ཞིག་རེད།རྒྱ་ནག་གིས་ང་ཚོའི་སྐད་ཡིག་གི་རང་དབང་འཕྲོག་དོན་ཅི་ཞིག་ཡིན།རྒྱ་ནག་པོ་ལ་འདི་འདྲའི་བསམ་སྦྱོར་གནག་པོ་མི་ལས་དགུ་ལས་བྱེད་པའི་ཐོབ་ཐང་དེ་སུས་སྤྲད་པ་ཡིན།ང་ཚོའི་རྒྱལ་ཁབ་འཕྲོག་ནས་མི་འབངས་དམར་གསོད་བྱས་པས་མ་ཟད།ཐ་ན་ང་ཚོ་ལ་རང་གི་སྐད་ཡིག་ཀྱང་སྤྱོད་དུ་མི་འཇུགངོ་མ་ལོ་བཅུའི་རྗེས་སུ་རྒྱ་མིས་ཐ་ན་འུ་ཅག་ལ་ཁ་ནས་བོད་སྐད་སྨྲ་ཚེ་ཁྲིམས་འགལ་ཡིན་ཞེས་སྐྱོན་འཛུགས་བྱེད་སྲིད་སྣྙམ་ཆེ།ལས་འབྲས་ཟེར་བ་ཞིག་ཡོད་ཚེ།དམྱལ་ཁམས་བཅོ་བརྒྱད་ཀྱི་མནར་གཅོད་ཀུན་མ་ལུས་པར་བསོད་ཟད་རྒྱ་ནག་པོའི་སྟེང་དུ་འཁོར་ངེས་པ་ཐག་ཆོད་ཡིན།
སུ་ཞིག་རེད། རྩོམ་རེ་ཟུང་བྲི་མཁན་ཙམ་ཡིན་པ་རྒྱུ་མཚན་དུ་བྱས་ནས་བོད་ནང་སྐད་ཡིག་གི་ཐོབ་ཐང་དགོས་སྐོར་འབོད་ཚིག་སྒྲོག་སྐབས་རེ་ཟུང་གིས་ནམ་ཞིག་ཡིན་ན་ཡང་རང་མིང་གསར་འགྱུར་གྱི་བརྒྱུད་ལམ་ཁག་ཏུ་ཐོན་ཐབས་གཙོར་འཛིན་གྱི་ལས་ཀ་བྱེད་སྟངས་འདི་རིགས་ཀྱིས་ནོར་འཁྲུལ་ཚབས་ཆེན་བཟོ་མི་སྲིད་མ་རེད། འདྲེ་ཡི་མ་དྲན་གོང་ལ། ནད་པའི་དྲན་ཞེས་པའི་དོན་དུ་མི་འགྱུར་བའི་ངེས་པ་མེད་པས་རྒྱ་གཞུང་གི་བཀའ་བཞིན་མཚོ་སྔོན་ཞིང་ཆེན་ཁྱབ་ཁོངས་ལ་གཏན་འབེབས་བྱས་པའི་སྲིད་ཇུས་ཤིག་ཡིན་སྟབས་ལམ་སེང་འདི་ཡིན་དང་འདི་མིན་གྱི་གཏམ་ལན་སློག་རྒྱུ་དཀའ་མོ་ཡིན་པ་ཙམ་ཡང་མི་ཤེས་པར་རང་ཤེད་ཀྱིས་འདི་འདྲ་འུད་སྒྲོག་མ་བྱེད་རོགས། ང་ཚོ་བཙན་བྱོལ་དུ་གནས་པ་རྣམས་ལ་ཅི་ཡང་བྱེད་མཁན་མེད་ཀྱང། བོད་ནང་དུ་ཡོད་པ་རྣམས་མེ་མདའི་ཁར་གནས་ཡོད་པ་མཁྱེན་པར། བོད་ནང་དུ་དོན་དག་ཅུང་ཙམ་བྱུང་བ་དང་ང་ཚོས་དེ་ཐོབ་རྩོད་ཀྱིས་སྤེལ་ཐབས་ལས་དོན་གྱིས་ལྷག་བསམ་ཞིག་རྩ་བ་ཉིད་ནས་མ་རེད།
མི་རིགས་འདྲ་མཉམ་དང་སྐད་ཡིག་རང་དབང་གི་འབོད་སྐུལ་ཟེར་བ་དེ་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་གི་སྐད་ཆ་ཞིག་རེད། རང་བཙན་གཙང་མ་མ་རེགས་ན་བོད་ལ་ལོག་གི་མིན་ཟེར་མཁན་ཚོར་རྒྱ་ནག་གིས་ད་ཐེངས་བརྡ་ལན་ཞིག་སྤྲོད་ཀྱི་རེད་དམ།
རྩོམ་པ་པོ་ཉེར་བདུན་གྱི་འབོད་སྐུལ་ཞུས་དུས་ད་རྒྱ་དམར་གྱིས་ལགས་སོ་ཞུ་རྒྱུ་རེད་པ། ཧ་་ཧ་་ཧ། བུག་བློ་རང་རེད་ད།
སྙན་ཞུའི་ནང་ན་ཡིག་ནོར་འདུག
མིང་གཞུང་ནང་ན་ཡིག་ནོར་འདུག
ངོ་རྒོལ་གྱི་རྣམ་པ་དང་རེ་འབོད་ཀྱི་རྣམ་པ་གཉིས་མཉམ་དུ་བྱེད་སྟངས་འདི། དེ་ཙམ་བདེ་པོ་ཞིག་མ་རེད། རྣམ་པ་ཚོའི་སེམས་ཤུགས་ལ་རྒྱབ་སྐྱོར་ཡོད།
འབོད་སྐུལ་བྱས་པ་ཞིག་ལ་འགྲིག་མིན་གྱི་རྟགས་རྒྱག་ཁེགས་པོ་རེད། ཡིན་ནའང་། འདི་ལ་ཞིབ་འཇུག་གིས་མ་འདང་བ་དང་། གནད་དོན་དངོས་བཤད་མ་ཐུབ་པར་རྣམ་ཀུན་གྱི་ཁ་དོན་ལྟ་བུའི་འབོད་ཚིག་དེ་བསྐྱར་འདོན་བྱས་པ་ཙམ་ཡིན་པས་དེ་ཙམ་གྱི་སྙིང་བོ་ཆེན་པོ་མི་འདུག ཞུ་འབོད་བྱ་ན་དངོས་གནས་ཞིབ་འཇུག་ཚད་ལྡན་ཞིག་བྱས་ནས་ཕར་ནང་ཚུར་ནང་ཡོད་ཚད་ངོ་ཤེས་པའི་སྟེང་ནས་གནད་ལ་སྨིན་པ་ཞིག་ཕུལ་ཐུབ་ན་ཡག་པོ་རེད། དེ་མིན་འདི་ལ་ཤེས་ཡོན་པས་ཕུལ་བའི་འབོད་སྐུལ་གྱི་ཁྱད་ཆོས་གང་ཡང་མི་འདུག
ཡག་པོ་རེད། ཚང་མ་ལོས་ཞིབ་ཀློག་གནང་རོགས། འབོད་བསྐུལ་གང་དང་གང་ཡང་ཕ་རོལ་བའི་འགྲོ་སྲོལ་གཞིར་འཇོག་པ་ནི་ཕྱི་འབྲེལ་གྱི་གུས་བརྩི་རེད་ལ། བོད་སློབ་ཚོའི་དགོས་འདུན་ལའང་མཐུན་གྱི་ཡོད་པ་རེད། དེ་བས། རྩ་ཁྲིམས་གཞིར་བཞག་མ་བཞག་གི་སྐད་ཆ་ཞིག་ལྷག་མི་འདུག་སྙམ།
བཙན་བྱོལ་ནང་གི་རྩོམ་པ་པོ་ཉེར་བདུན་གྱིས་རང་རང་གི་མཚན་རྟགས་དང་བཅས་པའི་སྒོ་ནས་འབོད་སྐུལ་ཞུ་ཡིག་ཕུལ་བར་བསྔགས་བརྗོད་ཡོད། ཞུ་ཡིག་འདི་དྲང་བདེན་དང་རྒྱུ་མཚན་ལྡན་པ་ཞིག་ཡིན་སྟབས་འབུལ་ཡུལ་གང་དང་གང་ལ་ཡིན་ཀྱང་གནད་ཐོག་སྨིན་འཁེལ་ཡོང་བའི་རེ་སྐུལ་ཞུ་རྒྱུ་ཡིན།
ང་ཚོ་བཙན་བྱོལ་ནང་རྩོམ་པོ་ཇི་སྙེད་ཅིག་ཡོད་ཀྱང་ཉེར་བདུན་ལས་མཚན་རྟགས་འདུ་རུབ་བྱེད་མ་ཐུབ་པ་ནི་ཡིད་ཕམ་དགོས་པ་ཞིག་རེད།
གཞིས་ལ་ཡོད་པའི་བོད་མི་ཚོས་ལུས་སྲོག་བློས་བཏང་གིས་སོ་སོའི་རིག་གཞུང་དང་མི་རིགས་ཆེད་དུ་འབད་འབུང་ཇི་ཙམ་བྱས་ཀྱང་བྱེས་འཁོད་བོད་མི་རྣམས་ཀྱིས་མཚན་རྟགས་ཙམ་ཞིག་བཀོད་མ་ཐུབ་པ་ཅི་ཡིན་ལན།
འགྲིགས་མི་འདུག གྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་གཞིར་བཞག་གིས་སྙན་ཞུ་འབུལ་བའི་ཐོབ་ཐང་ཁྱོད་ཚོར་ཡོད་པ་མ་རེད། ཁྱོད་ཚོས་གྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འཁུར་འདོད་མེད་ནས་ཕྱི་ལོགས་སུ་ཡོང་མཁན་སྐོར་ཞིག་རེད། ང་ཚོ་འདིའི་སྐོར་ལ་ད་དུང་ཁ་རོག་གེར་འདུག་པའི་དུས་ཚོད་རེད། བོད་ནང་གི་མིས་ང་ཚོའི་ལས་ཀ་ལས་དྲག་ཅིག་བྱེད་ཀྱིན་འདུག ཁྱོད་ཚོའི་འདྲེ་ལག་དེ་ད་དུང་བསྐུམས་ནས་འདུག་རོགས། བོད་ནང་གི་རྔམ་སྟོན་ཁྲོམ་སྐོར་དེ་ལ་ད་དུང་རྒྱ་ནག་གཞུང་གིས་ལན་གང་ཡང་སྤྲད་ཡོད་པ་མ་རེད། བཟང་ངན་གང་ཞིག་སྤྲོད་ལྟ་དགོས་པ་རེད། གལ་སྲིད་བརྡ་ལན་སྡུག་པོ་ཞིག་སྤྲད་ན་གཞི་ནས་ང་ཚོས་ཐལ་མོ་སྤར་བ་གང་ལས་གཏོར་མ་ཐུབ་ན་ཡང་རྒྱ་དམར་གྱི་ཕྱོགས་སུ་གཏོར་དགོས་པ་རེད། ང་ཚོ་ཕྱི་སྡོད་བོད་མིའི་འབོད་སྐུལ་ལ་རྒྱ་ནག་གིས་བརྡ་ལན་ཡག་པོ་ཞིག་སྤྲད་རྒྱུ་མིན་པ་ཚང་མས་ཤེས་བཞིན་པ་རེད། བོད་ནང་གི་མིའི་ཁོ་རང་ཚོའི་འཐབ་ཇུས་ཤིག་དང་ལངས་ཕྱོགས་ཤིག་བཟུང་ནས་ལས་འགུལ་སྤེལ་བའི་སར་ཁྱོད་ཚོས་འདྲེ་ལག་མ་རྐྱོངས་རོགས། ལས་ཀ་འདི་འདྲའི་མགོ་སློང་མཁན་དེ་སུ་རེད། རྩད་གཅོད་ཅིག་བྱེད་རོགས།
འདི་ནི་ཕལ་ཆེར་བོད་ཡོངས་ལ་དམིགས་པ་ཡིན་པ་འདྲ།
རྩོམ་པ་པོ་ཉེར་བདུན་གྱི་འབོད་སྐུལ་ཞུ་ཡིག་འདི་ལ་རྒྱབ་སྐྱོར་ཡོད་ཞོར་དུ་ཞུ་རྒྱུ་ཞིག་ལ།”སྐད་ཡིག་རང་དབང་། མི་རིགས་འདྲ་མཉམ།” “བོད་ཡིག་གི་བདག་དབང་ཕྱིར་སྤྲད་དགོས།” “མི་རིགས་སྐད་ཡིག་སྲུང་སྐྱོབ། ཀྲུང་ཧེའི་ཤེས་རིག་དར་སྤེལ།” “བོད་ཡིག་འཇིག་མི་སྲིད། བོད་སྐད་ཉམས་མི་སྲིད།”ཅེས་པ་དག་ནི་བོད་ནང་གི་སློབ་ཕྲུག་ཚོས་ཤེས་རིག་གི་བདག་དབང་ལ་ཁྲིམས་མཐུན་གྱིས་རྩོད་ལེན་བྱེད་སྟངས་ཤིག་ཡིན་ཡང་། བཙན་བྱོལ་གྱི་སློབ་མ་ཚོར་འདི་འདྲིའི་འབོད་ཚིག་སྙན་མོ། ནང་དོན་ཟབ་མོ། ཁ་ལ་བདེ་མོ། སེམས་ལ་འཕྲོད་མོ་ཞིག་ཡོང་རྒྱུ་མེད་པ་ལྐུག་སོང་བ་ཡིན་ནམ?