མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཅུ་བཅུ་དགུའི་དོན་རྐྱེན། བོད་འབྱོར།

བོད་ཀྱི་དུས་བབ།
༢༠༡༠/༡༡/༢༥
Share on FacebookShare on TwitterShare on EmailShare on Whatsapp
དང་པོ། དོན་རྐྱེན་གྱི་ངོ་བོ།

ད་ལོའི་སྤྱི་ཟླ་དགུ་བའི་ཚེས་བཅུ་གཉིས་ཉིན། 《མཚོ་སྔོན་ཞིང་ཆེན་གྱི་དུས་ཡུན་འབྲིང་རིང་གི་སློབ་གསོ་བཅོས་བསྒྱུར་དང་འཕེལ་རྒྱས་ཀྱི་འཆར་འགོད་རྩ་གནད》ཅེས་པའི་ཡིག་ཆ་ཞིག་མཚོ་སྔོན་ཞིང་ཆེན་གྱི་ཁུལ་རིམ་པ་དང་རྫོང་རིམ་པའི་མགོ་ཁྲིད་གཙོ་བོ་དག་བསྡུས་ཏེ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཆང་ཝེ་དང་ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་ལའོ་ཧའེ་ཉན་གཉིས་ཀྱིས་སྒྲོག་སྦྱངས་བྱས་ཤིང་། དེའི་ནང་དོན་གཙོ་བོ་ནི་མི་རིགས་སློབ་གསོར་བཅོས་བསྒྱུར་བྱེད་དགོས་ལུགས་དང་། ནང་སྒོས་སུ་བོད་མི་རིགས་ཀྱི་སློབ་གསོ་བཅོས་བསྒྱུར་བྱེད་རྒྱུ་ནི་ཟློག་ཏུ་མེད་པའི་དུས་རབས་ཀྱི་དགོས་མཁོ་ཞིག་ཡིན་ཚུལ་བརྗོད་དེ། ༢༠༡༠ ནས་ ༢༠༡༠  ལོའི་བར་དུ་སློབ་གྲྭ་ཆུང་འབྲིང་ཁག་ཏུ་རྒྱལ་ཁབ་ཀྱི་རྒྱུན་སྤྱོད་ཡི་གེ(རྒྱ་ཡིག)གཙོ་བོ་དང་མི་རིགས་ཀྱི་སྐད་ཡིག (བོད་ཡིག)ཕལ་བ་ཡིན་པའི་སྐད་གཉིས་སློབ་ཁྲིད་མངོན་འགྱུར་བྱ་རྒྱུ་དང་། བོད་ཡིག་གི་བསླབ་བྱ་གཅིག་པུ་ཕུད་དེ་ལས་གཞན་པའི་བསླབ་བྱ་ཡོངས་རྫོགས་རྒྱ་མིའི་ཡི་གེར་བསྒྱུར་ཏེ་རྒྱ་ཡིག་གི་ལམ་ནས་ཁྲིད་དགོས་པའི་སྲིད་ཇུས་ཤིག་གཏན་འབེབས་བྱས་པར་མ་ཟད། ཡིག་ཆ་དེའི་ནང་དོན་རྣམས་ས་གནས་སོ་སོས་རིང་མིན་མྱུར་དུ་ལག་ལེན་ལ་འདེབས་དགོས་པའི་བཙན་ཤུགས་ཀྱི་དབང་ཆ་བྱིན་སོང་།

གནས་ཚུལ་འདི་བོད་རིགས་འདུས་སྡོད་ཀྱི་ས་ཆ་ཡོངས་སུ་རིམ་གྱིས་ཁྱབ་པས་བོད་རྒྱ་ཆེའི་མི་དམངས་ཀྱི་སེམས་ཁོང་ལ་བསྲན་མི་ཐུབ་པའི་ན་ཟུག་གི་ཚོར་བ་དྲག་པོ་ཡང་བསྐྱར་ལངས་མགོ་བརྩམས་ཤིང་། དེ་ནི་རྒྱ་རིགས་མགོ་ཁྲིད་ཀྱིས་བསམ་གཟས་ནས་མི་རིགས་འཆམ་མཐུན་ལ་རྡོག་བརྫིས་དང་། སློབ་གསོའི་ཆོས་ཉིད་ལ་བརྩི་བཀུར་མ་བྱས་པའི་ཁ་སང་དེ་རིང་གི་ལོ་རྒྱུས་ལ་འཐམ་པའི་དངོས་ཡོད་ཀྱི་གནད་དོན་དེ་རེད། དེ་ནས་ཅུང་མ་འགོར་བར་རྨ་ལྷོ་ཁུལ་ཐུན་རིན་རྫོང་ཨུ་དང་རྫོང་སྲིད་གཞུང་གི་བཀོད་སྒྲིག་ལྟར། རྫོང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ལྕགས་མོ་ཚེ་རིང་གིས་ཐུན་རིན་རྫོང་གི་སློབ་གྲྭ་སོ་སོའི་སློབ་གཙོ་དང་སློབ་ཁུལ་གྱི་ཀྲུའུ་རིན། ཞང་སྲིད་གཞུང་གི་ཞང་ཀྲང་སོགས་འབྲེལ་ཡོད་མགོ་ཁྲིད་ཀྱི་ཚོགས་འདུའི་སྟེང་།《མཚོ་སྔོན་ཞིང་ཆེན་གྱི་དུས་ཡུན་འབྲིང་རིང་གི་སློབ་གསོ་བཅོས་བསྒྱུར་དང་འཕེལ་རྒྱས་ཀྱི་འཆར་འགོད་རྩ་གནད》ཅེས་པའི་ཡིག་ཆ་དེ་སྒྲོག་སྦྱངས་དང་འབྲེལ་རྒྱས་བཤད་བྱས་ཏེ། རྒྱ་ཡིག་ལ་སྤྱོད་སྒོ་ཆེ་ཚུལ་དང་བོད་ཡིག་ལ་སྤྱོད་སྒོ་ཆུང་ཚུལ་གྱི་གཏམ་བཤད་སྤེལ་བ་ནི་ཐེངས་འདིའི་དོན་རྐྱེན་འབྱུང་བའི་འཕེལ་རིམ་གྱི་འགག་རྩར་གྱུར།

