མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བསམ་ཤོག་ལེ་ཚན་གྱི་ཁ་སྐོང་ཡིག་བརྒྱ་མ། སྐལ་བཟང་ཉི་མ།

བོད་ཀྱི་དུས་བབ།
༢༠༡༠/༡༠/༢༨
Share on FacebookShare on TwitterShare on EmailShare on Whatsapp

ཤེས་ཡོན་འཐུས་ཤོར་ལས་བོད་སྐད་ཡིག་སློབ་གསོའི་སྐོར་གྱི་ཁག་གཉིས་བ།)

ཤེས་རབ་དགའ་ཚལ་གླིང༌།

བཙན་བྱོལ་དུ་འབྱོར་ནས་མི་ལོ་ལྔ་བཅུའི་རིང་དོན་ཐོག་ལ་མ་འཁྱོལ་བའི་ལས་དོན་གཅིག་ནི་བོད་སྐད་ཡིག་སློབ་གསོའི་ལས་དོན་དུ་གསུངས་པ་ནས་བཟུང༌། གཞུང་སྒེར་གཉིས་ནས་ཚོགས་འདུ་དང་བགྲོ་གླེང༌། བསམ་འཆར་སོགས་གང་མང་ཞིག་བྱུང་དང་འབྱུང་བཞིན་ཡོད་ལ། རང་ཉིད་ལ་མཚོན་ནའང་ཉིན་རེའི་ལས་ཀའི་ཁྲོད་ནས་ཉམས་མྱོང་མང་པོ་ཞིག་བླངས་ཏེ། དེ་སྔོན་<<བགེགས་བར་ཆད་གཅིག་>>ཅེས་པའི་བསམ་འཆར་ཐོར་བུ་ཞིག་སྤེལ་བ་དང༌། ཐེངས་འདིར་ཉེ་ཆར་བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་(༤༩༩)པའི་ཐོག་གི་<<བསམ་ཤོག་ལེ་ཚན་>>དུ་<<བཙན་བྱོལ་བོད་མིའི་ཤེས་ཡོན་འཐུས་ཤོར་ལ་གཏོང་མཁན་གཙོ་བོ་ཁྱེད་ཀྱིས་གང་ལ་ངོས་འཛིན་བྱེད་ཀྱི་ཡོད་>>ཅེས་པ་ཞིག་བཀོད་ཡོད་པ་དེར་ཁ་གསབ་དང་ཆད་ལྷག་བྱུང་བའི་སྐོར་གྱི་བསམ་ཚུལ་རེ་འགའ་གླེང་བ་ལ། སྐབས་དེར་བོད་གཞུང་དང༌། སློབ་གྲྭ། དགེ་རྒན། ཕ་མ། སློབ་ཕྲུག གཞན་བཅས་ལ་ཡོངས་ཁྱབ་ཀྱིས་བསམ་ཤོག་འཕངས་ཤིང༌། བསམ་ཤོག་གི་གྲངས་ཀ་མང་ཤོས་དགེ་རྒན་ལ་ཐོབ་པ་ནི་སྤྱི་སྙོམ་གྱི་ངོས་འཛིན་ཞིག་ཡིན་ཆོག་མོད། ཐག་ཆོད་འདིར་ཡང་ཕྱི་བལྟས་ཀྱི་ཤས་ཧ་ཅང་ཆེ་བར་འདོད་ལ། ཕྱི་ཚུལ་གྱི་ཐིགས་ཚད་འདིའི་སྟེང་ནས་བཙན་བྱོལ་གྱི་ཤེས་ཡོན་འཐུས་ཤོར་གྱི་རྒྱུ་རྐྱེན་གཙོ་བོ་དགེ་རྒན་རེད་ཟེར་ཆོག་ཆོག་ཡིན་ཏེ། བཙན་བྱོལ་གྱི་དགེ་རྒན་སྤྱིའི་ཤེས་ཡོན་དང་བསམ་བློ། ལྷག་པར་དུ་བོད་རིག་གནས་བསམ་བློ་དང་ངོས་འཛིན་གྱི་ཚད་གཞི་ནི་ཉེ་ཆར་དགེ་རྒན་འཇམ་མགོན་ལགས་ཀྱིས་བོད་ཀྱི་དུས་བབ་དྲ་ངོས་སུ་རྩོམ་ཡིག་ཅིག་སྤེལ་བ་ལས་ཕལ་ཆེར་གསལ་བོར་མཚོན་ཡོད་ལ། སྐབས་དོན་བདག་གི་གླེང་གཞིར་གྱུར་བའི་འདས་བའི་མི་ལོ་ལྔ་བཅུའི་རིང་གི་བོད་ཡིག་དགེ་རྒན་དག་ནི་ཕལ་ཆེར་རང་གི་བསླབ་གཞིའི་སྐད་ཡིག་གི་གནད་དོན་ཡང་ཐག་གཅོད་དཀའ་བའི་གནས་སུ་གྱར་འདུག་པས། བོད་སྐད་ཡིག་སློབ་གསོ་འཐུས་ཤོར་དུ་སོང་བ་རྒྱུ་འབྲས་ཆོས་ཉིད་རེད།

 

ང་ཚོས་བོད་དགེ་དག་ལ་རྩིས་ཤིག་བརྒྱབས་ན། དགེ་རྒན་ཚོའི་ཁྲོད་དུ་གྲྭ་བ་དང་བླ་མ་མི་ཉུང་བ་ཞིག་ཡོད་ལ། ཁོང་ཚོ་ཕལ་ཆེ་བས་སྐད་ཡིག་ཆེད་སྦྱོང་མ་གནང་པས་སྐད་ཡིག་གི་བློ་སྦྱོང་མ་ཐོབ་པ་དང༌། ཁོང་ཚོས་རྩོམ་རིག་གི་རྨང་གཞིའི་ཤེས་བྱ་ཙམ་ཡང་སྦྱངས་པ་མ་གནང་པས་སྐད་ཡིག་གི་ལག་རྩལ་ཆེས་ཞན་པ་ཐག་ཆོད་རེད། དེས་ན། སྐད་ཡིག་སློབ་ཁྲིད་ལ་མེད་དུ་མི་རུང་བའི་ཆ་རྐྱེན་གྱིས་ཀུན་ནས་དབུལ་བའི་མི་ཞིག་སྐད་ཡིག་དགེ་རྒན་དུ་སྤྱིར་མི་འོས་ལ། སྐད་ཡིག་གི་རྨང་གཞི་སྦྱོང་མཁན་སློབ་ཕྲུག་ཆུང་ཆུང་དག་གི་དམའ་རིམ་དགེ་རྒན་དུ་མི་འདི་དག་དེ་བས་ཀྱང་ཉེན་ཁ་ཆེའོ།།

