ངས་སྐད་ཆ་ཞིག་བཤད་འདོད་བྱུང༌། ྋརྒྱལ་བ་རིན་པོ་ཆེས་བོད་གཞིས་ལུས་མི་དམངས་ནི་བོད་ཀྱི་དོན་གྱི་བདག་པོ་ཡིན་ཞེས་གསུངས་པ་རེད། ཁོང་གི་གཤམ་དུ་ཡོད་པའི་མཐོ་རིམ་མི་སྣ་ཡིན་ནའང་འདྲ། བྱེས་འབྱོར་བོད་མི་ཚོའི་ངག་ཏུའང་གོང་གི་ཚིག་དུམ་འདི་གོམ་ལོབས་སུ་སོང་ཡོད། བོད་ནང་དུ་དོན་རྐྱེན་ཆེ་ཆུང་ཇི་འདྲ་ཞིག་བྱུང་ནའང༌། བྱེས་འབྱོར་བོད་མི་ཚོའི་དོན་རྐྱེན་དེ་དག་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་བཞིན་གསལ་པོ་མཐོང་གི་ཡོད། དོན་རྐྱེན་དེ་དག་བརྩེ་བའི་ཨ་ལོང་ནང་དུ་བསུས་ཏེ་གདུང་སེམས་མཉམ་སྐྱེད་དམ། ཡང་ན། དོན་རྐྱེན་དེ་དག་རྡ་རམ་ས་ལ་ནས་བསྒྲགས་བསྒྲགས་ནས་འཛམ་གླིང་མི་དམངས་ཀྱི་རྣ་ལམ་དུ་བསྐྱལ་ཐུབ་ཡོད། འོན་ཀྱང༌། ྋརྒྱལ་བ་རིན་པོ་ཆེས་དབུ་འཁྲིད་པའི་བཙན་བྱོལ་བོད་གཞུང་གིས་ཕྱག་ལས་ག་རེ་གནང་གི་ཡོད་པ་དང༌། ལས་འགུལ་གང་འདྲ་ཞིག་སྤེལ་གྱིན་ཡོད་པ་བོད་གཞིས་ལུས་མི་དམངས་ཀྱིས་ཚོར་གྱི་ཡོད་དམ། འདི་ནི་དྲི་བ་ཞིག་རེད། འདི་དྲི་བ་གལ་ཆེན་ཞིག་ཡིན་ནམ།
དཔེ་ཞིག་འཇོག་འདོད། ཁ་སང་ཁེ་ཉིན་བཙན་བྱོལ་སྤྱི་ཚོགས་ཁྲོད་དུ། བཀའ་བློན་ཁྲི་པའི་སྐོར་ལ་ཟིང་ལོང་ཞིག་བྱུང་བ་དང༌། ད་དུང་ཡང་ཚ་ཚ་འུར་འུར་བྱེད་བཞིན་པའི་བཟོ་རེད། སྐབས་དེར་བཀའ་ཁྲིའི་འོས་གཞིར་ལངས་མཁན་ཚོས་བོད་གཞིས་ལུས་མི་དམངས་ནི་གལ་ཆེན་ཡིན་ཞེས་གླེང་བ་རེད། བདེན་པ་རེད། དེའི་ཁྲོད་ཀྱི་བཀའ་ཁྲིར་ལངས་མཁན་གཅིག་གིས། ང་ལྟ་བུའི་གཞོན་སྐྱེས་ཤིག་དང༌། གཞིས་ཆགས་སྐྱོ་པོ་ཞིག་ཏུ་འཚར་ལོངས་བྱུང་བའི་མི་ཞིག་བཀའ་ཁྲིའི་འོས་གཞིའི་གྲས་སུ་ལངས་ཏེ་སྐད་ཆ་བཤད་ཀྱི་ཡོད་པ་དང༌། བཙན་བྱོལ་དུ་དམངས་གཙོ་ཡོད་པའི་མཚོན་རྟགས་འདི་དག་གིས། བོད་གཞིས་ལུས་མི་དམངས་ཚོར་སྤོབས་པ་ཞིག་དང་རེ་བ་ཞིག་འབྱུང་ངེས་རེད་གསུངས་སོང༌། སྐད་ཆ་འདི་གོ་མ་ཐག ངའི་མགོ་ལ་ཁུ་ཚུར་གྱིས་གཞུས་པ་ལྟར་ནག་འཐོམས་མེར་གྱུར་སོང༌། རྒྱུ་མཚན་ནི། ཐོག་མར་སྤོབས་པ་ཞིག་སྐྱེས་པ་ལ་བོད་གཞིས་ལུས་མི་དམངས་ཀྱིས་དམངས་གཙོ་ཞེས་པའི་ལྟ་གྲུབ་འདི་ཤེས་དགོས་པ་རེད། མ་མཐར་ཡང་དམངས་གཙོའི་ཁེ་ཕན་རོབ་ཙམ་མཁྱེན་དགོས་པ་རེད། དེ་ལས་ལྡོག་སྟེ། རྒྱ་གཞུང་གིས་གཞིས་ལུས་མི་དམངས་ཚོར་དམར་ཤོག་གི་ལྟ་བ་བཤད་བཤད་ནས་སེམས་པ་དམར་ཆིལ་ལེར་བཏང་ཡོད་པ་རེད། གཞིས་ལུས་མི་དམངས་ཚོར་རེ་བ་ཞིག་འབྱུང་བ་ལའང་དང་པོར་བཀའ་བློན་ཁྲི་པ་ཟེར་ན་ག་རེ་རེད། ཁོང་ལ་དམིགས་བསལ་གྱི་ལས་འགན་ག་རེ་ཡོད། བོད་གཞིས་བྱེས་གཉིས་ཆིག་སྒྲིལ་བཟོ་བར་ནུས་པ་ག་རེ་ཡོད། ཁོང་གིས་བོད་རྒྱ་གཉིས་ཀྱི་གནད་དོན་ཐག་གཅོད་བྱེད་པར་འཇོན་ཐང་ག་རེ་ཡོད་པ་སོགས་ཤེས་དགོས་པ་རེད། འདི་དག་བོད་གཞིས་ལུས་མི་དམངས་ཀྱིས་ཤེས་ཀྱི་ཡོད་དམ། ངས་བལྟས་ན། ཕལ་ཆེར་ཤེས་ཀྱི་མེད་པ་འདྲ་པོ་རེད།
བཙན་བྱོལ་དུ་བཀའ་ཁྲི་ཞེས་ཟིང་ལོང་བྱས་འགོ་ཚུགས་ནའང༌། བོད་གཞིས་ལུས་མི་དམངས་ཚོས་བཀའ་ཁྲིའི་སྐོར་ལ་དོ་སྣང་ཅི་ཙམ་བྱེད་ཀྱི་ཡོད་དམ། ང་ལ་དཔེ་མཚོན་གཅིག་རེག་བྱུང༌། ཉེ་ཆར་བོད་ཀྱི་འབྲོག་ཕྱོགས་ཤིག་ཏུ་འཁྲབ་པའི་འཁྲབ་གཞུང་༼ མོ་བ་རེ་བ་ཁ ༽ཞེས་པ་ཐོན་པ་རེད། འཁྲབ་གཞུང་གི་བརྗོད་བྱ་ནི་མི་སྣ་གསུམ་གྱིས་སྡེ་བ་གསུམ་གྱི་སྡེ་དཔོན་ནི་མི་ཇི་འདྲ་ཞིག་དགོས་མིན་ཐད་གླེང་སློང་བྱས་པ་ཞིག་རེད། འཁྲབ་གཞུང་འདིའི་བསྟན་དོན་ངོ་མ་ནི། བཙན་བྱོལ་གྱི་བོད་ཆོལ་ཁ་གསུམ་གྱི་བོད་མི་ཚོས་སྐབས་གསུམ་པའི་བཀའ་བློན་ཁྲི་པ་དེ་མི་ཇི་འདྲ་ཞིག་འདེམས་དགོས་མིན་ཐད་འཁྲབ་གཞུང་གི་ལམ་ནས་གསལ་སྟོན་གནང་བ་ཞིག་རེད། འདིས་བོད་གཞིས་ལུས་མི་དམངས་ཀྱི་སེམས་ཁམས་མཚོན་གྱི་ཡོད་པ་རེད་ཅེས་གོ་བྱུང༌། འདིས་མི་རིགས་ཤིག་གི་སེམས་ཁམས་མཚོན་ག་ལ་ཐུབ། འཁྲབ་གཞུང་འདི་ནི་མི་གོ་རྟོགས་ཡོད་པ་ཞིག་གིས་བྲིས་པ་རེད། རྩོམ་པ་པོས་རང་གི་ལྟ་བ་འཁྲབ་གཞུང་དུ་ཕབ་པ་རེད། དེ་ནས་མི་གསུམ་གྱིས་འཁྲབ་པ་རེད། ཅི་ཙམ་བལྟས་ཀྱང་འཁྲབ་གཞུང་འདིའི་ནང་དུ་བོད་གཞིས་ལུས་མི་དམངས་ཀྱི་ད་ལྟའི་སེམས་ཁམས་ཀྱི་གཤིས་ཉམས་མངོན་གྱི་མེད་པ་རེད། ད་དུང༌། འཁྲབ་གཞུང་འདི་བོད་ནང་གི་བརྙན་འཕྲིན་གང་རུང་ཞིག་བརྒྱུད་མི་དམངས་ཚོར་བསྟན་ཡོད་དམ། གལ་སྲིད་བསྟན་ཡོད་ནའང༌། གཞིས་ལུས་མི་དམངས་ཚོའི་ནང་དུ་འཁྲབ་གཞུང་འདིའི་ཡང་སྙིང་གང་ཞིག་གླེང་གི་ཡོད་པ་ཤེས་མཁན་ག་ཚོད་ཅིག་ཡོད། དེ་འདྲ་རེད།
ད་འདི་འདྲ་ཞིག་བཤད། ང་ཚོ་བཙན་བྱོལ་བ་ཆགས་ནས་མི་ལོ་ལྔ་བཅུ་འགྲོ་གི་ཡོད་པ་རེད། བཙན་བྱོལ་བོད་གཞུང་གི་སྲིད་ཇུས་ལའང་འགྱུར་བ་མང་པོ་ཐེབས་པ་རེད། ཐོག་མར་བཙན་བྱོལ་བོད་གཞུང་གིས་རང་བཙན་གླེང་བ་རེད། དེ་ནས་རང་སྲིད་རང་སྐྱོང༌། ད་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སུ་གསལ་བའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་ཐོབ་ཐང་ཆུང་ཆུང་ཞིག་གླེང་གི་ཡོད་པ་རེད། བོད་གཞིས་ལུས་མི་དམངས་ཀྱིས་བཙན་བྱོལ་བོད་གཞུང་གི་སྲིད་ཇུས་ཀྱི་ལངས་ཕྱོགས་འདི་མཁྱེན་གྱི་ཡོད་དམ། བཙན་བྱོལ་བོད་གཞུང་གིས་ང་ཚོའི་སྲིད་ཇུས་ཀྱི་ལངས་ཕྱོགས་གཅིག་ཏུ་བསྡུས་ཏེ་ཤོག་བུ་དཀར་པོའི་ངོས་སུ་ཡི་གེ་ནག་པོ་བྲིས་ཏེ་རྒྱ་གཞུང་ལ་བསྐུར་གྱི་ཡོད། བོད་ཚིག་ཐོག་དང་རྒྱ་ཡིག་ཐོག་ཅེས་པའི་གཏམ་དཔེ་ཞིག་ཡོད། བོད་ཚིག་ཐོག་ཡིན་ན། ད་ཚིག་ཤོར་བ་རེད། ཚིག་ཐོ་འདི་དག་བོད་གཞིས་ལུས་མི་དམངས་ཀྱི་མངོན་འདོད་རེད་དམ། སྐབས་འདིར། “བོད་ཀྱི་གནད་དོན་གྱི་མཐའ་མའི་ཐག་གཅོད་བོད་གཞིས་ལུས་མི་དམངས་ཀྱིས་གནང་གི་རེད” ཅེས་པའི་གསུང་དུམ་འདི་ནི། མགོ་རྙོག་ཅིག་རེད་འདོད། དེ་བཞིན་བོད་གཞིས་ལུས་མི་དམངས་ཀྱིས་ང་ཚོའི་འཛིན་སྐྱོང་བཀའ་ཤག་དང༌། སྤྱི་འཐུས། ཁྲིམས་ཁང་ཞེས་དམངས་གཙོ་ཀ་བ་གསུམ་གྱིས་མཚོན་པའི་ལྷན་ཁང་གཞན་དག་ངོ་ཤེས་ཀྱི་ཡོད་དམ། ངས་ཞིབ་འཇུག་ཕྲན་བུ་བྱས་པ་ནོར་མེད་ན། བོད་གཞིས་ལུས་མི་དམངས་ཀྱིས་ྋརྒྱལ་བ་རིན་པོ་ཆེས་བོད་ཀྱི་སྲིད་ཕྱོགས་ཀྱི་ཐུགས་འགན་བཞེས་ཀྱི་ཡོད་པ་འདི་ཡང་མཁྱེན་གྱི་ཨེ་ཡོད་སྙམ། བོད་མི་ཚོའི་སེམས་ངོར་ྋརྒྱལ་བ་རིན་པོ་ཆེ་ནི་འཕགས་པ་སྤྱན་རས་གཟིགས་རེད། སངས་རྒྱས་རློན་པ་ཡིན་པས། ཆོས་ཀྱི་འཁོར་ལོ་བསྐོར་བཞིན་བཞུགས་ཀྱིན་ཡོད་སྙམ་པའི་ཚོད་དུ་གདའ། འདི་གནས་སྟངས་ངོ་མ་རེད། ད་གནས་སྟངས་འདི་ལ་འགྲེལ་བཤད་འདི་འདྲ་ཞིག་བྱེད་འདོད། དང་པོ་ནི་རྒྱ་ནག་གིས་བོད་ལ་འཛིན་པའི་སྲིད་ཇུས་ཀྱི་ཁ་སྟབས་བཙན་དྲགས་པ་དང༌། གཉིས་ནི་བཙན་བྱོལ་བོད་གཞུང་གིས་རང་ཡུལ་ལུང་པར་ལས་འགུལ་སྤེལ་མ་ཐུབ་པ་རེད། མ་རེད་དམ།
གནས་སྟངས་འདི་འདྲ་ཞིག་ཡིན་ནའང༌། ད་དུང་བོད་གཞིས་ལུས་མི་དམངས་ཀྱི་སེམས་པ་ྋརྒྱལ་བ་རིན་པོ་ཆེར་འཁྲེང་བཞིན་ཡོད་པ་ནི། དད་པ་ཞེས་པའི་གཟུགས་མེད་ཀྱི་སྟོབས་ཤུགས་འདི་རེད། འདི་ནི་བོད་གཞིས་བྱེས་གཉིས་སྦྲེལ་བྱེད་ཀྱི་རྣོ་སྐུད་ཕྲ་མོ་དེ་རེད། ྋརྒྱལ་བ་རིན་པོ་ཆེ་ནི་བོད་མི་ཚོའི་ཆོས་ཀྱི་དབུ་འཁྲིད་རེད། མགོ་ཐོག་གི་ཉི་མ་རེད། སྔས་མགོ་བླ་མ་རེད། ཆོས་ཕྱོགས་ནས་གངས་རིའི་མེ་ཏོག་གངས་ལ་ཕོག་པའི་ལྷ་སྐལ་རེད། སྐབས་རེར་བོད་མི་ཚོས་ྋརྒྱལ་བ་རིན་པོ་ཆེར་དད་པ་བྱེད་པ་འདི་ལས་ལྷག་ཅིག་ལུང་པ་གཞན་ན་ཨེ་ཡོད་དྲན། དེ་ཡིན་དུས། ད་བཙན་བྱོལ་བོད་གཞུང་གིས་བོད་གཞིས་ལུས་མི་དམངས་ཀྱི་མངོན་འདོད་དང་མ་བསྟུན་པར་ལས་ཀ་ཞིག་བྱས་ནའང༌། དད་པ་འདི་ལ་བརྟེན་ནས་ནོར་འཁྲུལ་ཡོད་ཚད་གུ་ཡངས་སུ་གཏོང་ཐུབ་པར་མ་ཟད། དད་པ་འདིས་གཞིས་བྱེས་གཉིས་ཆིག་སྒྲིལ་བཟོ་བ་དང༌། དད་པ་འདི་ལ་བརྟེན་ནས་སྲིད་ཇུས་ཀྱི་ཁ་ཕྱོགས་བསྒྱུར་ཐུབ་ཀྱི་འདུག མདོར་ན་དད་པ་འདི་ལ་འགག་རྫས་ལྟ་བུའི་ནུས་པ་ཞིག་འདུག བརྒྱ་ལ་བཤད་ཀྱང༌། ད་གནད་འགག་ྋརྒྱལ་བ་རིན་པོ་ཆེའི་སྒང་ན་འདུག ྋརྒྱལ་བ་རིན་པོ་ཆེའི་སྐུ་ཚེ་བརྟན་དགོས་པ་དེ་རེད། བདག་ཀྱང་བོད་མི་ཞིག་ཡིན་པའི་ཆ་ནས། ྋརྒྱལ་བ་རིན་པོ་ཆེ། ཁྱེད་ཀྱི་སྐུ་ཚེ་བརྟན་པར་ཤོག་ཅེས་ཞུ་བ་ཡིན།
༧རྒྱལ་བ་རིན་པོ་ཆེས། ང་ཚོར་སྡུག་པའི་བུ་ལ་བརྩེ་བའི་མ་བཞིན་བཀའ་སློབ་སྔ་རྗེས་སྩལ་བ་དཔེར་ན། རེ་བ་བཟང་ས་ནས་རྒྱོབ། གྲ་སྒྲིག་སྡུག་ས་ནས་བྱོས། ཁྱེད་ཚོས་བྱེད་མ་ཐུབ་པ་ང་ཏྰ་ལའི་བླ་མའི་མིང་ཐོག་ནས་བྱེད་དགོས་རིགས་ངས་བྱེད་ཀྱི་རེད་ཅེས་དང་། ཡང་། ངས་ཉིན་རེའི་འཛིན་སྐྱོང་གི་ལས་འཁུར་བྱེད་རྒྱུར་དུས་ཁོམ་ཡང་ཞེ་དྲག་མེད་པ་དང་། དགོས་པ་རྒྱུ་མཚན་ཡང་ཞེ་དྲག་མི་འདུག་ཅེས་སྔོན་ཚུད་ནས་ཡང་ཡང་གསུངས་ཡོད་པ་དྲན་གྱི་འདུག་མ་གཏོགས་དབུ་འཁྲིད་ཀྱི་འགན་འཁུར་བཞེས་ཀྱི་མིན་ཞེས་པ་ནམ་ཡང་གོ་མྱོང་མེད། བྱས་ཙང་འཛིན་སྐྱོང་གི་ཉིན་རེའི་ཕྱག་ལས་ནས་བགྲེས་ཡོལ་གནང་རྒྱུ་དང་། དབུ་འཁྲིད་ནས་བགྲེས་ཡོལ་གནང་རྒྱུ་གཉིས་ནམ་ཡང་གཅིག་པ་མིན་པ་གསལ་བཤད་དགོས་དོན་མེད། ང་ཚོས་གོ་ནོར་ཐེབས་ཏེ་རི་བོང་ཅལ་འདྲོགས་ཀྱི་དཔེ་ལྟར་བྱེད་ཀྱི་མེད་དམ་སྙམ་གྱི་འདུག། གང་ལྟར་ད་ལྟའི་གནས་སྐབས་སུ་བོད་མིའི་དབུ་འཁྲིད་ཀྱི་འགན་འཁུར་བཞེས་ཀྱི་མ་རེད་སྙམ་པའི་ང་ཚོ་སེམས་ཁྲེལ་དགོས་དོན་མེད་པ་མ་ཟད། གཞིས་བྱེས་རྒྱ་ཆེའི་མང་ཚོགས་ཀྱིས་ངོས་ལེན་ཡང་ཞུ་སྲིད་ཀྱི་མ་རེད། འོན་ཀྱང་༧རྒྱལ་བ་རིན་པོ་ཆེའི་བཀའ་སློབ་ལ་འགནའཁུར་མེད་པར་༧རྒྱལ་བ་རིན་པོ་ཆེས་མཁྱེན། ༧ སྐུ་ཚེ་ཁྲི་ཕྲག་བརྟན་པར་ཤོག། ཅེས་སྨོན་ལམ་རྒྱབ་པ་ཙམ་གྱིས་འགྲིགས་ཀྱི་ཨེ་ཡོད། དེ་བཞིན་གཤེགས་པ་སྟོན་པ་སྟེ། ཁྱེད་ཅག་རྣམས་ཀྱིས་བྱ་དགོས་སོ། ཞེས་པའི་རྒྱལ་བའི་གསུངས་དེ་དོན་ལ་གནས་པ་ཞིག་མ་རེད་པས། དེ་ནི་དཔེ་མཚོན་ཙམ་ལས་ཚང་མས་འགན་འཁུར་བཞེས་ཀྱི་མི་འདུག་ཞུ་གི་མེད་དོ།
ཡང་གཞིས་ལུས་མི་མང་གིས་༧རྒྱལ་བ་རིན་པོ་ཆེས་བོད་ཀྱི་སྲིད་ཕྱོགས་ཀྱི་ཐུགས་འགན་བཞེས་ཀྱི་ཡོད་པ་འདི་ཡང་མཁྱེན་གྱི་ཨེ་ཡོད་སྙམ་ཞེས་པའི་བསམ་ཚུལ་ལ་གུས་པའི་བསམ་ཚུལ་ཞིག་ཞུ་འདོད་བྱུང་། ༧གོང་ས་མཆོག་བོད་མིའི་ཆོས་སྲིད་གཉིས་ཀའི་དབུ་འཁྲིད་ཡིན་པ་གཞིས་ལུས་བོད་མིས་མཁྱེན་པ་ཙམ་དུ་མ་ཟད། གཞིས་བྱེས་བོད་མི་བརྒྱ་ཆ་དགུ་བཅུ་གོ་དགུ་ལྷག་གིས་ཡིད་འཆེས་བློས་འགེལ་གཙང་མའི་ཐོག་ནས་གུས་བརྩི་དང་། རེ་སྐྱབས་ཞུ་གི་ཡོད་པ་ཡང་གཞིས་ལུས་བོད་མིས་གསལ་ཐག་ཆོད་མཁྱེན་གྱི་ཡོད་ཅིང་། དེ་བཞིན་འཛམ་གླིང་མི་མང་གིས་ཀྱང་མཁྱེན་གྱི་ཡོད་པ་ཕྱི་གསལ་ནང་གསལ་རེད་དོ།
བོད་ནང་གི་བོད་མིའི་མཐོང་རྒྱ་ལ་དེ་ཙམ་མཐོང་ཆུང་བྱེད་རྒྱུ་མི་འདུག ལྷག་པར་དུ་དེང་སང་བཙན་བྱོལ་སྤྱི་ཚོགས་ཀྱི་གཡོ་འགུལ་གང་ཞིག་ཡིན་རུང་བོད་ནང་དུ་མྱུར་མོར་ཁྱག་འགྲོ་གི་ཡོད་པ་ཤེས་གསལ་རེད། དེ་སྔོན་བཀའ་བློན་ཁྲི་པས་ཀྱང་བཙན་བྱོལ་བ་ལས་བོད་ནང་གི་མི་དམངས་རྣམས་ཆབ་སྲིད་ཀྱི་གོ་རྟོགས་ཆེ་བ་འདུག་ཅེས་གསུངས་ཡོད། བོད་ནང་གི་ཤེས་ལྡན་མི་སྣ་ཁག་གིས་སྤྱི་ཚོགས་ཐོག་བརྒྱུད་སྒྲོག་བྱེད་པ་དང་། ཡང་རླུང་འཕྲིན་དང་བརྙན་འཕྲིན་བརྒྱུད་ལམ་ཁག་ནས་ཐད་ཀར་མཐོང་ཐོས་ཡོང་བཞིན་པ་སོགས་བཙན་བྱོལ་སྤྱི་ཚོགས་ལས་ཞན་པ་གང་ཡང་མེད། ཕྱོགས་གཞན་ཞིག་ནས་བཤད་ན་བཙན་བྱོལ་སྤྱི་ཚོགས་འདིར་དམངས་གཙོ་དང་རང་དབང་ཆེ་དྲགས་པས་དེ་ལ་དོ་སྣང་དེ་ཙམ་ཡོང་གི་མེད་པ་དང་། བོད་ནང་དུ་དམ་དྲག་ཆེ་དྲགས་པས་དེ་དག་ལ་ཧ་ཅང་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། དེར་བརྟེན་བཀའ་བློན་ཁྲི་པས་གསུངས་པ་དེར་རྒྱུ་མཚན་མེད་པ་ཞིག་གཏན་ནས་མ་རེད།
རྒྱལ་བ་རིན་པོ་ཆེས་བགྲེས་ཡོལ་གནང་རྒྱུའི་བཀའ་གནང་བ་དེར་དེ་ཙམ་གྱིས་ཞེད་སྣང་བྱེད་དགོས་པ་གང་ཡང་མེད། དཔེར་ན་ཨ་མས་ཕྲུ་གུ་ལ་ཀྱ་ཙེ་གོམ་ཙེ་སློབ་པ་དང་འདྲ་བ་རེད། སྐབས་ཤིག་ལ་ཨ་མས་ཕྲུ་གུ་རང་ཉིད་ཡར་ལང་སྟེ་འགྲོ་ཨེ་ཐུབ་བལྟ་བ་ལས་གཏན་དུ་ལག་མགོ་ནས་འཁྲིད་ཀྱི་མ་རེད། འོན་ཀྱང་ཨ་མས་ཕྲུ་གུའི་ལག་མགོ་ནས་བཏང་བ་ལས་ཐང་ལ་འགྱེལ་ན་ཡར་སྐྱོར་ངེས་རེད། དཔེ་དེ་དང་འདྲ། དེའི་ཕྱིར་ཐུགས་ཁྲེལ་དེ་ཙམ་གནང་དགོས་པ་ཡོད་རྒྱུ་མ་རེད།
དྲ་གྲོགས་ཁག་གཅིག་གིས་གནང་ཚུལ་ཁོ་ནར་བསམ་བློ་བཏང་བ་ལས་གནས་ཚུལ་དངོས་ལ་བསམ་བློ་གཏོང་མི་ཐུབ་པའི་ཞན་ཆ་འགའ་འདུག་སྙམ།༸གོང་ས་མཆོག་གིས་ད་ང་བགྲེས་ཡོལ་བྱ་རྒྱུ་ཡིན་ཞེས་དེ་སྔོན་ནས་གསུངས་མྱོང་པ་མ་ཟད་ལྷག་པར་དུ་ད་ལོ་ཡང་དམིགས་བསལ་གྱི་ཐེངས་མང་པོ་ཞིག་གསུངས་ཀྱི་ཡོད་པ་དངོས་ཡོད་རེད། དེ་ནི་༸གོང་ས་མཆོག་གི་བོད་མིའི་ལས་དོན་རྒྱབ་ཏུ་སྐྱུར་བ་ཞིག་ག་ལ་ཡིན་དེ་ལ་ཡང་དགག་བྱ་དགོས་པ་རྒྱུ་མཚན་དུ་མ་ཞིག་ཡོད་རེད་སྙམ།༸གོང་ས་མཆོག་གི་དགོངས་གཞི་ལ་སྐུ་ཉིད་མ་བཞུགས་པའི་ཉིན་དེ་ནས་བོད་རྩ་དོན་ཡལ་མི་འགྲོ་བར་བོད་མི་ཚོས་རྕ་དོན་ལ་ཐུ་ཤོར་མེད་པར་ཕྱག་ལས་སྔར་བཞིན་གནང་ཐུབ་པ་བྱ་རྒྱུ་དེ་ཡིན། མདོར་ན་༸གོང་ས་མཆོག་མ་བཞུགས་པའི་ཉིན་དེ་ནས་བོད་ཀྱི་གནད་དོན་དེ་འཇུག་ སྒྲིལ་བ་ཡིན་ནམ།
དེ་ཡིན་ན་ང་ཚོའི་དགྲ་བོས་གདེང་ཚོད་བྱས་པ་དེ་གནས་ལ་འཁེལ་བ་ཞིག་རེད་མི་འདུག་གམ། ༸གོང་ས་མཆོག་མ་བཞུགས་པའི་དུས་སྐབས་དེར་ངེད་ཚོར་དཀའ་ངལ་མི་ཉུང་པ་ཞིག་འཕྲད་རྒྱུ་ཡིན་པ་ཟུར་ལྟས་ལེབ་རེད་སྙམ། དེ་ཙམ་གྱིས་རང་རིགས་གཅིག་སྒྲིལ་མི་ཡོང་བའི་རྒྱུ་མཚན་དུ་དྲངས་པ་དེ་གླེན་པའི་ནང་གི་གླེན་པ་རང་རེད་སྙམ།
དེར་བརྟེན་དྲ་གྲོགས་ཚོས་འཆར་སྣང་ལས་དངོས་ཡོད་གནས་ཚུལ་གལ་ཆེ་བས་དངོས་ཡོད་གནས་ཚུལ་ཐོག་བསམ་བློ་མང་ཙམ་གཏོང་རོགས་གནང་ཞེས་འབོད་སྐུལ་བྱ་རྒྱུ་ཡིན།
མི་སྣང་བ་སྤྱི་པོ་ཁ་ཤས་ཀྱིས ལས་འགན་གང་མ་ཁེར་བར་གང་དྲ་པ་བསམ་བློ་ནོན་པོ་གཏང་ཡོད་ཁུལ་གྱིས་སྤྱི་ཚོགས་ཀྱི་ཞི་བདེ་ལ་རྨ་ཁ་བཟོ་བ་ནི་ནམ་ཡང་དག་ཐབས་མེད་རྒྱལ་ཁབ་ཀྱི་ནག་ཆེ་ཤོག་དེར་ངོས་འཛིན་བྱ་ཆོག་པ་ཡིན། ཡང་གཅིག་བཤད་ན་གོང་ས་མཆོག་དེང་དུས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་དུ་མ་བཞུགས་ན་སྔོན་རྒྱ་པོ་བླང་དར་སྐབས་ཀྱི་བོད་བཞིན་གཅིག་བསྒྲོལ་གྱི་ངོ་བོ་ལས་ཡོངས་སུ་ཁ་ཐགས་རིང་འགྲོ་ངེས་པས། ཁྱོད་ཀྱིས་བཤོད་དང་སྐབས་དེར་སུ་ཞིག་གིས་བོད་འདི་བསྐྱོབ་ཐུབ། དོན་ངོ་མ་བཤད་ན་གོང་ས་མཆཽག་མི་རིང་ཟླ་དྲུག་གི་ནང་གྲོས་ཚོགས་ནང་གང་ཉིད་བགྲས་ཡོལ་ཆ་ཚང་གནང་བའི་ཐུགས་རེ་ཡོད་གསུངས་པའི་དིན་ངོ་མ་ད་དུང་མ་གོ།
ནག་ཚང་ཞེས་འབོད་པའི་དྲ་འབུ་ཆུང་ཆུང་གྲོ་ཁོག་ཆེན་པོ་ཅན་བདག་གི་བྱ་བརྒྱ་འུར་གཅིག་གི་བཀའ་སྤྱི་འོས་བླུགས་པ་ལ་ནོར་སྐྱོན་འདུག་ལབ་ཀྱི་ཡོད།
དེ་མིན་༸གོང་ས་མཆོག་གི་ཁ་སང་གསར་དུ་གསར་འགོད་གསར་བསྒྲགས་དམིགས་གསལ་ཞིག་བྱས་བ་ལ་ཏན་ཏན་བསམ་བློ་གཏོང་དགོས་ཀྱི་འདུག་ལབ་ཀྱི་མ་གཏོགས་གཞན་ཁྱེད་འདྲ་བའི་འདྲེ་ཤར་དགོས་ཕྱོགས་སུ་གནས་བ་ལ་གླུད་ནུབ་སྒོ་གཏོང་མཁན་ཁྱེད་ཚོའི་རིགས་ལ་རྩ་བ་ཉིད་ནས་ཁ་ཡ་བྱེད་ཀྱི་མེད། ཁ་ཉིན་ཁྱེད་ཀྱིསཞེན་ཁོག་ཁོ་ནས་དྲ་གྲོགས་ཚོ་ངན་བྱེད་ག་ཚོད་བྱས་ཡོད། ང་ཁྱེད་ལ་རྩོད་པ་བྱེད་འདོད་མི་འདུག
ཆུ་ཚོད་འཕྲོ་བརླག་རེད། ཁྱེད་ཀྱི་སྐད་ཆ་དེ་ཚོ་མཐོང་ན་བདག་ངོ་ཚ་ཡ་མ་གཏོགས་མི་འདུག
གཟབ་གཟབ་བྱོས་ལོ།
༸གོང་ས་མཆོག་གིས་༼ང་ཡང་མི་ཡིན་པས་འགྲོ་བ་མིའི་ཐོབ་ཐང་དགོས་༽ཞེས་པ་དངོས་གནས་རེད་སྙམ།
༸གོང་ས་མཆོག་གིས་ངས་བོད་ཀྱི་ལས་དོན་ལ་རྩ་བ་དགོངས་པ་བཞེད་ཀྱི་མིན་ཞེས་གསུངས་མི་འདུག དེར་བརྟེན་༸གོང་ས་མཆོག་འགྲེས་ཡོལ་བཞུགས་ན་མི་ཆོག་མི་འདུག་སྙམ།
ལྷ྄ོཕྱོགས་ཉི་ཟླ་ལགས། མ་ཤེས་པ་ཤེས་ཁུལ་དང་རྩོམ་དོན་གོ་ལོག་ཏུ་མ་འཁྲིད་རོགས། རྒྱལ་བ་རིན་པོ་ཆེ་ཡི་སྐུ་ཚེ་བརྟན་རྒྱུ་དེ་སྲིད་འགན་འགན་སྤང་ནས་ཆོས་འགན་འཁུར་རྒྱུ་དེ་ཡིན་པ་གཞིས་ལུས་མི་མང་གི་མངོན་འོད་ཡིན་པ་གོང་དུ་གསུངས་ཟིན་པ་མ་གོའམ། གལ་སྲིད་རང་ལྟར་རྩོད་པ་རྒྱག་མཁན་ཡོད་ན་དགོངས་པ་ཆོས་དབྱངས་སུ་མྱུར་དུ་འཐིམས་འདོད་ཡོད་པ་དག་གི་བྱེད་བབ་ཡིན་པ་མཁྱེན་འཆུག དེ་ལྟར་མ་རེད་དམ།
སྐུ་ཞབས་གཡུང་དྲུང་ཚེ་རིང་ལགས་དངོས་དོན་དང་ལྡན་པ་ཞིག་སྤེལ་འདུག
བཙན་བྱོལ་སྤྱི་ཚོགས་ནང་དུ་མང་གཙོའི་ཁེ་ཕན་རང་དབང་གི་ཐོབ་ཐང་མང་པོ་ཞིག་མི་དམངས་བརྒྱ་ཆ་བདུན་ཅུའི་ད་རུང་ལེན་ཤེས་ཀྱི་མི་འདུག
ཁ་སང་དེ་ལ་༸གོངས་མཆོག་གིས་དབུ་ཁྲིད་ནས་ཟླ་དྲུག་ནང་ཚུད་དུ་དགོངས་པ་ཞུ་རྒྱུ་ཡིན་གསུངས་འདི་ཧ་ཅང་གི་གནད་འགག་ཆེན་པོ་ཞིག་རེད།
འདི་ལ་ངེས་པར་དུ་ཚང་མའི་ཐུགས་གནང་བཞེས་དགོས་བ་ཞིག་རེད།
༸གོང་དབུ་ཁྲིད་ལ་བཞུགས་པ་ཙམ་གྱི་རྩ་དོན་གནད་ཆེ་བ་དེ་ན་བསྒྲུབ་ཀྱིན་ཡོད་པ་ཚང་མའི་ཤེས་དགོས་བ་ཞིག་དང་དོ་སྣང་བྱེད་དགོས་བ་ཞིག་རེད།
འདི་ཚོ་ལ་བསམ་བློ་རེ་བཏང་ནས་མ་གྲོས་བསམ་པ་གཅིག་མཐུན་གྱི་ཁོང་བསྐྱར་དུ་དབུ་ཁྲིད་ལ་བཞུགས་རོགས་ཞུས་ན་མི་ལེགས་སམ།
ཚང་མའི་ཐུགས་བཞེས་རོགས་ཞུ་ཞུ།