དེ་ནས་སྤྱི་ཟླ་ ༡༠ བའི་ཚེས་ ༡༡ ནས་ཚེས་ ༡༦ བར་མཚོ་སྔོན་ཞིང་ཆེན་གྱི་སློབ་གྲྭ་ཆུང་འབྲིང་དགེ་རྒན་གྱི་བསླབ་ཚན་བཅོས་བསྒྱུར་གྱི་ཟབ་སྦྱོང་དེ་མཚོ་སྔོན་རྨ་ལྷོ་རེབ་གོང་དུ་བསྡུས་ཤིང་། ཐེངས་དེའི་ཟབ་སྦྱོང་ལ་ཞིང་ཆེན་ནང་ཁུལ་གྱི་དགེ་རྒན་ ༣༠༠ ཞུགས་པ་དང་། ཆེད་མཁས་པ་གདན་ཞུས་ཀྱིས་བོད་སྐད་ཡིག་གི་གནས་བབ་གླེང་བ་དང་ཆབས་ཅིག བོད་སྐད་ཡིག་གི་འཕེལ་རྒྱས་ལ་འཕྲད་པའི་ཤི་གསོན་ཆགས་འཇིག་གི་ཚབས་ཆེ་བའི་ཉེན་ཁའི་རང་བཞིན་ངོ་འཕྲོད་པས། མི་རིགས་ཀྱི་རིག་གནས་ལ་སྙིང་ཁོང་རུས་པའི་སྟེང་ནས་ཞེན་པའི་རྒྱ་ཆེ་བའི་ཟབ་སྦྱོང་དགེ་རྒན་རྣམས་ཀྱི་བློ་སྒོ་ཡོངས་སུ་ཕྱེ་བ་དང་། བོད་མི་རིགས་ཀྱི་མདུན་ལམ་ལ་སེམས་ཁུར་དང་བསམ་གཞིགས་མི་གཏོང་ཀ་མེད་བྱུང་བས། ཟབ་སྦྱོང་དགེ་རྒན་ ༡༥༠  ལྷག་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མི་འགལ་བར་ཁྲིམས་མཐུན་གྱི་སྒོ་ནས། བོད་ཁམས་སྤྱི་དང་ས་གནས་འདིར་སློབ་གྲྭ་ཆུང་འབྲིང་གི་རྩིས་རིག་སོགས་བསླབ་བྱ་ཡོད་ཚད་རྒྱ་ཡིག་ཏུ་བསྒྱུར་ནས་རྒྱ་ཡིག་གཙོ་བོར་བཟུང་སྟེ་ཁྲིད་པ་ནི། ཚན་རིག་དང་མི་མཐུན་ཞིང་ས་གནས་ཀྱི་དངོས་ཡོད་གནས་ཚུལ་དང་མི་འཕྲོད་པའི་དོན་དངོས་རང་བཞིན་གྱི་ཞུ་ཡིག་སྟེང་མིང་རྟགས་བཀོད་དེ། རྒྱལ་ཁབ་སློབ་གསོ་པུའུ་དང་ཞིང་ཆེན་རིམ་པ། ཁུལ་དྲུག་པོའི་འབྲེལ་ཡོད་མགོ་ཁྲིད་ལ་ཕུལ་བ་ནི་ཐེངས་འདིའི་དོན་རྐྱེན་འབྱུང་བའི་འཕེལ་རིམ་ལ་སྤྱི་ཚོགས་ཀྱི་ཁས་ལེན་དང་རྩ་ཁྲིམས་ཀྱིས་ཁག་ཐེག་བྱེད་པའི་རྩ་བའི་སྒུལ་ཤུགས་སུ་གྱུར་ཡོད།