དེ་ནས་ལོ་སྔོན་མར་ལྦར་ཎ་གཙུག་ལག་སློབ་གྲྭ་ཆེན་མོ་རུ་བཙན་བྱོལ་གྱི་འབྲིང་རིམ་བོད་དགེ་དག་གི་ཟབ་སྦྱོང་ཞིག་ཚོགས་པའི་གྲངས་འབོར་གཞིར་བཞག་ན། འདས་བའི་མི་ལོ་ལྔ་བཅུའི་རིང་གི་བོད་དགེ་མང་ཆེ་ཤོས་གཙུག་ལག་སློབ་གྲྭ་དེ་ག་ནས་ཐོན་པའི་སློབ་མ་ཚོ་ཆགས་འདུག་ཟེར། སྤྱིར་སློབ་གྲྭ་འདིའི་སློབ་ཐོན་སློབ་མ་ཚོའི་རྒྱུད་ཀྱི་ཤེས་བྱའི་སྒྲིག་གཞི་སྣ་ཚོགས་པ་དང་གོ་རིམ་ལྡན་པ་ཞིག་ཡིན་ངེས་ཅན་རེད་མོད། བོད་སྐད་ཡིག་དགེ་རྒན་གྱི་ཐད་ནས་ཁོང་ཚོ་ཡང་གོང་གི་བླ་གྲྭ་ཚོ་ཇི་བཞིན་ཉེན་ཁ་ཧ་ཅང་ཆེ། ཁོང་ཚོའི་སྐད་ཡིག་གི་སློབ་སྦྱོང་དེ་ནི་བརྡ་སྤྲོད་ཀྱི་གཞུང་ལུགས་འགའ་ཀློག་འགྲེལ་བྱས་པ་དེ་ཡིན་ལ། བརྡ་སྤྲོད་གཅིག་པོའི་ཐོག་ནས་སྐད་ཡིག་མཐར་ཕྱིན་མི་ཐུབ་པ་ནི་འཛམ་གླིང་སྐད་ཡིག་གི་རྒྱུན་ཤེས་སུ་འཁུམས། ཁོང་ཚོའི་སྙན་ངག་གི་སློབ་སྦྱོང་དེའང་རྩོམ་འབྲི་སྦྱོང་བརྡར་ཟེར་དུས་སྙན་ངག་མེ་ལོང་མ་སྦྱོང་དགོས་པར་འདོད་པའི་བོད་ཀྱི་སྲོལ་རྒྱུན་གྱི་ནད་ཡམས་དེས་ཟིན་ཡོད་དེ། ལྦར་ཎའི་རྩོམ་རིག་སློབ་སྦྱོང་གི་མགོ་སྙན་ངག་མེ་ལོང་མ་ནས་བཙུགས་ཏེ། མཇུག་མེ་ལོང་མ་ནས་བསྡུས་དང་བསྡུ་བཞིན་པས་སོ། དེས་ན། མཚམས་འདིར་ཡང་ཁོ་བོས་མགྲིན་པ་གཟེངས་སུ་བཏེགས་ནས་སྨྲ་བ་ལ། དེ་སྔའི་ལྦར་ཎའི་སློབ་ཐོན་སློབ་མ་དེ་དག་ཀྱང་སློབ་གྲྭ་ཁག་གི་མཐོ་རིམ་འཛིན་གྲྭའི་ཆོས་འབྱུང་དང་ནང་ཆོས་ཀྱི་དགེ་རྒན་བྱས་ན་མ་གཏོགས། ཁོང་ཚོ་སྐད་ཡིག་དགེ་རྒན་བྱེད་མཁན་གྱི་མི་མ་རེད་ལ། ལྷག་པར་དུ་དམའ་རིམ་དང་འབྲིང་རིམ་གྱི་བོད་སྐད་ཡིག་དགེ་རྒན་བྱེད་མཁན་གྱི་མི་དེ་བས་ཀྱང་མ་རེད། དེ་སྔའི་བོད་སྐད་ཡིག་སློབ་གསོའི་ལས་དོན་ཁྲོད་ནོར་འཆུགས་འདི་ལྟ་བུ་བྱུང་པས་ད་ལྟ་ད་དུང་སྐྱ་ཐག་ཐག་གི་མདུན་ལམ་ཞིག་ལས་མེད་སོང་བ་རེད་ཅེས་པ་འདིའོ།།

 

གཞན་ཐེངས་འདིའི་བསམ་ཤོག་ལེ་ཚན་གྱི་གདམ་བྱའི་ཁྲོད་དུ་ཤེས་ཡོན་སློབ་གསོའི་སྒོ་ཆེན་ལྟ་བུའི་སློབ་དེབ་མ་བཞག་པ་ནི་བསམ་ཤོག་ལེ་ཚན་གྱི་ཆད་ལྷག་ཅིག་ཏུ་ཁོ་བོས་འདོད་དེ། སློབ་གསོའི་ལས་དོན་ཁྲོད་སློབ་དེབ་ནི་ལག་ཆ་གཙོ་ཆེ་ཤོས་ཤིག་ཏུ་གདའ་བས། སློབ་གསོའི་དར་རྒུད་གང་ཞིག་གནད་དུ་བཟུང་ཡང་སློབ་དེབ་ནི་གླེང་གཞི་གཙོ་བོ་ཞིག་ཏུ་ངང་གིས་གྲུབ་ཡོད། དེ་བས། སྤྱིར་སློབ་གསོའི་ལས་དོན་སྐོར་གླེང་དུས་སློབ་དེབ་གླེང་རྒྱུ་གལ་ཆེ་ལ། ལྷག་པར་དུ་བཙན་བྱོལ་གྱི་འདས་བའི་མི་ལོ་ལྔ་བཅུའི་རིང་གི་བོད་སྐད་ཡིག་སློབ་གསོའི་འཐུས་ཤོར་ཐད་ནས་སློབ་དེབ་ཀྱི་འཐུས་ཤོར་ནི་གཞི་རྩ་ཆེན་པོ་ཆགས་ཡོད་པས། དེ་སྔོན་ཁོ་བོས་སློབ་དེབ་རྩོམ་སྒྲིག་བྱེད་མཁན་དང་སློབ་དེབ་ཁག་ལ་རྩིས་བཤེར་བརྒྱབ་པ་ཡིན་ལ། འདིར་ཡང་ཤེས་ཡོན་འཐུས་ཤོར་གྱི་སྐོར་ལ་ཡོངས་ཁྱབ་བསམ་ཤོག་བསྡུ་བའི་ལས་རིམ་ཁྲོད་དུའང་སློབ་དེབ་ཀྱི་རིན་ཐང་ལ་ཚད་གཞལ་དགོས་པ་ནི་འཐུས་ཚང་གི་ཆ་རྐྱེན་ངེས་ཅན་དུ་གྲུབ་པར་སྨྲ་བ་དང་འབྲེལ། འདས་བའི་མི་ལོ་ལྔ་བཅུའི་རིང་གི་སློབ་དེབ་སྐོར་མདོ་ཙམ་གླེང་བའི་དགོས་པ་མཐོང༌།

 

སློབ་དེབ་ཀྱི་འཐུས་ཤོར་དེ་ཕྱོགས་ངོས་མང་པོ་ནས་གླེང་དགོས་ངེས་རེད་དེ། ཁོ་བོའི་སྐད་ཡིག་སློབ་དེབ་ཀྱི་རྩོམ་འབྲིའི་ཤེས་བྱའི་ཆད་ལྷག་དང་བཀོད་སྒྲིག་གི་ངོས་གཉིས་ནས་བགྲོ། དེ་སྔ་ང་ཚོའི་སློབ་གྲྭ་ཁག་གི་སློབ་དེབ་ནི་དགེ་རྒན་ཚོར་མཚོན་ནའང་འབྲུ་འབྲེལ་དོན་འབྲེལ་དང་གནད་བཤད་གསེལ་འགྲོལ་ཡག་པོ་ཞིག་མི་ཐུབ་པའི་ཚུལ་དུ་ལྷག་ཡོད་ལ། དེ་ནི་དགེ་རྒན་གྱི་ཤེས་ཚད་དང་སློབ་དེབ་རྩོམ་སྒྲིག་གཉིས་ཐད་ནས་བྱུང་བ་དང༌། དེའང་དེ་སྔའི་དམའ་རིམ་སློབ་དེབ་དང་མཐོ་རིམ་སློབ་དེབ་ཀྱི་ནང་དོན་ལ་མཐོ་དམན་གྱི་ཁྱད་པར་དེ་ཙམ་མེད་པས་ཡིན་ཞིང༌། སྤྱིར་རྩོམ་འབྲིའི་ཤེས་བྱ་ནི་སྐད་ཡིག་སློབ་ཁྲིད་ཀྱི་གལ་ཆེའི་གྲུབ་ཆ་ཞིག་དང༌། སློབ་ཚན་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་སྐད་ཡིག་གི་ཚད་གཞི་མཚོན་པའི་གལ་ཆེའི་གྲུབ་ཆ་ཞིག ལྷག་པར་དུ་རྩོམ་འབྲིའི་རྨང་གཞིའི་ཤེས་བྱ་ནི་སྐད་ཡིག་སྦྱོང་བརྡར་བྱེད་པའི་ལམ་རིམ་དང་པོ་ཡིན་མོད། ང་ཚོའི་སློབ་དེབ་ཁག་གི་ནང་ལད་འབྲི་སྦྱོང་བརྡར་བྱེད་ཚུལ་དང༌། དོན་རྐྱེན་འབྲི་ཚུལ། བྱ་འགུལ་འབྲི་ཚུལ་ཞེས་པ་ལྟ་བུའི་ཤེས་བྱ་འདི་དག་འཇུག་མ་ཐུབ་པ་ནི་སྐད་ཡིག་སློབ་དེབ་ལ་ཆད་ལྷག་བྱུང་བའི་གནས་ཚུལ་ཡིན་ལ། སློབ་དེབ་ཁག་གི་ཤོག་ངོས་རེ་གཉིས་ཙམ་ལས་མེད་པའི་<<གཏོང་ཡིག་འབྲི་དཔེ་>>(འཛིན་གྲྭ་ལྔ་པའི་སློབ་དེབ་ཏུ་འཁོད།)དང་<<རྩོམ་ཡིག་ཇི་ལྟར་འབྲི་དགོས་སམ།>>དང་<<དགོངས་ཤོག་འབྲི་སྟངས།>>(འཛིན་གྲྭ་དྲུག་པའི་སྐད་ཡིག་སློབ་དེབ་ནང་འཁོད།) <<ཇི་བཞིན་བརྗོད་པའི་རྩོམ་འབྲིའི་ཤེས་བྱ།>>དང་<<རྒྱུན་སྤྱོད་ཡིག་རིགས།>>(འཛིན་གྲྭ་བདུན་པའི་སྐད་ཡིག་སློབ་དེབ་ནང་འཁོད།)བཅས་སློབ་དེབ་ནང་བཀོད་སྒྲིག་བྱེད་སྟངས་ཀྱི་ཐད་ནས་ནོར་འཛོལ་བྱུང་ཡོད་དེ། སློབ་ཚན་འདི་དག་སྤྱི་བེམ་པའི་སྟེང་ན་ལུས་འདུག་པ་དེའོ།།

 

