བོད་མི་རིགས་ཀྱི་ཚེ་སྲོག་ཉག་ཐག་ལ་འཕྱར་བའི་སྟར་ཆེན་བཅུ་གཉིས།
བོན་རྒྱ་བསྟན་འཛིན་རབ་རྒྱས།
ཐད་ཀར་བོད་མི་རིགས་ཀྱི་ཚེ་སྲོག་ཉག་ཐག་ལ་འཕྱར་བའི་སྟར་ཆེན་བཅུ་གཉིས་པོ་འདི་ནི། སྤྱི་ལོ་༢༠༡༠ ཟླ༩ ཚེས་༡༢ ཉིན་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་ཞེས་པ་བསྡུས་པའི་སྟེང་གཏན་འབེབ་བྱས་པའི་སློབ་གསོའི་ལས་སྒོ་ཆེན་པོ་བཅུ་གཉིས་ཞེས་པ་དེ་རེད། འདི་ནི་མངོན་པར་གསལ་བ་དང་མི་གསལ་བའི་སྒོ་ནས་བོད་མི་རིགས་ཀྱི་ཚེ་སྲོག་ལ་ཐད་ཀར་འཕྱར་བའི་སྟར་ཆེན་འབའ་ཞིག་ལ་གྱུར་ཡོད་ལ། འདི་དག་གི་འབྲུ་དོན་རེ་རེ་བཞིན་དཔྱད་ན་སྲིད་གཞུང་ཞིག་གི་སྒེར་གཅོད་ཀྱི་ངོ་གདོང་དང་། གཏིང་གནག་པོའི་འཆར་གཞི། མི་རིགས་དབྱེ་འབྱེད་ཀྱི་ཇུས་ཆེན་དང་། སྐད་ཡིག་རིས་གཅོད་ཀྱི་འདུ་ཤེས། མི་རིགས་ཚར་གཅོད་ཀྱི་བྱེད་ཐབས་བཅས་མཐོང་ཐུབ་པ་ཡིན་པས། དེ་ལུགས་ཀྱི་དཔྱད་ཞིབ་མདོར་བསྡུས་ཀྱིས་བྱ་རྒྱུ་ཡིན།
སྟར་ཆེན་དང་པོ། (སློབ་གྲྭ་འབྲིང་ཆུང་གི་གྲུབ་ཚུལ་ལེགཊ་སྒྲིག་དང་སློབ་མའི་མལ་ཁང་གི་བདེ་འཇགས་བཟོ་སྐྲུན་བྱ་རྒྱུ། )
སློབ་མའི་མལ་ཁང་བདེ་འཇགས་བཟོ་སྐྲུན་ཞེས་པ་རུ་དཔལ་འབྱོར་བསྡུ་རུབ་ཀྱི་འཆར་གཞི་ཞིག་གི་ཁ་ཆེ་ཆེར་གདེང་ཡོད་པ་མ་ཟད། འདིའི་གྲུབ་ཚུལ་ལེགས་སྒྲིག་ཅེས་པ་རུ་བོད་མི་རིགས་མགྱོགས་མྱུར་ངང་རྒྱ་མི་རིགས་ལ་བསྒྱུར་འདོད་པ་དང་རྒྱ་ཕྲུག་རྣམས་གྲོག་མ་བཞིན་གང་སར་གཏོར་འདོད་ཀྱི་འཆར་གཞི་འདྲེ་འདྲ་བ་ཞིག་ཡོད་དེ། སྤྱི་ལོ་ ༢༠༡༢ བར་ཏུ། མཚོ་སྔོན་ཞིང་ཆེན་ན་སློབ་གྲྭ་འབྲིང་ཆུང་དང་འབྲིང་རིམ་ལས་རིགས་སློབ་གསོའི་སློབ་གྲྭ། དམིགས་བསལ་སློབ་གྲྭ་བཅས་གྲངས་ ༢༥༤༥ ཡོད་པ་ཚང་མ་སློབ་གྲྭ་ ༡༢༦༡ ནང་ཟླ་སྒྲིལ་གཏོང་ཐུབ་དགོས་པ་དང་། སློབ་ཆུང་༢༠༤༧ ཡོད་པ་སློབ་ཆུང་༨༩༩ རུ་ཇེ་ཉུང་དུ་གཏོང་ཐུབ་དགོས་པ། དམའ་འབྲིང་ ༣༢༣ ཡོད་པ་དམའ་འབྲིང་ ༢༣༤ རུ་ཇེ་ཉུང་དུ་གཏོང་ཐུབ་དགོས་པ། ཆ་ཚང་སློབ་འབྲིང་དང་མཐོ་འབྲིང་སློབ་གྲྭ་ ༡༢༦ ཡོད་པ་༨༤ རུ་ཉུང་དུ་གཏོང་དགོས་པ་བཅས་ཀྱི་འཆར་གཞི་བཏང་ཚར་བས་སོ། །
སྟར་ཆེན་གཉིས་པ། (སློབ་སྔོན་སློབ་གསོའི་འཕེལ་རྒྱས་བཟོ་སྐྲུན། གཞུང་སྒྲུབ་བྱིས་སྐྱོང་ཁང་གཙོ་བོ་བྱེད་པ་དང་མ་དཔེར་བཀོད་པ། སྤྱི་ཚོགས་སྟོབས་ཤུགས་ཀྱིས་བྱིས་སྐྱོང་ཁང་སྒྲུབ་པ་གཙོ་ཕུང་ཡིན་པ། གཞུང་སྒྲུབ་དང་དམངས་སྒྲུབ་ཀྱིས་སློབ་སྔོན་སློབ་གསོ་སྒྲུབ་ཟུང་འབྲེལ་བྱེད་པ་དང་། ཚད་ལྡན་དང་ཚད་ལྡན་མིན་པའི་སློབ་གསོ་ཟུང་འབྲེལ་བྱེད་པའི་སློབ་གསོའི་འཕེལ་རྒྱས་བྱེད་སྟངས་གྲུབ་ཏུ་འཇུག་རྒྱུ།)
འདི་རུ་སློབ་སྔོན་སློབ་གསོ་ཞེས་པའི་མིང་བརྡ་སྙིང་རྗེ་བོ་ཞིག་བཏགས་ནས་ནར་མ་སོན་པ་དང་། སྐད་བརྡ་མི་འཕྲོད་པའི་བོད་ཕྲུག་རྣམས་ཀྱི་མི་གཤིས་ལ། གུང་ཁྲན་རིང་ལུགས་ཀྱི་གཡོ་སྒྱུ་ཁྲམ་གསུམ་གཙོ་སྙིང་ཡིན་པའི་གསར་ཞེན་དང་རྙིང་རྒོལ་གྱི་སློབ་གསོ་བསྒོས་ནས། བོད་ཀྱི་ཡ་རབས་སྤྱོད་བཟང་དང་ཁྲེལ་ཡོད་བག་ལྡན། ལས་འབྲས་དཔང་བོ་དང་དྲང་བདེན་གཞི་རྩར་གྱུར་བའི་ཀུན་ཕན་སློབ་གསོའི་རྩ་བ་བག་ཆགས་དང་བཅས་པ་གཞོམ་འདོད་ཀྱི་ངན་གཡོ་འཇིགས་སུ་རུང་བ་ཞིག་ཡོད་དེ། དེའི་འཆར་གཞིའི་ནང་དུ་སྤྱི་ལོ་ ༡༠༡༥ བར་དུ་[བྱིས་སྐྱོང་ཁང་]ཞེས་པ་རུ་བྱིས་པ་བརྒྱ་ཆའི་གྱ་ལྔ་85%ཞུགས་ཐུབ་པར་བྱ་དགོས་པ་དང་། སྤྱི་ལོ་ ༢༠༢༠ བར་དུ་བྱིས་པ་བརྒྱ་ཆའི་དགུ་བཅུའི་90%ཡན་ལ་སླེབས་འཇུག་དགོས་པའི་འཆར་གཞི་ཡོད་པས་སོ། །
སྟར་ཆེན་གསུམ་པ། ( དམིགས་བསལ་སློབ་གསོའི་སློབ་གྲྭ་འཛུགས་སྐྲུན་གྱི་བཟོ་སྐྲུན། རྒྱལ་ཁབ་ཀྱི་དམིགས་བསལ་སློབ་གསོའི་ལས་གཞི་བེད་སྤྱད་ནས་ཞིང་ཆེན་ཡོངས་སུ་ཚད་ལྡན་གྱི་དམིགས་བསལ་སློབ་གྲྭ་འཛུགས་སྐྲུན་བྱེད་རྒྱུ། )
འདི་རུ་དམིགས་བསལ་སློབ་གསོའི་མིང་བརྡའི་འོག་འཛམ་བུ་གླིང་སྤྱིའི་སློབ་གསོ་དང་གཏན་ནས་མི་འདྲ་བ་ཆེས་དམིགས་བསལ་ཏེ། དམར་ནག་གུང་ཁྲན་གྱི་སྒེར་གཅོད་དང་བདག་གཙོའི་སློབ་གསོ་དེ་དབང་བོ་སྐྱོན་ཅན་ཚུན་ཆད་ལ་ཤ་ཟུག་རུས་ཟུག་བྱེད་འདོད་ཀྱི་འཆར་གཞི་ཡོད་དེ། དེའི་འཆར་གཞིའི་ནང་དུ་སྤྱི་ལོ་ ༢༠༡༡ ལ་ཐོན་དུས་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་ནང་དུ་དབང་བོ་སྐྱོན་ཅན་དག་སློབ་གྲྭར་ཞུགས་ཚད་བརྒྱ་ཆའི་བརྒྱད་ཅུ་བརྒལ་དགོས་པ་དང་། ཞིང་སྡེ་ནས་ 70% དང་འབྲོག་ཕྱོགས་ནས་ 60% བརྒལ་དགོས་པ་དང་། སྤྱི་ལོ་ ༢༠༡༥ ཐོན་དུས་དེ་དག་རེ་རེ་ནས་བརྒྱ་ཆའི་ལྔ་རེ་འཕར་དགོས་པ་དང་། སྤྱི་ལོ་ ༢༠༢༠ ལ་སླེབས་དུས་སུ་གྲང་ཁྱེར་ནས་ 90% དང་། ཞིང་གྲོང་ནས་ 80% དང་། འབྲོག་ཁུལ་ནས་ 70% བཅས་ལ་སླེབས་དགོས་པས་སོ། །
སྟར་ཆེན་བཞི་པ། ( དཔེ་སྟོན་རང་བཞིན་གྱི་མཐོ་འབྲིང་འཛུགས་སྐྲུན་གྱི་བཟོ་སྐྲུན། )
འདི་རུ་གུང་ཁྲན་ཏང་གི་མུན་ནག་ཁོ་ན་ལས་དཀར་ངོགས་གཏན་ནས་མི་འཚོལ་བའི་བླུན་རྨོངས་ཀྱི་དཔུང་སྡེ་གྲངས་མེད་པ་ཞིག་བསྐྱེད་འཆར་གྱི་རྨི་ལམ་གཉིད་མ་ཁུགས་པར་བཏང་ཡོད་དེ། དེའི་འཆར་གཞིའི་ནང་དུ་སྤྱི་ལོ་ ༢༠༡༢ བར་དུ་གྲོང་ཁྱེར་དང་ཁུལ་ཐོག་སོ་སོར་དཔེ་སྟོན་རང་བཞིན་གྱི་མཐོ་འབྲིང་སྐོར་ཞིག་འཛུགས་སྐྲུན་བྱེད་རྒྱུ་དང་། སྤྱི་ལོ་ ༢༠༡༥ སླེབས་དུས་སློབ་གྲྭ་དེར་ཞུགས་ཚད་བརྒྱའི་ཆའི་ 85% དང་། སྤྱི་ལོ་ ༢༠༢༠ ལ་སླེབས་དུས་ 90% ལ་སླེབས་དགོས་པས་སོ། །
སྟར་ཆེན་ལྔ་པ། (འབྲིང་རིམ་ལས་རིགས་སློབ་གྲྭའི་རྨང་གཞིའི་ནུས་པའི་འཛུགས་སྐྲུན་བཟོ་སྐྲུན། )
འདི་རུ་ཉ་འཛིན་འབུ་གསོད་ཀྱི་ལག་ཤེས་སོགས་ལྟོ་བ་འབའ་ཞིག་མི་ཚེ་བླང་བྱརབཟུང་ནས་གཞན་ཕན་དང་རང་གཅེས་སོགས་ཀྱི་སྐོར་ལ་བསམ་གཞིག་བྱ་མི་ཤེས་པའི་བླུན་རྨོངས་དང་། དམར་ཕྱོགས་རྒྱལ་ཁབ་དང་ཞིང་ཆེན་གྱི་ཚེ་གཡོག་ལ་རྒྱུག་ནས་མི་ཚེ་ཟད་པར་བྱེད་པའི་ལག་རྩལ་པའི་དཔུང་སྡེ་ཆེན་པོ་འགའ་བསྐྱེད་འདོད་ཀྱི་འཁྲུལ་སྣང་སྐྱེས་ཡོད་དེ། དེའི་ལས་འཆར་ནང་སྤྱི་ལོ་ ༢༠༡༥ ལ་སླེབས་དུས་རྒྱལ་ཁབ་རིམ་པའི་ལས་རིགས་ལག་རྩལ་སློབ་གྲྭ་བཅུ་གཅིག་དང་། ཞིང་ཆེན་རིམ་པའི་ལས་རིགས་ལག་རྩལ་སློབ་གྲྭ་གཙོ་བོ་དགུ་འཛུགས་སྐྲུན་དང་། ཞིང་ཆེན་རིམ་པ་ཡན་གྱི་འབྲིང་རིམ་ལས་རིགས་སློབ་གསོའི་གཙོ་གནད་ཆེད་ལས་ ༤༠ འཛུགས་སྐྲུན་བྱེད་འཆར་ཡོད་པས་སོ། །
སྟར་ཆེན་དྲུག་པ། (མཐོ་རིམ་སློབ་གྲྭས་ས་གནས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་ཞབས་ཕྱི་སྒྲུབ་པའི་རྨང་གཞིའི་འཛུགས་སྐྲུན་བཟོ་སྐྲུན། )
འདི་རུ་མཐོ་རིམ་སློབ་མར་བཟང་སྤྱོད་ལྡན་པའི་གནའ་བོའི་སློབ་གསོ་དང་འཛམ་གླིང་རང་བཞིན་གྱི་སློབ་གསོ་སོགས་འདྲ་མཉམ་དང་། རང་དབང་། མི་སྤུས། ཡ་རབས་ཀུན་སྤྱོད་བཅས་ཀྱི་ཤེས་བྱ་ཡོད་ཚད་བསྡུ་བསོག་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཅན་གྱི་ལག་རྩལ་ལམ་གཡོག་ལས་ཀྱི་རང་བཞིན་ཅན་གྱི་ལག་རྩལ་ཐེབས་ཆག་འབའ་ཞིག་གི་ཕྱོགས་ལ་ཤུགས་ཆེན་པོས་སྐུལ་འདེད་བྱེད་འདོད་ཀྱི་རེ་ངན་བཅངས་པ་ཤིན་ཏུ་གསལ་ཏེ། དེའི་ལས་འཆར་ནང་དུ་”སློབ་སྒྲུབ་ཆ་རྐྱེན་འདོན་སྤྲོད་བྱེད་ཚད་ཇེ་ཆེར་བཏང་ནས་ཧུར་ཐག་གིས་མཚོ་སྔོན་སློབ་ཆེན་གྱི“211”བཟོ་སྐྲུན་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན་དང་མཚོ་སྔོན་འཕྲོད་བསྟེན་ལས་རིགས་ལག་རྩལ་སློབ་གླིང་། བཟོ་སྐྲུན་ལས་རིགས་ལག་རྩལ་སློབ་གླིང་། ཉེན་རྟོག་དམག་དཔོན་ལས་རིགས་ལག་རྩལ་སློབ་གླིང་བཅས་ཀྱི་སློབ་སྒྲུབ་ཁོང་གསེང་རྒྱ་སྐྱེད་ནས། རིམ་གྱིས་མཐོ་རིམ་ལས་རིགས་སློབ་གྲྭ་དང་སློབ་གླིང་གིས་རང་ཚུགས་ཀྱིས་སློབ་མ་བསྡུ་བའི་གཞི་ཁྱོན་ཇེ་ཆེར་གཏང་བ་དང་། ཁྱོན་ཡོངས་ནས་མཐོ་རིམ་དཀྱུས་མའི་སློབ་གསོ་དང་མཐོ་རིམ་ལས་རིགས་སློབ་གསོའི་སློབ་སྒྲུབ་ཆ་རྐྱེན་མཐོར་འདེགས་སུ་གཏང་དགོས་”ཞེས་གསལ་བས་སོ། །
སྟར་ཆེན་བདུན་པ། (མི་རིགས་སློབ་གསོའི་སྐད་གཉིས་འཆད་ཁྲིད་བཅོས་སྒྱུར་བཟོ་སྐྲུན། )
འདི་རུ་མི་རིགས་དབྱེ་འབྱེད་དང་མི་རིགས་ཀྱི་སྐད་ཡིག་དབྱེ་འབྱེད་ཀྱིས་མཚོ་བོད་མཐོ་སྒང་གི་བོད་ཕྲུག་ཚོའི་མགོ་ལ་རང་གི་ཁ་ནང་གི་བོད་སྐད་བཤད་མི་ཆོག་པ་དང་། སྙིང་ཁོང་གི་ཁྲག་བཞུར་མི་ཆོག་པའི་སྒེར་གཅོད་ཀྱི་སློབ་གསོ་འཇིགས་སུ་རུང་བ་ཞིག་བརྒྱབས་ནས། རྒྱའི་སྐད་ཡིག་བཙན་ཁྲིད་བྱེད་འདོད་ཀྱི་མུན་འཆར་བཏང་བ་མ་ཟད། ཁོ་ཚང་གི་ཤི་བོ་མའོ་ཀྲུའུ་ཞིས་(མི་རིགས་གྲངས་ཉུང་ལ་བཙན་གྱིས་རྒྱ་ཡིག་རྒྱ་སྐད་སློབ་ཏུ་འཇུག་མི་ཆོག་པར་མ་ཟད།ཁོ་ཚོར་མི་རིགས་སོ་སོ་རང་ཉིད་ཀྱི་སྐད་ཡིག་སྐོར་གྱི་རིག་གནས་སློབ་གསོ་གོང་དུ་སྤེལ་རོགས་བྱེད་དགོས་ )ཟེར་བ་དང་རྩ་ཁྲིམས་ནང་དུ་(མི་རིགས་སོ་སོའི་མི་དམངས་ཚང་མར་རང་གི་མི་རིགས་ཀྱི་སྐད་དང་ཡི་གེ་བཀོལ་སྤྱོད་དང་གོང་དུ་སྤེལ་བའི་རང་དབང་ཡོད།)སོགས་ཀྱི་ནང་སྙིང་ལའང་ཁོ་ཚོས་རྡོག་རུལ་བཏང་བ་འབའ་ཞིག་ཡིན་པར་མ་ཟད། བོད་མི་རིགས་ཀྱི་སློབ་གསོ་ཁུ་བསྡུ་དང་ཕལ་བར་བཞག་ནས་རྒྱའི་སྐད་ཡིག་གི་སློབ་གསོ་རྒྱའི་གྲོང་ཁྱེར་བཞིན་ལེགས་སྒྲུག་དང་སྙོམ་སྒྲིག་བྱེད་རྒྱུ་འབའ་ཞིག་གི་བསམ་བློ་བཏང་ཡོད་དེ། དེའི་ལས་འཆར་ནང་དུ་”གཅིག་ནས་སློབ་སྔོན་སློབ་གསོ་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་སྟེ། སྔ་མོ་ནས་རྒྱའི་སྐད་ཡིག་བཟང་བོ་ཤེས་དགོས་ཤིང་། མི་རིགས་ས་ཁུལ་གྱི་ཚད་ལྡན་ཅན་གྱི“སྐད་གཉིས་སྨྲ་བའི” བྱིས་སྐྱོང་ཁང་འཛུགས་སྐྲུན་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་དང་། གཉིས་ནས་སྒྲིག་གཞི་སྙོམ་སྒྲིག་དང་། གྲུབ་ཚུལ་ལེགས་སྒྲིག སློབ་གྲྭ་ཁུ་བསྡུ་བྱས་ཏེ། སློབ་སྒྲུབ་ཀྱི་ཕན་འབྲས་ཇེ་དྲག་ཏུ་གཏོང་དགོས། གསུམ་ནས་སྟོབས་ཤུགས་ཆེན་པོས་མཐོ་འབྲིང་དུས་རིམ་གྱི་སློབ་གསོ་འཕེལ་རྒྱས་སུ་བཏང་སྟེ། ས་གཞན་ནས་སློབ་གྲྭ་སྒྲུབ་པ་དང་འཛིན་གྲྭ་སྒྲུབ་པའི་ཤུགས་ཚད་ཇེ་ཆེར་བཏང་ནས་གསོ་སྐྱོང་གི་རྣམ་པ་ཇེ་ལེགས་སུ་གཏང་དགོས།”ཞེས་གསལ་བས་སོ། །
སྟར་ཆེན་བརྒྱད་པ། (རྨང་གཞིའི་སློབ་གསོའི་བརྡ་འཕྲིན་ཅན་འཛུགས་སྐྲུན་གྱི་བཟོ་སྐྲུན།)
བརྡ་འཕྲིན་སློབ་གསོའི་མིང་སྙན་འོག་ཉ་འཛིན་སྟངས་དང་། འབུ་གསོད་སྟངས་སོགས་རྒྱ་མི་རིགས་ཀྱི་ཟ་འཐུང་ལས་སྣོན་གྱི་བརྡ་འཕྲིན་ཁྲ་བོ་དང་། གུང་ཁྲན་ཏང་བཟང་རབས་རྒྱན་རབས་ཏེ་སྒེར་གཅོད་འབའ་ཞིག་གི་བརྡ་འཕྲིན་ཁྱོན་ཆེན་པོས་སྤེལ་ནས་འཛམ་གླིང་རང་བཞིན་དང་། བཟང་སྤྱོད་ཀྱི་སློབ་གསོའི་རང་བཞིན་ཅན་དང་། མི་བུའི་རང་དབང་གཙོ་སྙིང་ཅན་གྱི་བརྡ་འཕྲིན་ཡོད་ཚད་ཀྱི་སྒོ་གཏན་ནས་རྒྱལ་སྤྱི་དང་གྲངས་ཉུང་མི་རིགས་ཀྱི་སློབ་གསོ་ཀུན་སྤྱོད་དང་བཅས་པའི་རྩ་བ་འཕྱག་འདོད་ཀྱི་ངན་ཇུས་ཆེན་པོ་ཞིག་ཡིན་ཏེ། དེའི་ལས་འཆར་ནང་དུ་” 2015 ལོར་ཐོན་དུས། རྫོང་སྲིད་གཞུང་ཡོད་ས་ཡན་གྱི་སློབ་གྲྭ་འབྲིང་ཆུང་གི་སློབ་རའི་དྲ་བ་འཛུགས་པ་དང་། ཞང་དང་གྲོང་རྡལ་དཀྱིལ་སྙིང་སློབ་གྲྭ་དང་ཞིང་སྡེ་སློང་འབྲིང་དུ་ནང་ཁུལ་གྱི་དྲ་བ་འཛུགས་སྐྲུན་བྱེད་རྒྱུ་ཡིན་ལ། གཞན་པའི་སློབ་གྲྭ་ནས་ཐོན་ཁུངས་གསོག་འཇོག་བྱེད་སའི་སྲ་སྡེར་ཕྱིར་གཏོང་གི་སྒྲིག་ཆས་སྒྲིག་སྦྱོར་བྱས་ནས་འཛིན་གྲྭ་རེ་རེར་ཐོན་པ་མངོན་འགྱུར་བྱེད་རྒྱུ་ཡིན་པ་དང་། ཞིང་ཆེན་མངའ་ཁོངས་ཀྱི་དྲ་བ་བཙུགས་ཏེ་ཞིང་ཆེན་རིམ་པའི་ཨང་ཀི་ཅན་གྱི་རྒྱང་རིང་སློབ་གསོའི་སྟེགས་བུ་འཛུགས་རྒྱུ་དང་། སློབ་གྲྭ་འབྲིང་ཆུང་དུ་སློབ་གྲྭ་རེ་རེ་དང་འཛིན་གྲྭ་རེ་རེར་དྲ་འབྲེལ་བྱེད་ཐུབ་པའི་སློབ་གསོའི་བརྡ་འཕྲིན་ཅན་གྱི་ཁོར་ཡུག་ཅིག་འཛུགས་སྐྲུན་བྱས་ནས་བརྡ་འཕྲིན་ལག་རྩལ་ཁྱོན་ཡོངས་ནས་བཀོལ་སྤྱོད་བྱེད་པར་སྐུལ་འདེད་བྱེད་རྒྱུ། 2020 ལོར་ཐོན་དུས། ཞིང་ཆེན་ཡོངས་སུ་སློབ་གསོ་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམས་པའི་བརྡ་འཕྲིན་ཐོན་ཁུངས་གསར་སྤེལ་དང་ཐུན་མོང་གིས་ལོངས་སུ་སྤྱོད་པ། ཞབས་ཕྱིའི་ནུས་པ་ལྡན་པའི་དེང་རབས་རྒྱང་བསྟེན་སློབ་གསོ་མ་ལག་སྒྲིག་འཛུགས་བྱས་ཏེ། སློབ་གསོ་སློབ་ཁྲིད་ཀྱི་གོ་རིམ་ཇེ་ལེགས་སུ་བཏང་སྟེ། ཕུལ་བྱུང་སློབ་གསོའི་ཐོན་ཁུངས་དེ་སློབ་གྲྭ་དང་མཁར་གྲོང་དུ་ཐུན་མོང་གིས་ལོངས་སྤྱོད་བྱེད་དུ་བཅུག་ནས་བརྡ་འཕྲིན་ཅན་གྱི་སློབ་གསོས་དེང་རབས་ཅན་གྱི་སློབ་གསོར་སྣེ་ཁྲིད་བྱེད་དུ་འཇུག་དགོས།”ཞེས་གསལ་བས་སོ། །
སྟར་ཆེན་དགུ་བ། ( སློབ་གསོའི་ལག་རྩལ་ཚད་ལྡན་ཅན་གྱི་བཟོ་སྐྲུན་འཛུགས་སྐྲུན)
འདི་རུ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་རིག་གནས་སྦྱོང་བརྡར་གྱི་ཁོར་ཡུག་དང་མཐུན་རྐྱེན་ཀུན་པོ་དུས་རབས་དང་མི་མཐུན་པ་དང་། ཚད་ལྡན་མིན་པའི་སློབ་གསོའི་མ་ལག་གི་གྲལ་ལ་བརྫངས་ནས་ཁོར་ཡུག་དང་སློབ་གསོ་ཡོད་ཚད་རྒྱ་ཡིག་དང་རྒྱ་ལུགས་ཀྱི་ཚད་གཞི་བཟུང་ནས་དཔེ་མཛོད་ཁང་རྒྱག་པ་དང་། ལས་རྩལ་ར་བ་རྒྱག་པ། འཕྲོད་བསྟེན་ཁང་འཛུགས་པ་སོགས་རྒྱ་མི་རིགས་ལ་འབེལ་འབེལ་ལྷུག་ལྷུག་གི་སློབ་གསོ་མྱང་རྒྱུ་ཡོད་པ་དང་གྲངས་ཉུང་མི་རིགས་ལ་སྐལ་ཅི་ཡང་མེད་པའི་སློབ་གསོའི་ལག་རྩལ་བཟོ་སྐྲུན་གྱི་ཁོར་ཡུག་ཅིག་འཛུགས་འདོད་པ་ཡིན་ཏེ། དེའི་ལས་འཆར་ནང་དུ་ “2015 ལོར་ཐོན་དུས། ཞིང་ཆེན་ཡོངས་ཀྱི་རྫོང་རིམ་པ་ཡན་གྱི་སློབ་གྲྭ་ཆུང་འབྲིང་དུ་ཚོད་ལྟ་ཁང་དང་དཔེ་མཛོད་ཁང་འཛུགས་སྐྲུན་བྱས་ཚད་ཕལ་ཆེར་རྒྱལ་ཁབ་ཀྱི་ཚད་གཞི་དང་མཐུན་པ་དང་། ཚད་ལྡན་ཅན་གྱི་ཚོད་ལྟ་ཁང་དང་དཔེ་མཛོད་ཁང་སྐོར་ཞིག་འཛུགས་སྐྲུན་བྱེད་རྒྱུ་དང་། སློབ་གྲྭའི་ལུས་རྩལ་དང་འཕྲོད་བསྟེན། སྒྱུ་རྩལ་གྱི་སློབ་ཁྲིད་ཆ་རྐྱེན་དང་སྒྲིག་ཆས་ཆ་རྐྱེན་བཅས་ཕལ་ཆེར་རྒྱལ་ཁབ་ཀྱི་སྒྲིག་སྦྱོར་བྱས་པའི་ཚད་གཞི་དང་མཐུན་ཞིང་། བརྒྱ་ཆའི་གྱ་ལྔ་ཡན་གྱི་སློབ་གྲྭས«རྒྱལ་ཁབ་ཀྱི་སློབ་མའི་ལུས་ཕུང་བདེ་ཐང་གི་ཚད་གཞི།»ཁྱོན་ཡོངས་ནས་ལག་བསྟར་བྱེད་རྒྱུ། 2020 ལོར་ཐོན་དུས། ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་ཚོད་ལྟ་ཁང་དང་དཔེ་མཛོད་ཁང་གི་འཛུགས་སྐྲུན་རྒྱལ་ཁབ་ཀྱི་ཚད་གཞི་དང་མཐུན་པར་བྱེད་རྒྱུ་དང་། བརྒྱ་ཆའི་བརྒྱད་ཅུའི་སློབ་གྲྭ་རུ་ཚད་ལྡན་ཅན་གྱི་ཚོད་ལྟ་ཁང་དང་དཔེ་མཛོད་ཁང་འཛུགས་སྐྲུན་བྱེད་རྒྱུ། ས་ཁོངས་ནང་གི་སློབ་གསོའི་སྒྲིག་ཆས་དོ་མཉམ་ངང་འཕེལ་རྒྱས་སུ་གཏོང་བ་ཕལ་ཆེར་མངོན་འགྱུར་བྱེད་ངེས་ལ། ཞིང་ཆེན་ཡོངས་ཀྱིས་ཁྱོན་ཡོངས་ཀྱི་ཚོད་ལྟའི་སློབ་གསོ་ཁྱབ་གདལ་རྫོང་མངོན་འགྱུར་བྱེད་པའི་བྱ་བ་ཕྱོགས་ཡོངས་ནས་སྤེལ་བ་དང་། ཞིང་ཆེན་ཡོངས་ཀྱི་མཁར་གྲོང་གི་སློབ་གྲྭ་འབྲིང་ཆུང་དཀྱུས་དང་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ བཅའ་སྡོད་ལམ་ལུགས་སློབ་གྲྭའི་འཕྲོད་བསྟེན་ཁང་གི་སྒྲིག་ཆས་དང་འཚོ་བའི་ཡོ་བྱེད་རྒྱལ་ཁབ་ཀྱི་ཚད་གཞི་དང་མཐུན་པར་བྱེད་རྒྱུ”ཞེས་གསལ་བས་སོ། །
སྟར་ཆེན་བཅུ་པ། (ཞིང་ཕྱུགས་ལས་ས་ཁུལ་གྱི་དགེ་རྒན་གྱི་བསྐོར་སྤྱོད་ཁང་བའི་འཛུགས་སྐྲུན་བཟོ་སྐྲུན།)
འཛུགས་སྐྲུན་འདི་ནི་གྲངས་ཉུང་མི་རིགས་ཀྱི་དགེ་རྒན་ཚོའི་ཆེད་དུ་མིན་པར་བོད་ཞིང་འབྲོག་མི་མང་གི་ལག་ནས་དཔལ་འབྱོར་བསྡུ་རུབ་ཀྱིས་རྒྱ་རྒན་ཚོ་ཡོང་ནས་བསྡད་ཆོག་ཆོག་དང་། ཉལ་ཆོག་ཆོག་བཟོ་འདོད་ཀྱི་འཆར་གཞི་ཡིན་ཏེ། དེའི་ལས་འཆར་ནང་”2010 ལོ་ནས་ 2012 ལོའི་བར་གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་དགེ་རྒན་གྱི་བསྐོར་སྤྱོད་ཁང་བ་ཚོད་ལྟའི་འཛུགས་སྐྲུན་བྱེད་མགོ་བརྩམས་པ་ནས། བོད་ཁུལ་གྱི་སློབ་གསོའི་ལས་གཞི་དང་ཞིང་ཆེན་ཡོངས་ཀྱི་འགན་སྲུང་རང་བཞིན་དང་བྱ་དགའ་རང་བཞིན་གྱི་ཁང་བའི་འཛུགས་སྐྲུན་ལག་བསྟར་བྱེད་པར་སྐུལ་འདེད་བྱས་པ་བརྒྱུད། ཁུལ་དྲུག་དང་ཤར་ཕྱོགས་ཞིང་ལས་ས་ཁུལ་དུ་རིམ་གྱིས་སྐུལ་འདེད་བྱས་ཏེ། དགེ་རྒན་གྱིས་ཁང་བ་གླ་བ་དང་འདུག་ཁང་དཀའ་བའི་གནད་དོན་མེད་པར་བཏང་ནས་ 2015 ལོར་ཐོན་དུས། རོང་འབྲོག་ས་ཁུལ་གྱི་དགེ་རྒན་གྱི་བསྐོར་སྤྱོད་ཁང་བ་ཕལ་ཆེར་ཐག་གཅོད་བྱེད་རྒྱུ་རེད། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ། དགེ་རྒན་གྱི་བསྐོར་སྤྱོད་ཁང་བ་འཛུགས་སྐྲུན་བྱེད་ཡུལ་དང་ལས་གཞི་ལག་བསྟར་བྱེད་པའི་ཁྱབ་རྒྱ་རིམ་གྱིས་ཇེ་ཆེར་བཏང་ནས་ 2020 ལོར་ཐོན་དུས། ཞིང་ཆེན་ཡོངས་ཀྱི་ཞིང་ཕྱུགས་ལས་ས་ཁུལ་གྱི་དགེ་རྒན་གྱི་བསྐོར་སྤྱོད་ཁང་བའི་གནད་དོན་ཕྱོགས་ཡོངས་ནས་ཐག་གཅོད་བྱེད་རྒྱུ” ཅེས་གསལ་བས་སོ། །
སྟར་ཆེན་བཅུ་གཅིག་པ། (སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་བྱང་ཚད་མཐོར་འདེགས་གཏོང་བའི་བཟོ་སྐྲུན། )
འདི་རུ་དགེ་རྒན་ལ་རྒྱ་ཡིག་གི་ཤེས་ཚད་དང་རྒྱའི་སློབ་གྲྭ་བརྒྱུད་པའི་ལག་འཁྱེར་གྱིས་ཚད་གཞི་བཟུང་ནས་ལས་ཤོར་རྒྱ་རིགས་སློབ་ཆེན་པ་དག་གྲངས་ཉུང་མི་རིགས་ཀྱི་སློབ་ཁུལ་ལ་བཀྲམ་འཆར་དང་། གྲངས་ཉུང་མི་རིགས་རང་གི་སྐད་ཡིག་སྟེང་ནས་ཞབས་འདེགས་ཞུ་བའི་ཤེས་ལྡན་པ་རྣམས་ཕྱིར་འཕུད་བྱེད་འདོད་ཀྱི་ལས་འཆར་འཇིགས་སུ་རུང་བ་ཞིག་ཡིན་ཏེ། དེའི་ལས་འཆར་ནང་དུ་”མཚོ་སྔོན་དགེ་ཐོན་སློབ་ཆེན་དང་མཚོ་སྔོན་མི་རིགས་སློབ་ཆེན་ལ་རྒྱབ་བརྟེན་བྱས་ནས་ཞིང་ཆེན་རིམ་པའི་དགེ་རྒན་གསོ་སྐྱོང་སྦྱོང་བརྡར་རྟེན་གཞི་འཛུགས་སྐྲུན་བྱས་ཏེ། གསོ་སྐྱོང་འགན་ཁུར་བའི་གསོ་སྐྱོང་དང་ཞིང་ཆེན་རིམ་པའི་དགེ་རྒན་རྐང་འཛིན་པ་གསོ་སྐྱོང་བྱས་ནས། ཁུལ་སོ་སོའི་དགེ་རྒན་གསོ་སྐྱོང་རྟེན་གཞི་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་ཏེ། ཁུལ་རིམ་པའི་དགེ་རྒན་རྐང་འཛིན་པ་དང་རྫོང་རིམ་པའི་ཟུར་ཁྲིད་པར་གསོ་སྐྱོང་བྱེད་པར་འགན་ཁུར་པ་དང་། རང་ས་གནས་ཀྱི་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་དུས་ལྟར་རེས་མོས་སྒོས་གསོ་སྐྱོང་བྱེད་པ་དང་སློབ་ཁྲིད་མཛུབ་སྟོན་བྱེད་པ། ལྟ་ཞིབ་ཚད་ལེན། དཔྱད་འཇོག་སོགས་ཀྱི་འགན་ཁུར་དགོས་པ”ཞེས་གསལ་བས་སོ། །
སྟར་ཆེན་བཅུ་གཉིས་པ། ( མཚོ་སྔོན་གྱི་སློབ་གསོའི་ས་ཁུལ་འཛུགས་སྐྲུན་བཟོ་སྐྲུན། )
མཚོ་སྔོན་ཞིང་ཆེན་ཡོངས་སུ་རྫོགས་པར་རྒྱའི་སྐད་ཡིག་གི་སློབ་གསོ་ཁང་གཞི་རྒྱ་ཆེན་པོས་འཛུགས་སྐྲུན་དང་། བཙན་སྤེལ་གྱིས་གྲངས་ཉུང་མི་རིགས་ཀྱི་ཁ་ནང་གི་སྐད་དང་ཡི་གེ། ཁོང་གསེང་གི་རུས་པ་རྐང་དང་བཅས་པ་ཐལ་བའི་རྡུལ་དུ་བརླག་འདོད་ཀྱི་ཧམ་སེམས་དང། གནག་སེམས། བསམ་ངན་སྦྱོར་རྩུབ་འབའ་ཞིག་ཡིན་ཏེ། དེའི་ལས་འཆར་ནང་དུ་”མཚོ་སྔོན་གྱི་སློབ་གསོ་གཅིག་གྱུར་སྒོས་འཆར་འགོད་དང་འཛུགས་སྐྲུན་བྱེད་པ་དེ་ཟི་ལིང་གྲོང་ཁྱེར་གྱི་འཛུགས་སྐྲུན་འཆར་འགོད་ཀྱི་ནང་དོན་གཙོ་བོའི་གྲས་སུ་བཞག་ཏེ། མཚོ་སྔོན་དགེ་ཐོན་སློབ་ཆེན་སོགས་སློབ་གླིང་གི་འཕེལ་རྒྱས་ཁོང་གསེང་རྒྱ་སྐྱེད་པའི་གནད་དོན་ཐག་གཅོད་བྱེད་རྒྱུ” ཞེས་གསལ་བས་སོ། །
སྤྱི་ལོ་༢༠༡༠ ཟླ་ ༡༠ ཚེས་ ༢༣ ཉིན།
བོན་རྒྱ་བསྟན་འཛིནརབ་རྒྱས་ཀྱིས་དབྱེ་ཞིབ་ཡག་པོ་གནང་འདུག རྗེས་སུ་ཡི་རང་ཡོད། ཡིན་ནའང་ཞྭ་ནག་བློ་གྲོས་ཀྱིས་བཤད་པ་ལྟར་ད་དུང་ང་ཚོའི་ངོས་ནས་བསམ་ཚུལ་དང་དབྱེ་ཞིབ་མང་ཙམ་བཏོན་ན་བཙན་བྱོལ་གཞུང་དང་ཤེས་རིག་ལས་ཁུངས། དེ་བཞིན་སློབ་གྲྭ་ཁག་ནས་ཀྱང་མགྱོགས་མྱུར་རང་གི་སྐད་ཡིག་ཐོག་སློབ་ཚན་རྣམས་ཁྲིད་མ་ཐུབ་ན་སྐྱོན་ཆ་ཇི་ཡོད་ར་སྤྲོད་གསལ་བོ་ཡོང་བ་ལ་ཕན་ཐོག་ཆེན་པོ་ཡོད། ཞྭ་ནག་ཁོང་གིས་མཆན་ཡག་པོ་གནང་འདུག
དབྱེ་ཞིབ་ཡག་པོ་ཞིག་གནང་འདུག ཡིན་ནའང་། འདི་སྐོར་ལ་བསམ་པར་བྱ་བ་གཞན་ཡང་མང་པོ་ཞིག་ཡོད་པ་སྟེ། ད་ལྟའི་བཅོས་སྒྱུར་འདི་ཉེན་ཁ་ཞིག་ལ་མཐོང་གི་ཡོད་པ་དང་། མཇུག་འབྲས་དེ་ནི་བོད་མི་རིགས་ལ་ཕན་ལས་གནོད་ཆེ་བ་ཞིག་ཡིན་པ་དེ་འདིའི་སྐོར་གླེང་མཁན་མང་པོ་བརྒྱ་ཁ་གཅིག་གྲག་རེད། ད་རེས་ཀྱི་གནད་དོན་འདིའི་སྐོར་ལ། རབ་ཡིན་ན་བོད་གཞུང་ཤེས་རིག་ལས་ཁུངས་ལ་ལྟ་སྟངས་ཅི་ཡོད་དང་། ལྷག་ཏུ་བཙན་བྱོལ་ནང་གི་བོད་ཡིག་དགེ་རྒན་ཚོར་ལྟ་ཚུལ་ཅི་ཡོད་གཉིས་གསལ་ཁ་འདོན་དགོས་པའི་གནད་དོན་གཉིས་རེད་སྙམ།
དེ་ནས་བཙན་བྱོལ་བོད་གཞུང་གིས་མི་ལོ་ལྔ་བཅུའི་རིང་སྤེལ་བའི་ཤེས་ཡོན་སྲིད་བྱུས་ཀྱི་གྲུབ་འབྲས་དང་། ད་ལྟ་རྒྱ་ནག་གཞུང་གིས་འགྱུར་བ་གཏོང་འཆར་གྱི་སློབ་གསོའི་གནད་དོན་འདི་གཉིས་ནི་ཕྱོགས་གཉིས་དང་སྲིད་གཞུང་མི་འདྲ་གཉིས་ཀྱི་སློབ་གསོའི་ཁ་ཕྱོགས་གཉིས་རེད། འདི་གཉིས་ཀྱི་མཐའ་མའི་གྱོང་གུད་དེ་བོད་མི་རིགས་ལ་གཅིག་མཚུངས་ཀྱིས་འབབ་ཀྱི་ཡོད་པ་རེད་མ་རེད། བཙན་བྱོལ་བོད་ཀྱི་སློབ་གྲྭ་ཁག་གི་ནང་ནས་དབྱིན་ཡིག་གཙོ་བོ་དང་བོད་ཡིག་ཕལ་བ་བྱས་ནས་ད་བར་འཁྲིད་པ་རེད། ད་ལྟ་བོད་ནང་གི་སློབ་གསོ་བཅོས་སྒྱུར་འདིས་ཀྱང་། རྒྱ་ཡིག་གཙོ་བོ་དང་བོད་ཡིག་ཕལ་བ་བྱེད་ཀྱི་ཡིན་པ་འདྲ་བས། ང་ཚོ་བཙན་བྱོལ་བས་སྔོན་ལ་བརྒྱབ་པའི་གོམ་པ་འདི་དང་། ད་ལྟ་བོད་ནང་བཙན་དབང་གིས་གོམ་པ་གསར་པ་ཞིག་རྒྱག་ཏུ་འཇུག་འཆར་འདི་གཉིས་ཀ་ཉེན་ཁ་ཅན་ཡིན་པ་གཅིག་མཚུངས་རེད།
ད་རེས་བོད་ནང་གི་སློབ་མ་ཚོའི་ངོ་རྒོལ་འདིས་བཙན་བྱོལ་བོད་གཞུང་ལའང་དྲན་སྐུལ་ཞིག་བཏང་ཡོད་པ་རེད་དྲན། ལྷག་ཏུ་བཙན་བྱོལ་ནང་གི་སློབ་ཕྲུག་ཚོར་དྲན་སྐུལ་ཞིག་བཏང་ཡོད་པ་རེད་འདོད།
བོན་རྒྱ་བསྟན་འཛིན་རབ་རྒྱས་ཀྱིས་དབྱེ་ཞིབ་གནད་དོན་འདིར། ད་དུང་བསམ་ཚུལ་མང་ཙམ་འབུལ་རྒྱུ་ཡོད། རིམ་པས་ཡོང་གི་ཡིན།