དེ་ནས་ཅུང་མ་འགོར་བའི་སྤྱི་ཟླ་ ༡༠ བའི་ཚེས་ ༡༥ ཉིན། ཞིང་ཆེན་ཡོངས་སུ་སློབ་གསོའི་ཚོགས་ཆེན་དང་སློབ་གསོའི་འཆར་བཀོད་བརྒྱུད་སྒྲོག་ཚོགས་འདུ་དེ། རྨ་ལྷོ་ཁུལ་རེབ་གོང་རྫོང་ནས་ཚོགས་ཤིང་། སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གི་ཚོགས་ཞུགས་མི་སྣ་ ༥༠ ལྷག་ལ་སློབ་གསོའི་འཆར་འགོད་དང་དེའི་ངོ་བོ་ཅི་འདྲ་ཡིན་པ་སོགས་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱི་ཐིན་ཀྲང་གཞོན་པ་ཚེ་རིང་ཐར་གྱིས་གཏམ་བཤད་ཀྱི་ཁྲོད་ནས་བརྒྱུད་བསྒྲགས་བྱས་པས། སློབ་གསོ་བཅོས་བསྒྱུར་ཟེར་བ་དེ་དོན་དངོས་སུ་སློབ་ཁྲིད་བྱེད་སྟངས་ལ་བཅོས་བསྒྱུར་བྱེད་པ་ཙམ་མ་ཡིན་པར། བསླབ་གཞི་ལ་བཅོས་བསྒྱུར་བྱེད་དགོས་པ་སྟེ། དཔེར་ན། བོད་ཡིག་གིས་ཁྲིད་པའི་རྩིས་རིག་གི་བསླབ་གཞི་དེ་རྒྱ་ཡིག་གིས་ཁྲིད་པའི་རྩིས་རིག་གི་བསླབ་གཞི་རུ་བསྒྱུར་རྒྱུ་ཡིན་པ་སོགས་ཕྱི་ནང་གཉིས་ནས་སློབ་གསོ་བཅོས་བསྒྱུར་གྱི་ངོ་བོ་ངོ་མ་དེ་དམར་རྗེན་དུ་ལྷང་ལ་བུད་པས། ཐེངས་འདིའི་གཞི་རྒྱ་ཆེ་བའི་བཅུ་བཅུ་དགུའི་དོན་རྐྱེན་གྱི་མེ་དཔུང་ཐོག་མ་དེ་ཡུལ་མདོ་སྨད་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་ནས་འབར་མགོ་བརྩམས་ཤིང་། དེ་ནས་ཞིང་ཆེན་ནང་ཁུལ་གྱི་མཚོ་ལྷོ་སོགས་ཤ་རུས་གདུང་རྒྱུད་གཅིག་པའི་སྤུན་ཟླའི་ས་ཆ་ཁག་ནས་རིམ་གྱིས་འབར་ཏེ་མཐར་བོད་ཆོལ་ཁ་གསུམ་ཡོངས་དང་རྒྱ་ནག་རྒྱལ་སའི་བར་དུ་འབར་བའི་ལོ་རྒྱུས་ཀྱི་ཟིན་བྲིས་གསར་བ་ཞིག་འབྲི་བ་ལ་ཞུགས་སོ།

 

གཉིས་པ། དོན་རྐྱེན་གྱི་རྣམ་པ།

༢༠༡༠ ལོའི་སྤྱི་ཟླ་ ༡༠ བའི་ཚེས་བཅུ་དགུའི་ཉིན་གྱི་སྔ་དྲོའི་དུས་ཚོད་བདུན་གྱི་སྟེང་། རྨ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོའི་སློབ་མ་ ༣༠ ཙམ་རང་འགུལ་གྱིས་སློབ་གྲྭའི་ཕྱི་རོལ་དུ་སོང་ནས་མི་རིགས་འདྲ་མཉམ་དང་སྐད་ཡིག་རང་དབང་ཅེས་པའི་ཁ་གཡང་སྒྲོག་བཞིན། རྫོང་མི་རིགས་སློབ་འབྲིང་གི་སྒོ་ཁར་སོང་ནས་མི་རིགས་འདྲ་མཉམ་ལ་བརྩི་བཀུར་དང་སྐད་ཡིག་རང་དབང་གི་ཐོབ་ཐང་རྩོད་པར་གསལ་འདེབས་བྱས་པར་མ་ཟད། སློབ་མ་དེ་དག་ཁུལ་མི་རིགས་དགེ་ཐོན་སློབ་གྲྭའི་སྒོ་ཁར་སོང་ནས་ཕ་མེས་ཀྱིས་བཞག་པའི་སྐད་ཡིག་ལ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་བ་རེད། དེ་ནས་ཅུང་མ་འགོར་བར་ཁུལ་མི་རིགས་དགེ་ཐོན་སློབ་གྲྭའི་སློབ་མ་དང་། ཁུལ་མི་རིགས་མཐོ་འབྲིང་དང་པོ། རྫོང་མི་རིགས་སློབ་འབྲིང་། ཁུལ་ལག་རྩལ་སློབ་གྲྭ། རྫོང་བཅའ་སྡོད་སློབ་གྲྭ་སོགས་སློབ་མ་སུམ་སྟོང་ལྷག རོང་བོ་དགོན་ཆེན་གྱི་རིག་གནས་ཐང་ཆེན་དུ་འདུ་འཛོམས་བྱས་ཏེ། སློབ་མ་ཡོངས་ཀྱིས་“མི་རིགས་འདྲ་མཉམ། སྐད་ཡིག་རང་དབང་།”ཅེས་པའི་ཁ་གཡང་སྒྲོག་བཞིན་ཁུལ་སྲིད་གཞུང་དང་རྫོང་སྲིད་གཞུང་སོགས་འབྲེལ་ཡོད་ལས་ཁུངས་ཀྱི་སྒོ་ཁར་སྐད་འབོད་བྱས་པར་མ་ཟད། གཞུང་ལམ་དང་སྲང་ལམ་སོ་སོར་སོང་སྟེ་མི་རིགས་ཀྱི་སྐད་ཡིག་ལ་འཕྲད་པའི་ཚབས་ཆེའི་ཉེན་ཁའི་རང་བཞིན་ལ་རྣམ་འགྱུར་གྱི་ལམ་ནས་གསལ་བཤད་དང་དྲང་བདེན་གྱིས་སྐད་འབོད་བྱས་པས། མཐའ་འཁོར་གྱི་བོད་རིགས་རྒྱ་ཆེ་མང་ཚོགས་མང་པོ་ཞིག་ལ་མིག་ཆུ་བཞུར་ཞོར་ཐེངས་འདིའི་སློབ་མའི་བྱ་འགུལ་ལ་རྒྱབ་སྐྱོར་བྱེད་འདོད་ཀྱི་རྣམ་འགྱུར་མང་དུ་བསྟན་པ་མ་ཟད། སྲང་ལམ་གཡས་གཡོན་དུ་ཡོད་པའི་ཚོང་བ་བོད་པ་དང་། རྒྱ་རིགས། ཁ་ཆེ་སོགས་ཀྱིས་སློབ་མ་རྣམས་ལ་སྐོམ་ཆུ་དང་ཟས་རིགས་སྣ་ཚོགས་སྤྲད་པ་དང་། ད་དུང་ས་གནས་ཀྱི་སྐྱ་སེར་མང་ཚོགས་འགའ་ཤས་ཡང་སློབ་མའི་ཁྲོམ་སྐོར་ཁྲོད་དུ་ཞུགས་ནས “མི་རིགས་འདྲ་མཉམ་དང་། སྐད་ཡིག་རང་དབང་།”ཅེས་པའི་ཁ་གཡང་སྒྲོག་བཞིན་ཕེབས་འདུག

 

གསུམ་པ། དོན་རྐྱེན་གྱི་ཚོར་སྣང་།

དེ་ཡང་འགྲོ་བ་མིའི་རིགས་ལ་ཐུན་མོང་དུ་ཡོད་པའི་ཁྱད་ཆོས་ཤིག་ནི། སྤྱི་ཚོགས་མི་འདྲ་བ་དང་། ཁོར་ཡུག་མི་འདྲ་བའི་ཁྲོད་ནས་རང་ཉིད་ལ་བདེ་སྐྱིད་ཐོབ་འདོད་ཀྱི་བསམ་བློ་ཞིག་དང་བདེ་སྐྱིད་བསྐྲུན་འདོད་ཀྱི་སྤོབས་པ་ཞིག་ཡོད་པ་ནི་བཤད་མ་དགོས་ལ། བདེ་སྐྱིད་དེ་ཡང་ནང་བསམ་བློའི་སྟེང་ནས་ཡོང་དགོས་པ་ནི་ཚན་རིག་དང་མཐུན་པའི་སྤྱི་ཚོགས་ཀྱི་ཆོས་ཉིད་ཅིག་ཡིན་ཞིང་། བསམ་བློའི་རང་དབང་དང་སྨྲ་བརྗོད་ཀྱི་རང་དབང་སོགས་རང་དབང་ཡོད་ཚད་མི་རིགས་རང་ཉིད་ཀྱི་སྐད་ཡིག་དང་སྦྲེལ་ཡོད་ཕྱིར། སྐད་ཡིག་ནི་མི་རིགས་སུ་ཞིག་ལ་མཚོན་ནའང་ཆེས་འབྲལ་དུ་མི་རུང་བའི་ལུས་སྟེང་གི་ཟུངས་ཁྲག་ལྟ་བུ་ཡིན་ལ། ཟུངས་ཁྲག་དེ་སུས་ཀྱང་སྐམ་དུ་འཇུག་མི་འདོད་པ་ནི་མི་རིགས་རང་ཉིད་ཀྱི་ཤི་གསོན་དང་ཐད་ཀར་འབྲེལ་ཡོད་པའི་རྐྱེན་གྱིས་རེད།

༡ ཆབ་སྲིད་པའི་སྐད་ཆ།

སི་ཏ་ལིན་གྱིས“མི་རིགས་རང་གི་སྐད་རིགས་བེད་སྤྱོད་བྱེད་དགོས་དོན་ཅི་ཡིན་ཞེ་ན། མི་དམངས་མང་ཚོགས་ཁྲི་སྟོང་མང་པོས་རང་གི་མི་རིགས་ཀྱི་སྐད་རིགས་དེ་བེད་སྤྱོད་བྱས་ན་གཞི་ནས་རིག་གནས་ཆབ་སྲིད་དང་དཔལ་འབྱོར་དར་སྤེལ་གྱི་ཕྱོགས་སུ་མདུན་བསྐྱོད་ཆེན་པོ་ཞིག་ཡོང་ཐུབ”ཅེས་གསུངས་ཡོད་པ་དང་། ལེ་ཉིན་གྱིས“སུས་མི་རིགས་འདྲ་མཉམ་དང་སྐད་རིགས་འདྲ་མཉམ་ཡིན་པ་ཁས་མི་ལེན་པ་དང་མཐའ་འཁྱོངས་མི་བྱེད་པ། སུས་མི་རིགས་གཉའ་གནོན་ནམ་འདྲ་མཉམ་མིན་པར་འཐབ་རྩོད་མ་བྱས་ན། དེ་ནི་མར་ཁེ་སི་རིང་ལུགས་པ་ཞིག་མ་ཡིན་ལ་ཐ་ན་དམངས་གཙོ་རིང་ལུགས་པ་ཙམ་ཡང་མ་ཡིན་པ་ནི་དོགས་པ་སྤུ་ཙམ་ཡང་བྱེད་མི་དགོས”ཞེས་དང་། “ང་ཚོས་རྒྱལ་ཁབ་ཅིག་ནང་གི་མི་རིགས་ཁག་དབར་བདག་དབང་འདྲ་མཉམ་ཡོད་དགོས”ཞེས་གསུངས་ཡོད། ཙུང་ལི་ཀྲོའུ་ཨེན་ཡིས་སྐད་གྲགས་ཅན་གྱི་ཆིན་ཏའོ་ཚོགས་འདུའི་སྟེང་གི་གསུང་བཤད་ནང་དུ“མི་རིགས་རང་སྐྱོང་གི་ས་ཆར་མི་རིགས་གཙོ་བོ་དེའི་ཡི་གེ་ནི་ཨང་དང་པོར་བརྩིས་ཏེ་བེད་སྤྱོད་བྱ་དགོས”ཞེས་མི་རིགས་འདྲ་མཉམ་དང་སྐད་ཡིག་འདྲ་མཉམ་གྱི་སྐད་ཆ་ཞིག་གསལ་བོར་གསུངས་ཡོད། རང་རྒྱལ་གྱི《རྩ་ཁྲིམས》དང་《མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས》ཞེས་པའི་ནང་དུ་“གྲངས་ཉུང་མི་རིགས་སོ་སོར་རང་མི་རིགས་ཀྱི་སྐད་དང་ཡི་གེ་བེད་སྤྱོད་དང་གོང་སྤེལ་གཏོང་བའི་རང་དབང་ཡོད”ཅེས་གཏན་ཁེལ་བྱས་ཡོད་པ་རེད།