སློབ་ཚན་འདི་དག་བྱེ་བྲག་དང་ཆ་ཤས་ཀྱིས་གསལ་བོར་མ་བཀོད་པ་ནི་སྐབས་དེའི་དགེ་རྒན་ཚོའི་སློབ་ཁྲིད་ནུས་ཚད་ལས་བརྒལ་སོང་བ་ལགས་ན། ལོ་ཆུང་སློབ་མ་དག་གི་བློ་གྲོས་ཀྱི་མེ་རོ་ཆུང་ཆུང་དེས་བཞུ་ག་ལ་ཐུབ། སློབ་དེབ་ཁག་གི་ནང་སློབ་ཚན་འདི་ལྟར་བཀོད་སྒྲིག་བྱས་པ་དགེ་རྒན་ཚོས་སློབ་མའི་མོས་ཁམས་ལ་འཇོག་མ་ཐུབ་རྐྱེན། ཕྲུ་གུ་ཚོས་བོད་ཡིག་ནི་མཁྲེགས་པོ་ཞིག་དང་ནམ་ཡང་ཤེས་རྒྱུ་མེད་པ་ཞིག་ཏུ་མཐོང་སོང་བ་རེད། སློབ་མ་ཚོའི་རྒྱུད་ལ་སྐད་ཡིག་གི་རྨང་རྡོ་འཇོག་མ་བཏུབ་པ་རེད། འཛིན་གྲྭ་བརྒྱད་པའི་སྐད་ཡིག་སློབ་དེབ་ནང་འཁོད་པའི་<<རྒྱུན་སྤྱོད་ཡིག་རིགས་>>དང་<<སྙན་ངག་གི་སྤྱི་ཁོག>> <<རང་བཞིན་བརྗོད་པའི་རྒྱན།>> <<དཔེ་རྒྱན།>> <<གཟུགས་རྒྱན་>>བཅས་ལྟོས་བཅས་ཀྱིས་ཁ་གྲངས་མང་དུ་སོང་ཡོད་མོད། དེ་དག་ཀྱང་བྱེ་བྲག་གི་མཚན་ཉིད་དང་མཚན་གཞི། དཔེ་འཇོག་ལྷག་མ། དཔེ་མཚོན་རྩོམ་ཡིག་བཅས་ཀྱི་སྟེང་དུ་མ་བབས་པས་གོང་གི་བཀོད་སྒྲིག་གི་སྐྱོན་གྱི་ར་བ་ལས་མི་འདའ་བར་སྙམ་ཞིང༌། དགེ་རྒན་གྱིས་ཀློག་འགྲེལ་བྱེད་དགོས་པའི་སློབ་ཚན་རྐྱང་ལས་སློབ་མས་ལྟ་ཀློག་བྱེད་དགོས་པའི་སློབ་ཚན་མེད་པས། སྤྱི་ཡོངས་ནས་སློབ་དེབ་ལ་སྟོང་ཆ་ཞིག་ལྷག་ཏུ་བཅུག་པ་མ་ཟད། ས་འདིར་སྐབས་དེར་སློབ་ཕྲུག་ཚོ་ལ་རང་ཉིད་ཀྱི་བློ་ཁ་དང་འཚམ་པའི་དཔེ་དེབ་བམ་ཕྲུ་གུའི་རྩོམ་དཔེ་དེ་འདྲ་ཅི་བས་དཀོན་པའི་གནས་སྟངས་ལ་བསམ་ན་དེ་བས་ཀྱང་ཉེན་ཁ་རུ་གྱུར་ཡོད་ལ། དགེ་རྒན་གྱིས་ཀློག་འབྲེལ་བྱེད་དགོས་པའི་སློབ་ཚན་དག་ཀྱང་ལྷུ་ལག་གྲོལ་ནས་དབྱེ་ཞིབ་ཀྱི་དཔེ་མཚོན་གཅིག་ཀྱང་མེད་པར། འཆིང་སྡོམ་གྱི་རྒྱ་ལས་གྲོལ་མེད་པས། དགེ་རྒན་ཚོའི་སློབ་ཁྲིད་ནུས་ཚད་ལས་བརྒལ་ཡོད་དེ། དཔེར་ན། འཛིན་གྲྭ་བརྒྱད་པའི་སློབ་དེབ་རྙིང་པའི་ནང་ཧཕ་རིན་སིའི་རྩོམ་པ་པོ་གྲགས་ཅན་<<ཨར་ཧཕིན་སི་ཏུའི་>>རྩོམ་ཡིག་གྲགས་ཅན་<<མཇུག་མཐའི་སློབ་ཐུན་གཅིག་>>འཁོད་ཡོད་ལ། སྤྱིར་སློབ་ཚན་རང་ངོས་ནས་སློབ་གསོའི་ནང་དོན་ཕུན་སུམ་ཚོགས་པ་ཞིག་ལྡན་ཡོད་པ་རེད་མོད། དགེ་རྒན་ཚོས་རྩོམ་ཡིག་དེ་བཤིག་ནས་གྲོལ་ནས་སློབ་མར་ཁྲིད་སྟོན་བྱ་རྒྱུ་ཧ་ཅང་དཀའ་བའི་གནས་སུ་གྱུར་ཡོད་པ་ལྟ་བུ་རེད། ང་ཚོས་རྩོམ་ཡིག་འདི་དག་སློབ་མ་ཚོའི་རྒྱུད་ལ་འཇོག་མ་ཐུབ་པས་སློབ་མའི་སློབ་སྦྱོང་ལ་འཐུས་ཤོར་ཕྱིན་པ་རེད་ལ། དེང་སྐབས་སྤྱི་ཚོགས་ཁྲོད་ཀྱི་བླ་མ་དགེ་བཤེས་འགའ་དང་འགོ་ཁྲིད་འགའ། སློབ་གྲྭ་ཁག་གི་འགན་འཛིན་གཙོས་དགེ་ལས་འགའ་བཅས་ཀྱིས་ྋགོང་ས་མཆོག་གི་རིགས་ལམ་སྦྱོང་དགོས་པར་གདམས་པའི་ལམ་སྟོན་བཀའ་སློབ་ལ་ངེས་ཤེས་ཟབ་མོ་བརྙེད་ཡོད་མདོག་གིས་སློབ་གྲྭ་ཁག་གི་ནང་རིགས་ལམ་སློབ་ཁྲིད་ལ་ཅལ་འདྲོགས་བྱེད་ཀྱིན་འདུག་ འོན་ཀྱང༌། ངས་ཁོང་ཚོའི་བྱེད་སྟངས་འདི་ཤེས་རྟོགས་དང་ལག་ལེན་གྱི་རྒྱུ་འབྲས་ཀྱིས་གྲུབ་ཡོད་མེད་དོགས་པ་ཟ་བཞིན་ཡོད་ལ། ངས་ནི་ཇི་བཞིན་བརྗོད་པའི་རྩོམ་ཡིག་འབྲི་ཐབས་དང༌། གསལ་བཤད་རྩོམ་ཡིག་འབྲི་ཐབས། དགག་སྒྲུབ་རྩོམ་ཡིག་འབྲི་ཐབས་བཅས་ཀྱི་སློབ་ཚན་བཀོད་སྒྲིག་དང་སློབ་ཁྲིད་ཀྱི་རྩ་དོན་དོན་འཁྱོལ་བྱ་ཐུབ་ཚེ། སློབ་མའི་བློ་རིག་པ་འགྲོལ་བཏུབ་པ་མ་ཟད། བོད་སྐད་ཡིག་གི་རྨང་རྡོའང་བརྟན་པོ་ཞིག་བརྩིག་ཐུབ་ངེས་སྙམ།

དེ་བས། ང་ཚོས་སློབ་གྲྭ་ཁག་ལ་སློབ་དེབ་མེད་པའི་རིགས་ཡོད་པར་བྱེད་པ་དང་ཡོད་པ་དག་ཀྱང་ཕྱི་ནང་གཉིས་ཐད་ནས་འཐུས་འཚང་དུ་གཏང་རྒྱུ་ནི་བོད་སྐད་ཡིག་སློབ་གསོའི་ལས་དོན་དང་ཤེས་ཡོན་འཐུས་ཤོར་གྱི་ལས་དོན་གལ་ཆེན་དུ་འཛིན་དགོས་ཞེས་སྨྲ་བ་འདིའོ།།

འབྲེལ་ཡོད་གསར་འགྱུར།

TTTTT
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དེར་ངོས་ལེན་མེད་པའི་གྲོས་ཆོད་སྤྱི་མོས་གཏན་འབེབས་གནང་།

ཆུ་ཚོད་ ༡༧ སྔོན་ལ།
TTTT
Mobile App

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་སླར་གསོ་བསྐྱངས་ནས་ལོ་ངོ་ ༦༥ འཁོར་བའི་དུས་ཆེན་སྲུང་གཙི་ཞུས།

ཆུ་ཚོད་ ༡༩ སྔོན་ལ།
དགེ་འདུན་པ་མཛེས་དགའ་རྒྱ་མཚོ་ལགས། པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༦།༣།༢༢ བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

༢༠༢༦/༠༣/༢༢
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡

མཆན། 17

  1. པ་སངས་ཚེ་རིང་། says:
    ལོ་ 15 སྔོན།

    སྐལ་བཟང་ཉི་མ་ལགས། ཁྱེད་ཀྱིས་བྲིས་པའི་ཟིན་བྲིས་ངས་བཀླགས་པ་ཡིན། གནས་ཚུལ་རེ་འགར་མཐུན་མིན་འཇུག་ཀྱང་ཕྱོགས་ཡོངས་ནས་ངས་ཀྱང་རང་གི་ཟིན་བྲིར་རྩོྩོམ་ཡིག་གི་ཐོག་མར་བཙན་བྱོལ་གཞུང་གི་བོད་ཡིག་ཕམ་ཁའི་སྐོར་གླེང་ནས་ཡོད་པས། དུས་ཀྱིས་ཁོམ་ན་དེར་ཞིབ་གཟིགས་གནང་དང་བསམ་ཚུལ་མཐུན་ངེས་པ་ཞིག་ཏུ་མཐོང་། ད་དུང་མི་རབས་ཀྱི་དཀའ་ཁག་གི་དུས་འདིར་སྐྱོན་བརྗོད་ལས་ཐབས་ལམ་མང་ཙམ་བྲིས་ཐུབ་ན་དགེ་མཚན་གནད་སྨིན་ཡོང་ངེས་རེད། བཀྲིས་བདེ་ལེགས། སྐུ་ཁམས་བཟང་།

    Reply
  2. ལྗང་གཞོན། says:
    ལོ་ 15 སྔོན།

    གྲོགས་པོ་ལགས། གང་བྲིས་པ་དེ་ལེགས་པོ་འདུག མུ་མཐུད་དེའི་ཐད་ཞིབ་འཇུག་ཡོད་པ་བགྱི།

    Reply
  3. ཨ་འདུས་མིག་ཆུ། says:
    ལོ་ 15 སྔོན།

    གྲོགས་པོ་ལགས། ངས་ཁྱེད་རྩོམ་ཡིག་ཚང་མ་བཀླགས་ཟིན་པ་ཡིན། ཧ་ཅང་ལེགས་པོ་བྲིས་འདུག

    Reply
  4. བཙན་བྱོལ་བ་ says:
    ལོ་ 15 སྔོན།

    རེད་ཡ་ དྲ་ཚིགས་འདིའི་ནང་གི་དྲ་བ་མང་ཆེ་བས་བཙན་བྱོལ་ནང་འཚར་ལོང་བྱུང་བའི་སློབ་མ་རྣམས་ཀྱི་སློབ་གསོའི་སྐོར་ལ་མི་འགྲིག་པ་རྐྱང་རྐྱང་རེད་འདུག་ གཅིག་བྱས་ན་བསམ་འཆར་འདོན་མཁན་གྱི་རྣམ་རྟོག་ལ་འཆར་ཚད་བདེན་པ་ཡིན་པའི་ངེས་པ་མེད་ འོན་ཀྱང་འཐུས་ཤོར་ནི་ཕྱོགས་མང་པོ་ནས་ཡོང་གིན་ཡོད་ གཙོ་བོ་ནི་ཁོར་ཡུག་གི་དབང་གིས་ཡིན་པར་སྙམ་ དགེ་རྒན་ལ་མཚོན་ན་ཝ་རཱ་ན་སི་མཐོ་སློབ་ནས་ཐོན་པ་རྣམས་མི་འགྲིག་པ་མེད་ ཁོང་རྣམས་ནི་དེང་སང་མྱུག་ཐོགས་པ་མང་ཆེ་བ་ནང་བཞིན་སྙན་ངག་གིས་ཚིག་སྙན་པོ་དེ་འདྲ་རང་མེད་ཀྱང་ནང་དོན་ལ་བོད་ཀྱི་རིག་གཞུང་ཕྱུག་པོ་ལྡན་ཡོད་ དེ་ཙམ་མ་ཟད་ ཁོང་ཚོའི་ཤེས་ཚད་དེ་རང་མི་རིགས་ཀྱི་རིག་གཞུང་ཙམ་མ་ཡིན་པར་གཙོ་བོ་ང་ཚོའི་སྐད་ཡིག་གི་འབྱུང་ཁུངས་ལེགས་སྦྱར་གྱི་སྐད་དང་འགྲན་བཟོད་པ་ཞིག་ཡོད་པས་བོད་མི་རིགས་ཞིག་ཡིན་པའི་ཆ་ནས་སྤོབས་པ་སྐྱེས་འོས་པ་ཡིན་

    Reply
  5. ཐིག says:
    ལོ་ 15 སྔོན།

    དྲ་གྲོགས་སྐལ་བཟང་ཉི་མ་ལགས། ཁྱེད་ཀྱིས་གང་གསུངས་པ་དེར་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཐམ་པ་ཡོད།

    Reply
  6. བསྟན་འཛིན་ཚེ་དཔག says:
    ལོ་ 15 སྔོན།

    བཙན་༼བྱོམ་༽ཞེས་གཏགས་ནོར་གྱིས་ཕྱིན་སོང་། དེ་བཙན་༼བྱོལ༽ཞེས་སུ་བཅོས་གནང་རོགས། དེ་རིང་ལམ་ཞོར་དུ་དྲ་ཁང་ཞིག་ནང་འཛུལ་ནས་འདི་ཙམ་དྲན་པ་དེ་ཞུས་པ་ལགས། ནམ་རྒྱུན་ལྟར་ལྷོད་སྡོད་ཀྱི་སྐབས་ཤིག་ལ། འདི་འབྲེལ་གྱི་གླེང་སློང་ལ་སྣོན་འདེབས་རྒྱས་པ་ཞིག་ཞུ་སྙིང་འདོད་དེ་ཡོད་ལགས་ཞེས་ཀྱང་ཞུའོ།།

    Reply
  7. བསྟན་འཛིན་ཚེ་དཔག says:
    ལོ་ 15 སྔོན།

    བཙན་བྱོམ་ནང་འདིར། བཙན་བྱོལ་བོད་ཀྱི་སློབ་གྲྭ་ཁག་གི་ནང་འདིར། བོད་ཀྱི་སྐད་ཡིག་གི་གནས་ཚད་སྐྱོ་བོ་ཆགས་པའི་རྒྱུ་རྐྱེན་གཙོ་ཆེ་བ་གསུམ་ནི། འཛིན་སྐྱོང་། དགེ་རྒན། སློབ་དེབ་བཅས་ལ་ཐུག་ཡོད་པར་བདག་འདོད།

    གང་གིས་ན། འཛིན་སྐྱོང་གི་བྱེད་པོ་རིམ་བྱོན་དག་གིས་འཕྲལ་ཕུགས་གཉིས་ལས་འཕྲལ་གྱི་ཉི་མ་འཁྱོལ་ཐབས་གཙོ་འདོན་གྱིས་དུས་ཚོད་ཟད་དུ་བཅུག་པ་དང་། དགེ་རྒན་མང་ཆེ་བའི་ཤེས་ཡོན་ཆུ་ཚད་དམའ་ཁར། འཛིན་ཁང་གི་ཁོར་ཡུག་ཙམ་དུ་ལས། དེ་ལས་བརྒལ་བའི་འགན་ཁུར་ལེན་སྲོལ་ཕལ་ཆེར་མེད་སོང་བ། སློབ་མའི་བློ་ཁ་དང་འཚམ་པའི་སློབ་དེབ་རྩོམ་སྒྲིག་གི་གནད་འགག་ལ་གཙིགས་ཆེན་མ་གནང་བ་བཅས་རེད། འདི་གསུམ་མེད་པར་གྱུར་པས་ན། གོང་ས་མཆོག་གིས་ཡང་ནས་ཡང་དུ་བཀའ་སློབ་ལམ་སྟོན་གནང་བ་དང་། ད་ལྟའི་གྲུབ་འབྲས་གཉིས་དེ་ཁ་ཕྱོགས་མ་འདྲ་བ་གཉིས་ཆགས་པ་འདི་བྱུང་བར་ཡང་བདག་འདོད།

    འཛིན་སྐྱོང་བྱེད་པོ་རིམ་བྱུང་སྟེ། ཤེས་རིག་གི་བཀའ་བློན་གནང་མྱོང་མཁན་དག་དང་། ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་གནང་མྱོང་མཁན་ཕལ་མོ་ཆེ་བས། སོ་སོའི་ལས་ཡུན་འཁྱོལ་ཐབས་ཙམ་ལས་བོད་ཀྱི་ཤེས་རིག་ཡར་རྒྱས་ཀྱི་ཕྱོགས་ལ་དེ་ཙམ་གྱི་དགོངས་པ་མ་བཞེས་པ། དེ་བཞིན་སློབ་གྲྭ་ཁག་གི་འཛིན་སྐྱོང་བྱེད་པོ་དག་ཀྱང་མཐོ་རིམ་པ་དེ་དག་གི་རྗེས་སུ་འབྲངས་ཤུགས་ཆེ་ཐལ་དུ་གྱུར་པ་དེ་གནད་དོན་གྱི་ཐུག་ས་དང་པོ་རེད།

    དེ་ནས་དགེ་རྒན་ཡོངས་རྫོགས་ཀྱི་ཤེས་ཚད་དང་དེའི་ནང་ནས་ཀྱང་བོད་ཡིག་དགེ་རྒན་ཚོའི་ཤེས་ཚད་གཉོམ་པའི་དབང་གིས། སློབ་མ་ཚོའི་སེམས་ངོར་བོད་ཡིག་སྦྱོང་བའི་སྤྲོ་སྣང་བསྐྱེད་ཐུབ་རྒྱུ་ཕར་ཟད། ཉོབ་སྣང་གི་སྣ་འདྲེན་བྱེད་ཐལ་དུ་སོང་བ་དེ་ནི་གནད་དོན་གྱི་ཐུག་ས་གཉིས་པ་རེད། ད་ལྟ་སློབ་གྲྭ་ཁག་ན་བོད་ཡིག་དགེ་རྒན་ཤེས་ཡོན་ཚད་ལོངས་ཡོད་མཁན་མེད་པའི་དཀའ་ངལ་དེ་སློབ་མ་ཚོས་ཉིན་རྟག་པར་གླེང་གིན་ཡོད་པ་ནི་ཤེས་བྱེད་གསལ་ཤོས་གཅིག་རེད།

    སློབ་དེབ་ཀྱི་ཚད་གཞི་ནི། སྤྱིའི་དབང་དུ་བྱས་པ་ཡིན་ན། བོད་ཀྱི་ཆོས་དང་རིག་གཞུང་དར་སྤེལ་རྒྱུན་འཛིན་ལ་ཆེད་དུ་དམིགས་པ་ཞིག་ཆགས་ཡོད་ནའང་། ད་ལྟའི་ང་ཚོར་མཚོན་ན། སློབ་དེབ་དང་དགེ་རྒན་དོ་མི་མཉམ། སློབ་དེབ་དང་སློབ་མ་དོ་མི་མཉམ་པའི་དཀའ་ངལ་ཆགས་ཡོད་སྟབས། ད་ཡོད་བོད་ཡིག་གི་སློབ་དེབ་འདི་དག་ནི་དགེ་རྒན་གྱི་ཤེས་ཚད་དང་མི་འཚམ་པའི་ཁར། སློབ་མའི་བོད་ཡིག་གནས་ཚད་དང་ཡང་མི་འཚམ་པ་ཞིག་ཆགས་ཡོད། སློབ་དེབ་ངོས་ཀྱི་སློབ་ཚན་དེ་དག་དང་དགེ་རྒན་ཚོའི་ཤེས་ཚད། སློབ་མའི་དོ་སྣང་འདྲེན་ཤུགས་བཅས་ལ་བསམ་པས། གཟོད་ང་ཚོའི་སློབ་དེབ་འདི་ནི་ཡར་སྣེར་མ་སླེབས་མར་སྣེར་མ་སླེབས་པའི་ཚད་དུ་ཡོད། གནད་འགག་གི་ཐུག་ས་ནི་འདི་འདྲ་དག་ན་ཡོད་པར་འདོད་ཅེས་ཞུའོ།།

    Reply
  8. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 15 སྔོན།

    ང་རང་དགེ་རྒན་ཞིག་གི་མིང་ཁྱེར་ཡོད་པས་ངོ་མ་བཤད་ན་འདི་ལྟར་བཤད་མི་འོས་པ་ལྟ་བུ་ཡིན་མོད། ཁྱེད་ཀྱིས་གསུངས་པ་མང་ཆེ་བར་ཁོ་བོས་དེ་ལྟར་དྲན་བཞིན་ཡོད། ངས་ནི་ཁྱེད་ཀྱི་དགོངས་ཚུལ་མ་མོས་མཐུན་བརྒྱ་ཆ་རྒྱ་ཡོད།

    Reply
  9. འབྲོང་བུ་ཟླ་བ། says:
    ལོ་ 15 སྔོན།

    སྐལ་བཟང་ཉི་མ་ལགས།
    ཁྱེད་ཀྱིས་བྲིས་པའི་གནད་དོན་དག་ལ་རྒྱབ་སྐྱོར་གྱི་ཚུལ་དུ་ཚིག་འགའ་ཞུ་ན་འདོད།
    དང་པོ། བོད་ཡིག་དགེ་རྒན་གྱི་ཆུ་ཚད་མི་འདང་བ་དངོས་ཡོད་གནས་ཚུལ་རེད། དགེ་རྒན་གྱི་ཤེས་ཚད་དམན་པའི་ཐོག་ཁྲིད་གཞིའི་ཇུས་འགོད་དང་གྲ་སྒྲིག་མེད་པ། བོད་ཡིག་འདི་དགའ་སྣང་གི་ཐོག་ནས་མི་ཁྲིད་པར་ཁྲལ་ཙམ་ཁྲིད་པ། ང་རང་བཙན་བྱོལ་དུ་འབྱོར་ནས་ལོ་གཉིས་འགོར་པའི་སྐབས་ཤིག་ལ་བོད་ཡིག་དགེ་རྒན་ཞིག་གིས་རྣམ་དབྱེ་གཉིས་བཞིའི་གཉིས་ཀྱི་དཔེ་བརྗོད་ཀྱི་དབྱེ་བ་ཡག་པོ་འབྱེད་མ་ཐུབ་པ་ལ་སློབ་ཕྲུག་གིས་དྲི་བ་ཡང་ཡང་བཏང་མཐར་ངུ་དངངས་ཀྱིས་འཛིན་ཁང་ནས་ཐོན་པའི་དོན་དག་ཡང་བྱུང་མྱོང་ཡོད།
    གཉིས་པ། ཀློག་དེབ་ཀྱི་སྐོར་དེ་ཡིན། གནད་ལ་འཁེལ་འདུག ང་རང་འཛིན་རིམ་བཅུ་གཉིས་སླེབས་དུས་འཆར་ཅན་ལྟར་གུས་པར་སུམ་རྟགས་གཉིས་ཐེངས་གསུམ་ལ་ཁྲིད་ཚར་འདུག རང་ཉིད་ཀྱིས་ཤེས་ཡོད་པ་ནི་ཐོག་མ་ནས་ཤེས་ཡོད་པ་དེ་རེད། ཡ་མཚན་པ་ཞིག་ནི་སུམ་རྟགས་ཐེངས་གཉིས་སམ་གསུམ་ལ་སྦྱངས་ཚར་བའི་འཛིན་རིམ་བཅུ་གཉིས་ཀྱི་མཐར་ཕྱིན་སློབ་མའི་ཁྲོད་ན་སྙན་ཞུ་སྤུས་དག་ཅིག་འབྲི་ཐུབ་མཁན་གྱི་སློབ་ཕྲུག་མཛུབ་རྩེར་བགྲང་ཆོག་པ་དེ་རེད། གང་ལྟར་ད་ལྟའི་ཀློག་དེབ་ཀྱི་བཀོད་སྒྲིག་འདིས་སློབ་ཕྲུག་ལ་བོད་ཡིག་སློབ་པའི་དགའ་སྣང་ཁྱོན་ནས་སློང་ཐུབ་ཀྱི་མི་འདུག

    Reply
  10. ཇ་མ་ says:
    ལོ་ 15 སྔོན།

    སློབ་མ་ཞིག་ལ་བོད་ཡིག་གི་རྨང་གཞི་བརྟན་པོ་དགོས་ན་དང་པོ་མིང་ཚིགས་བརྡ་དག་གི་རྐང་ཚིགས་པ་ཞིག་སློབ་དགོས། དེ་ནས་སུམ་རྟགས་སྙན་ངག་སོགས་སློབ་ན་བོད་ཡིག་ཡར་རྒྱས་ཡོང་ཐུབ། བརྡ་དག་མ་སློབ་པར་སུམ་རྟགས་སྙན་ངག་སློབ་ན་དོན་མེད་རེད། གུང་ཐང་བསླབས་བྱ་ནང་དོན་གྱི་རྒན་པོ་ཚིག་གི་མཁར་བ་ལ་བསྟེན་ནས་ཅེས་གསུངས་ཡོད།

    Reply
  11. དཀར་མཚོ་སྐྱིད། says:
    ལོ་ 15 སྔོན།

    གོང་གི་བསམ་ཚུལ་འདི་ལ་དམིགས་བསལ་གྱིས་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག སྔོན་བྱོན་མཁས་དབང་རྣམས་ཀྱི་རྩོམ་སྟངས་རིག་པ་ནི་སྲོལ་རྒྱུན་རྩོམ་རིག་སྟེ་སྙན་ངག་མེ་ལོང་མ་དང་སུམ་རྟགས་ཀྱི་གཞུང་གཉིས་ལ་བརྟེན་ནས་བོད་ཀྱི་རིག་གནས་མཐའ་དག་འཕེལ་རྒྱས་སུ་བཏང་ཡོད་ནའང་དུས་རབས་ཀྱི་འགྱུར་ལྡོག་དང་བསྟུན་ནས་ད་ལྟའི་བོད་ཀྱི་སྤྱི་ཚོགས་ཀྱི་ནང་དུ་སྙན་རྩོམ་དང་སུམ་རྟགས་ཁོ་ནས་བོད་ཀྱི་དགོས་མཁོ་མཐའ་དག་སྐོང་མི་ཐུབ་པར་བརྟེན། རང་རེའི་བཙན་བྱོལ་གྱི་སློབ་གྲྭ་ཁག་གི་ནང་དུ་ན་གཞོན་སློབ་ཕྲུག་ཚོ་ལ་ཚན་རིག་དང་མཐུན་པའི་རྩོམ་སྟངས་རིག་པ་སློབ་ཁྲིད་བྱས་ཏེ་བོད་ཀྱི་སྐད་ཡིག་གི་ཐོག་ནས་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་ཀྱི་ལས་དོན་མཚོན་པའི་དེང་རབས་ཀྱི་རྩོམ་འབྲིའི་རིག་པ་སྣ་ཚོགས་ངེས་པར་དུ་དར་སྤེལ་གཏོང་དགོས།

    Reply
  12. རི་བོང། says:
    ལོ་ 15 སྔོན།

    བཀླགས་ཟིན་པ་ཡིན། བདེན་ཁ་སྟེར་དགོས་ས་མང་དག་ཅིག་འདུག མུ་མཐུད་དུ་ཕྲིས་དང་མུ་མཐུད་དུ་ཀློག་ངེས་ལགས།

    Reply
  13. འབྲུག་གྲགས་རྒྱལ་པོ། says:
    ལོ་ 15 སྔོན།

    ཟིན་བྲིས་པ་དང་མཆན་འགོད་པ་ཚང་མས་བསམ་བློ་ཡག་པོ་བཏང་འདུག ཐུགས་རྗེ་ཆེ། ད་དུང་མུ་མཐུད་དཔྱད་ཞིབ་ཀྱིས་བསམ་ཚུལ་གསུངས་རོགས། འབྲེལ་ཡོད་ལ་དགོངས་པ་བཞེས་རྒྱུར་ཁྱད་པར་ཡོང་ངེས། རྩ་བའི་རྩོམ་བྲིས་ནང་འཁོད་པ་ལྟར་གྱི་སྐྱོན་དེ་རྣམས་ཡོད་ཐག་ཆོད་རེད། རྒྱུ་རྐྱེན་གཞན་ཞིག་ནི་བཙན་བྱོལ་གྱི་གནས་སྐབས་སུ་བོད་ཡིག་གི་སྤྱོད་ཡུལ་ཞན་པ་དང་དེས་འཚོ་བའི་ལས་ཀ་མི་རག་པས་རེད་སྙམ། དེས་ན་རང་ཡུལ་རང་ལག་ཏུ་དགོས་པ་རེད། དེ་བྱུང་ན་རང་མི་རིགས་ཀྱི་སྐད་ཡིག་བེད་སྤྱོད་ཀྱིས་མི་ཉམས་རྒྱུན་འཛིན་དར་སྤེལ་ཐུབ་ངེས། ང་ཚོ་ཚང་མས་སྐད་ཡིག་ལ་བདག་གཅེས་དང་མཉམ་དུ་སོ་སོའི་ལུང་པར་རང་དབང་ཡོང་ཐབས་ལ་ཤུགས་སྣོན་རྒྱག་གལ།

    Reply
  14. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 15 སྔོན།

    བཙན་བྱོལ་གྱི་སློབ་གསོའི་མགོ་ཨ་མ་ནས་བཟུང་སྟེ་མཇུག་སློབ་མའི་བར་ཏུ་ནོར་ཡོད་པ་རེད། ད་དུང་དགེ་རྒན་དང་འཛིན་སྐྱོང་། སློབ་དེབ་སོགས་ཀྱང་ཆར་བ་ཆུ་གྲོགས་ཀྱི་ཚུལ་དུ་སོང་ཡོད་པ་གསལ་བོ་རེད།
    ཁྱེད་ཀྱི་རྩོམ་ཡིག་འདི་བམ་ཀློག་ཅིག་བྱས་པ་ཡིན་ཏེ། བདེན་བདེན་ཆབ་སྲིད་པའི་ཁ་ལྟ་བུ་དང་། འགྲིག་འགྲིག་བུད་མེད་ཀྱི་འོག་ལྟ་བུ་ཞིག་གི་ཚོར་བ་སྤྲད་སོང་།

    Reply
  15. རྐང་གསུམ། says:
    ལོ་ 15 སྔོན།

    ཁ་དྲོ་བཀྲ་ཤེས་ཁྱོད་ཀྱིས་བདེན་བདེན་འདྲ་ཞིག་བཤད་འདུག་་་་་་རྩོམ་ཡིག་འདི་ལ་རྒྱབ་སྐྱོར་ཡོད་དང་ཡོད།

    Reply
  16. བསེ་རུ། says:
    ལོ་ 15 སྔོན།

    བཙན་བྱོལ་སྤྱི་ཚོགས་ནང་ཤེས་ཡོན་འཐུས་ཤོར་ཕྱིན་པའི་རྒྱ་རྒྐྱེན་ནི། ཕྱོགས་བཞི་མཚམས་བརྒྱད་ལ་ཐུག་པའི་སྐོར་མང་པོ་ཞིག་གིས་གླེང་གིན་འདུག་ཀྱང་།
    ངས་བློ་མིག་ཁབ་མིག་ལས་ཆུང་བའི་ནང་ནས་མཐོང་བ་དང་ངེས་ཤེས་རྙེད་པའི་དོན་དག་ཆུང་ཆུང་ཞིག་སྟེ། དེ་ནི་སྐད་ཡིག་གི་རྩལ་བཞི་དོ་མ་མཉམ་པའི་རྒྱུ་རྐྱེན་དེ་ལ་བརྟེན་ནས་བྱུང་འདུག་སྙམ། སྐད་ཡིག་གི་རྩལ་བཞི་ནི། འབྲི་རྩལ། ཀློག་རྩལ། བཤད་རྩལ། ཉན་རྩལ་བཅས་ཡིན་ཞིང་། ང་ཚོའི་སློབ་གྲྭའི་ཁོར་ཡུག་གི་འཛིན་ཁང་ནང་དགེ་རྒན་གྱིས་ཁྲིད། སློབ་མས་ཉན། ཁྲིད། ཉན། ཁྲིད། ཉན། དེ་འདྲའི་ངང་དུ་དུས་ཚོད་མང་པོ་ཞིག་སོང་བ་རེད། སྐད་ཡིག་གི་ཤེས་ཚད་མཐོར་འདེགས་གཏོང་དགོས་ན། གོང་གི་རྩལ་བཞི་པོ་དོ་མཉམ་དགོས་པ་ཡིན། མདོར་ན་རྩལ་བཞི་པོ་དོ་མཉམ་མེད་སྟབས། དཀའ་ངལ་འདི་དག་ཡོང་གི་ཡོད་པ་རེད། དཔེར་ན། འབྲི་བ་དང་ཀློག་པ་ནི། བཤད་པ་དང་ཉན་པ་ལས་ཀྱང་གལ་ཆེ་ནའང་ང་ཚོའི་སློབ་ཕྲུག་ཚོ་འབྲི་རྒྱུར་དཀའ་ངལ་ཆེ་ལ། ཀློག་རྒྱུར་ཡང་དེ་བས་དཀའ་ངལ་ཆེ། མདོར་ན། དགེ་རྒན་ཚོས་སློབ་ཁྲིད་གནང་བ་ཙམ་མ་ཡིན་པར། སློབ་མའི་འབྲི་ཀློག་གི་ནུས་པ་མཐོར་འདེགས་གཏོང་རྒྱུར་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་གནང་རྒྱུ་ནི་གལ་ཆེ་དོན་ཆེ་ཞིག་ཏུ་མཐོང་།
    དགེ་རྒན་གྱི་སློབ་ཁྲིད་ཐབས་ལམ་ཐོག་ཡིད་གཟབ་གནང་གལ་ཆེ།

    འདི་ནི་དྲ་ཐོག་ནས་ཐད་ཀར་ཐལ་བས་དཔྱད་ཞིབ་ཀྱི་རྣམ་པ་ཅི་ཡང་མེད། དེ་ནི་མྱོང་ཚོར་ཙམ་ཞིག་ཡིན།

    གོང་དུ་སྐལ་བཟང་ཉི་མ་ལགས་ཀྱིས་གནད་དོན་མང་པོ་ཞིག་གནད་ལ་འཁེལ་བ་གླེང་འདུག དེ་ནི་ཆུ་བརྒལ་རྗེས་ཆུ་ཡི་གཏིང་ཚད་ལོན་པ་ཞིག་རེད།

    Reply
  17. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    ཡག་པོ་བྲིས་འདུག་ཐུགས་རྗེ་ཆེ།
    དེ་ལས་ལེགས་པ་སློབ་ཚན་ཐབས་ཀྱི་ཐབས་ལམ་ཞིག་གསུངས་ན་ཅི་མ་རུང།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese