༧གོང་ས་མཆོག་ལ་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཐོབ་སྟེ་མི་ལོ་ཧྲིལ་པོ་ ༢༡ འཁོར་བའི་དུས་དྲན་དང་སྟབས་བསྟུན་ཏེ། བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག ཟླ་འདིའི་ཕྱི་ཚེས་ ༡༠ ནས་ ༡༩ ཉིན་བར་ངྷ་ས་གཙུག་ལག་ཁང་གི་ཉེ་འཁྲིས་སུ་ཡོད་པའི་འགྲེམས་སྟོན་ཁང་དུ། ༧གོང་ས་མཆོག་གི་སྐུ་ཚེའི་མཛད་རྣམ་སྐོར་གྱི་པར་རིས་དང་གློག་བརྙན་ཁག་ཅིག་མང་ཚོགས་ལ་རིན་མེད་ཐོག་གཟིགས་འབུལ་ཞུ་རྒྱུ་ཡིན་འདུག་ལ། དེ་ཡང་ཕྱི་ཚེས་ ༡༠ ཉིན་༧གོང་ས་མཆོག་གི་མཛད་རྣམ་གློག་བརྙན་༼ སྐུ་མདུན ༽ཞེས་པ་དང་། ཚེས་ ༡༤ ཉིན་༼ བོད་ནང་ལོ་བདུན ༽ ཚེས་ ༡༥ ཉིན་༼ དེང་རབས་འཛམ་གླིང་ནང་ཀུན་ཁྱབ་འགན་འཁུར ༽ཞེས་པའི་བཀའ་སློབ་བཅས་གཟིགས་འབུལ་དང་། དེའི་རྗེས་༧གོང་ས་མཆོག་གི་སྐུ་ཚེ་སྟོད་དང་བཙན་བྱོལ་དུ་ཕེབས་རྗེས་སུ་ཐོབ་པའི་རྒྱལ་སྤྱིའི་གཟེངས་རྟགས་འདྲ་མིན་གྱི་སྐུ་པར། གཞན་ཡང་གྲགས་ཅན་མི་སྣ་དང་རྒྱལ་ཁབ་རིམ་པའི་དབུ་ཁྲིད་ཚོར་མཇལ་འཕྲད་གནང་བའི་སྐུ་པར་སོགས་མང་ཚོགས་ལ་གཟིགས་འབུལ་ཞུ་རྒྱུ་ཡིན་འདུག
དཔལ་ལྡན་གྱིས་བསྡུ་སྒྲིག་བྱས།