༢ སྐད་ཆའི་གནས་བབ།

དེ་ཡང་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་དུ་རིགས་སོ་སོའི་མི་དམངས་ཀྱི་འབྲེལ་བ་ནི། “འདྲ་མཉམ་དང་མཐུན་སྒྲིལ་ཕན་ཚུན་རོགས་རམ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་ཡིན” ཞེས་གཏན་འབེབས་གསལ་བོར་བྱས་ཡོད་པ་ནི་ཚན་རིག་དང་མཐུན་པའི་སྐད་ཆ་རྡོག་རྡོག་ཅིག་སྟེ། འདྲ་མཉམ་མིན་པའི་ཁོར་ཡུག་ཅིག་ནས་མཐུན་སྒྲིལ་ཡོང་ཐབས་རྩ་བ་ནས་མེད་ལ། མཐུན་སྒྲིལ་མེད་པའི་ཁོར་ཡུག་ཅིག་ནས་ཕན་ཚུན་ལ་རོགས་རམ་བྱེད་ཐབས་རྩ་བ་ནས་ཡོང་མི་སྲིད་པ་ནི་སྐྱེ་བོ་སུས་བལྟས་ཀྱང་ཤེས་སླ་བ་ཞིག་རེད། གཞན་ཡང་། “ང་ཚོས་རྒྱལ་ཁབ་ཅིག་ནང་གི་མི་རིགས་ཁག་དབར་བདག་དབང་འདྲ་མཉམ་ཡོད་དགོས”ཞེས་ལེ་ཉིན་གྱི་གསུང་ཚིག་འདི་ལ་བསམ་བློ་རེ་བཏང་ན། ཀྲུང་གོའི་གསར་བརྗེའི་མི་རིགས་གནད་དོན་གྱི་རྩ་བའི་སྲིད་ཇུས་ཀྱི་གཞི་འཛིན་ས་ཡང་རྒྱལ་ཁབ་སོ་སོའི་གུང་ཁྲན་ཏང་མི་ཚང་མས་ངེས་པར་དུ་མི་རིགས་འདྲ་མཉམ་ལ་བརྩི་བཀུར་དང་མི་རིགས་རང་ཐག་རང་གཅོད་ཀྱི་དབང་ཆའི་རྩ་དོན་ལག་བསྟར་བྱ་དགོས་པ་ནི། མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་ཀྱི་རྩ་བའི་ཁག་ཐེག་ལྟ་བུར་གྱུར་ཡོད།

ཐེངས་འདིའི་དོན་རྐྱེན་ལ་མཚོན་ནས་བཤད་ན། སློབ་མ་རྣམས་ཀྱི་ཁ་གཡང་སྒྲོག་པ་ནི། “མི་རིགས་འདྲ་མཉམ། སྐད་ཡིག་རང་དབང་།”ཞེས་པ་འདི་རེད། ཀྲུང་གོ་ནི་ཁྲིམས་ཀྱིས་སྐྱོང་བའི་རྒྱལ་ཁབ་ཅིག་ཡིན་རབས་སྨྲ་བ་དེ་བདེན་ན། ཐེངས་འདིའི་དོན་རྐྱེན་ལ་རྣམ་འགྱུར་ཡང་དག་ཅིག་བཟུང་ན་འོས། རྒྱུ་མཚན་ནི། མི་རིགས་འདྲ་མཉམ་དང་སྐད་ཡིག་རང་དབང་ཞེས་པ་ནི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་ཆོག་མཆན་བཀོད་པ་ལྟར་རྩ་ཁྲིམས་སུ་བཀོད་ཡོད་པ་དེ་རེད། ཐེངས་འདིའི་དོན་རྐྱེན་ལ་ཀྲུང་གོ་སྲིད་གཞུང་དང་མཚོ་སྔོན་ཞིང་ཆེན་གྱི་མཐོ་རིམ་མགོ་ཁྲིད་པས་རྣམ་འགྱུར་གྲང་ཤུར་ཤུར་ཞིག་བསྟན་ནས། ཐེངས་འདིའི་དོན་རྐྱེན་ནི་གོ་བ་ལོག་པ་ཞིག་སྟེ་བོད་རྒྱ་ཆེའི་མི་དམངས་སམ་ནང་སྒོས་སུ་ཐེངས་འདིའི་བྱ་འགུལ་དུ་ཞུགས་པའི་སློབ་མས་རྒྱལ་ཁབ་ཀྱི་སློབ་གསོའི་ཁ་ཕྱོགས་ལ་ངོས་འཛིན་བྱས་པ་མ་འདང་བའི་རྐྱེན་གྱིས་ཡིན་རབས་དང་། ཁོ་ཚོས་བཏོན་པའི་སློབ་གསོའི་བཅོས་བསྒྱུར་དེ་ཚན་རིག་དང་མཐུན་རབས་བཤད་དེ། ད་དུང་ཡང་བོད་རྒྱ་ཆེའི་མི་དམངས་ལ་མགོ་བསྐོར་མགོ་གཡོག་གི་བྱ་བ་སྒྲུབ་བཞིན་པ་ནི། དཔེར་ན། རེབ་གོང་གི་དགོན་སྡེ་ཁག་དང་རིག་གནས་འཕེལ་རྒྱས་ལ་རྒྱལ་ཁབ་ཀྱིས་འགྲོ་སོང་བཏང་ཚུལ་སོགས་འདྲེ་ཤར་སྒོར་གནས་པ་ལ་གླུད་ནུབ་སྒོར་འཕེན་པའི་ཚུགས་ཀ་མང་པོ་སྟོན་པ་རེད།

ཁ་སང་དེ་རིང་ཡང་སྲིད་གཞུང་གི་གཞུང་ཞབས་པ་ཤེས་དང་མི་ཤེས་པ་ཡོངས་ཀྱིས་བསམ་བཞིན་དང་བསམ་བཞིན་མ་ཡིན་པའི་སྒོ་ནས“སྐད་གཉིས་སློབ་གསོ”ཞེས་པ་ནི་རྒྱ་ཡིག་གཙོ་བོ་དང་བོད་ཡིག་ཞོར་ཁྲིད་ཀྱི་སློབ་གསོ་ཞིག་ཡིན་ཚུལ་གླེང་དེ་ས་གནས་འདིའི་མང་ཚོགས་ཀྱི་སྙིང་ནང་ལ་མེ་འབུད་བཞིན་ཡོད་པ་ནི་ཧ་ཅང་ཡིད་སྐྱོ་བའི་གནས་ཚུལ་ངོ་མ་ཞིག་ཡིན། དོན་དངོས་སུ“སྐད་གཉིས་སློབ་གསོ”ཟེར་བ་ལ་མི་རིགས་སྐད་གཉིས་སློབ་གསོ་དང་རྒྱ་རིགས་ཀྱི་སྐད་གཉིས་སློབ་གསོ་གཉིས་སུ་ཡོད་པ་ལས། དེ་གཉིས་ལྟོས་བཅས་ཀྱིས་བཤད་ན་མི་རིགས་ཀྱི་སྐད་གཉིས་སློབ་གསོ་ནི་བོད་ཡིག་གཙོ་བོ་དང་རྒྱ་ཡིག་ཕལ་བ་ཡིན་པའི་སྐད་གཉིས་སློབ་གསོ་ཡིན་ལ། རྒྱ་རིགས་ཀྱི་སྐད་གཉིས་སློབ་གསོ་ནི་རྒྱ་ཡིག་གཙོ་བོ་དང་དབྱིན་ཡིག་ཕལ་བ་ཡིན་པའི་སྐད་གཉིས་སློབ་གསོ་ཞིག་ཡིན་པས། དེ་གཉིས་ལ་ངོ་བོ་དང་རྣམ་པའི་ཆ་ནས་མི་འདྲ་བའི་ཁྱད་ཆོས་རེ་ཡོད་པ་ཤེས་དགོས། དེ་གཉིས་གཞི་གཅིག་ཏུ་སྦྱར་ནས་སྐད་གཉིས་སློབ་གསོ་ཟེར་བ་དེ་རྒྱ་ཡིག་གཙོ་བོ་དང་བོད་ཡིག་ཕལ་བར་འཇོག་དགོས་པའི་རྩ་དོན་ཞིག་གསར་བཟོ་བྱས་ན། སྐད་གཉིས་འདྲ་མཉམ་དང་མི་རིགས་འདྲ་མཉམ་ལ་དོན་དངོས་ཀྱི་འདྲ་མཉམ་ཞིག་ཡོང་མ་ཐུབ་པས། མི་རིགས་འདྲ་མཉམ་དང་སྐད་ཡིག་འདྲ་མཉམ་གྱི་འཐབ་རྩོད་ལ་ནམ་ཡང་རྒྱུན་ཆད་མེད་པ་ནི། རྗེས་ཕྱོགས་ཀྱི་མི་རིགས་གནད་དོན་ལ་འཕྲད་པའི་གནད་དོན་གྱི་གནད་དོན་ཞིག་ཡིན་པ་སྲིད་གཞུང་གི་འབྲེལ་ཡོད་མགོ་ཁྲིད་གོང་འོག་བར་གསུམ་ཡོངས་ཀྱིས་ངེས་པར་དུ་ཤེས་དགོས་པ་ཞིག་རེད།

དེས་ན་གནད་དོན་དེ་ཇི་ལྟར་སེལ་དགོས་ཞེ་ན། དང་པོ། མི་རིགས་ཀྱི་སྐད་ཡིག་ལ་ལྟ་སྟངས་ཡང་དག་འཛིན་དགོས། གཉིས་པ། མི་རིགས་ཀྱི་སྐད་ཡིག་ལ་མི་རིགས་རང་སྐྱོང་བཅའ་ཁྲིམས་ཀྱིས་ཁག་ཐེག་བྱེད་པ། གསུམ་པ། མི་རིགས་ས་ཁུལ་གྱི་ཐོན་སྐྱེད་དང་སྤྱི་ཚོགས་འཚོ་བའི་ཁྲོད་མི་རིགས་ཀྱི་སྐད་ཡིག་རྒྱ་ཁྱབ་ངང་བེད་སྤྱོད་བྱེད་པ། བཞི་པ། མི་རིགས་ས་ཁུལ་གྱི་ལས་ཁུངས་དང་ལས་སྒོ་སོ་སོའི་ནང་དུ་མི་རིགས་ཀྱི་སྐད་ཡིག་བེད་སྤྱོད་བྱེད་པ། ལྔ་པ། མི་རིགས་ཀྱི་གནད་དོན་ལ་ངོས་འཛིན་གང་ལེགས་ཀྱིས་གནད་དོན་སེལ་དགོས་པ་ལས་གནད་དོན་ཇེ་ཆེར་མི་གཏོང་བའོ།

 

སྙིང་ཉེ་བའི་ཀློག་མཁན་ལགས།

ཁྱེད་ལ་ལྷད་མེད་ཀྱི་གཤིས་རྒྱུད་དང་བབ་ཆགས་ཀྱི་ངག་སྒོ། གཞུང་དྲང་གི་བསམ་བློ་དང་ཕན་སེམས་ཀྱི་འཆར་སྒོ་ཞིག་ཡོད་ན། ད་ཐེངས་ཀྱི་དོན་རྐྱེན་འདི་ལ་ཁ་དྲང་གྲགས་ཞིག་བྱེད་རྒྱུ་ནི། ང་དང་ངས་མཚོན་པའི་བོད་མི་རིགས་འདིའི་སྐད་ཡིག་ལ་འཕྲད་པའི་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཞིག་ཏུ་ཁེལ་ཡོད།

ཞེས་ཨ་མདོ་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་གྱི་ན་གཞོན་རྟོགས་སད་པ་སེར་སྐྱ་མང་ཚོགས་སྐོར་ཞིག་གིས། ༢༠༡༠ ལོའི་ ཟླ ༡༡ ཚེས་ ༢༤ ཉིན་གུས་ཕུལ།

འབྲེལ་ཡོད་གསར་འགྱུར།

The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

སྐར་མ ༥༠ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

ཆུ་ཚོད་ ༢ སྔོན་ལ།
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠
Mobile App

ཀ་ལུ་མན་གྲོང་དུ་ཟླ་གཅིག་དང་ཕྱེད་ཀ

༢༠༢༦/༠༣/༣༠
Mobile App

རྩིས་ལོ་ ༢༠༢༦་་༢༠༢༧ ནང་དགོས་དངུལ་བཀའ་འཁྲོལ་ཧིན་སྒོར་ས་ཡ་ ༣༤༠༨ ལྷག་སྤྱི་མོས་གཏན་འབེབས་གནང་།

༢༠༢༦/༠༣/༣༠
དགེ་འདུན་པ་ཨོ་རྒྱན་བྱང་ཆུབ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ་ལགས་འཛིན་བཟུང་བྱས་ཏེ་གཅར་རྡུང་བྱས།

༢༠༢༦/༠༣/༢༩

མཆན། 4

  1. གངས་ཕྲུག says:
    ལོ་ 15 སྔོན།

    མཆན་ཞིག་གི་ནང་དུ། ཁུལ་དྲུག་གི་དགེ་རྒན་སུམ་བརྒྱ་རེབ་གོང་དུ་སྐོང་ཚོགས་ཀྱིས་མཐའ་མའི་ཉིན་སློབ་གསོའི་ཞུ་ཡིག་གི་ཅིག་གི་སྟེང་དགེ་རྒན་བརྒྱ་དང་ལྔ་བཅུས་མིང་རྟགས་བཀོད་པ་བདེན་ནམ་དགེ་རྒན་སུམ་བརྒྱས་མིང་རྟགས་བཀོད་བདེན་པ་ཡིན་ནམ་ཞེས་དྲི་བ་ཞིག་བཏོན་འདུག ལན། སྙན་ཞུ་དེའི་སྟེང་དགེ་རྒན་བརྒྱ་དང་ལྔ་བཅུས་མིང་རྟགས་བཀོད་པ་བདེན་པ་ཡིན། དགེ་རྒན་སུམ་བརྒྱ་བོ་ཡིད་འཐད་བྱུང་ཀྱང་དུས་ཚོད་དང་རྐྱེན་ངན་རེ་ཟུང་གི་དབང་གིས་དཀྱུས་གཅིག་ཏུ་དགེ་རྒན་སུམ་བརྒྱ་བོས་མིང་རྟགས་བཀོད་ཐུབ་མ་བྱུང་།

    Reply
  2. གནས་ཚང་། says:
    ལོ་ 15 སྔོན།

    ཐུགས་རྗེ་ཆེ། ངའི་དོགས་པ་སེལ་ཐུབ་ཀྱི་རེད་ལ་མ་སེལ་ཡང་སྐྱོན་ཆེར་ལྷག་གི་མ་རེད། ཡིན་ནའི། དབྱིན་ཡིག་དང་རྒྱ་ཡིག་ནང་དགེ་རྒན་སུམ་བརྒྱ་ཡིན་ཤག་གནང་ནས་ཁྱབ་སྤེལ་བཏང་ཟིན་པ་བརྒྱུད་ལམ་ཁག་ནས་མཐོང་ཐུབ་ཀྱི་ཡོད་པ་ལྟར་རེད། དེ་བས། སྐབས་འདིར་ཡང་བསྐྱར་འགྲེལ་བཤད་འདི་འདྲ་ཞིག་སླེབས་ན། དེང་ཕྱིན་བརྒྱུད་ལམ་ཁག་ཏུ་བོད་ཀྱི་གནས་ཚུལ་ཁྱབ་སྤེལ་བྱེད་པར་འགོག་རྐྱེན་བཟོ་མི་སྲིད་པའང་མིན་པས། དེ་ལུགས་ཕྱི་ནང་གཉིས་ནས་གཟབ་གཟབ་གནང་གལ་དུ་མཐོང་ནས་བསམ་ཚུལ་ཙམ་སྤེལ་བ་ཡིན།

    Reply
  3. འཇམ་དབྱངས། says:
    ལོ་ 15 སྔོན།

    གྲོགས་པོ་གནས་ཚང་ལགས། སྐུ་ཉིདཀྱི་དྭོགས་འདྲི་དེར་འབྲེལ་ཡོད་ཅིག་གིས་ལན་བསྐུར་བ་གཤམ་གསལ། “མཆན་ཞིག་གི་ནང་དུ། ཁུལ་དྲུག་གི་དགེ་རྒན་སུམ་བརྒྱ་རེབ་གོང་དུ་སྐོང་ཚོགས་ཀྱིས་མཐའ་མའི་ཉིན་སློབ་གསོའི་ཞུ་ཡིག་ཅིག་གི་སྟེང་དགེ་རྒན་བརྒྱ་དང་ལྔ་བཅུས་མིང་རྟགས་བཀོད་པ་བདེན་ནམ་དགེ་རྒན་སུམ་བརྒྱས་མིང་རྟགས་བཀོད་བདེན་པ་ཡིན་ནམ་ཞེས་དྲི་བ་ཞིག་བཏོན་འདུག ལན། སྙན་ཞུ་དེའི་སྟེང་དགེ་རྒན་བརྒྱ་དང་ལྔ་བཅུས་མིང་རྟགས་བཀོད་པ་བདེན་པ་ཡིན། དགེ་རྒན་སུམ་བརྒྱ་བོ་ཡིད་འཐད་བྱུང་ཀྱང་དུས་ཚོད་དང་རྐྱེན་ངན་རེ་ཟུང་གི་དབང་གིས་དཀྱུས་གཅིག་ཏུ་དགེ་རྒན་སུམ་བརྒྱ་བོས་མིང་རྟགས་བཀོད་ཐུབ་མ་བྱུང་།” སྐུ་ཉིད་ཀྱི་དྭོགས་པ་སེལ་ཐུབ་པའི་ཡིད་ཆེས་ཡོད།

    Reply
  4. གནས་ཚང་། says:
    ལོ་ 15 སྔོན།

    བོད་འབྱོར་རྩོམ་ཡིག་རྩ་ཆེན་རེད་ལ། དོན་ཆེན་ཡང་རེད། ཡིན་ནའང་། དོན་དག་གཅིག་ལ་དོགས་པ་འདུག་སྟེ། དགེ་རྒན་སུམ་བརྒྱ་ཞེས་རྒྱ་ཡིག་གི་སྙན་ཞུའི་ཡི་གེ་སྒང་བཀོད་ཡོད་པ་བོད་ཀྱི་དུས་བབ་སོགས་སུ་མ་ཕྱི་དེ་བཞིན་སྤེལ་ཡོད། འདིར་དགེ་རྒན༡༥༠ལྷག་ལས་བཀོད་མེད་པ་འདི་ག་རེ་ཡིན་ན། དེ་གཅིག་ཡིན།

    ད་རེས་བཙན་བྱོལ་ཁྲོད་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དང་སྐད་ཡིག་སྲུང་སྐྱོབ་ཚོགས་པས་འགོ་ཁྲིད་ནས་ལས་འགུལ་མ་སྤེལ་ཚེ་དངོས་གནས༼ལྷད་མེད་ཀྱི་གཤིས་རྒྱུད་དང་བབ་ཆགས་ཀྱི་ངག་སྒོ། གཞུང་དྲང་གི་བསམ་བློ་དང་ཕན་སེམས་ཀྱི་འཆར་སྒོ་ཞིག༽ཡོད་ཅེས་བཤད་ཡ་ལྷག་རྒྱུའང་ཁག་པོ་རེད། ད་ལྟའི་བར་དུ་ཟམ་གདོང་བཀའ་ཤག་གིས་བསྙུང་གནས་སྲུང་ནས་བསྡད་ཡོད་པ་མ་ཡིན་ནམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese